Terdzo-DA-048



Property "author" has been marked for restricted use.
Property "author" has been marked for restricted use.








Terdzo-DA-048.pdf
Click the picture above to view the Shechen manuscript.

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་

klong chen snying gi thig le las yang gsang bla ma'i sgrub pa thig le'i rgya can

by  འཇིགས་མེད་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jikme LingpaJamyang Khyentse Wangpo)
revealed by  འཇིགས་མེད་གླིང་པ་ (Jikme Lingpa)
in cycle  ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ (Yang gsang bla ma'i sgrub pa thig le'i rgya can)
parent cycle  ཀློང་ཆེན་སྙིང་གི་ཐིག་ལེ་ (Klong chen snying gi thig le)
Volume 11 (ད) / Pages 843-868 / Folios 1a1 to 13b3

Tibetan Text

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགས༔ ༔ གུ་རུ་ཨ་གྲ་ཧི་ན་མཿ ཡང་གསང་བླ་མའི་སྒྲུབ་པ་ནིཿ ཤིན་ཏུ་དབེན་ཞིང་ཡིད་མཐུན་པརཿ མཎྜལ་ཚོམ་བུ་ལྔ་པའི་སྟེངཿ བྷནྡྷ་དུམ་བུ་གསུམ་པའི་ནངཿ རིག་འཛིན་འདུས་པའི་སྲོག་འཁོར་དངཿ སེལ་མེད་དམ་རྫས་ཨ་མྲྀ་ཏཿ རིན་ཆེན་སྨན་དང་འབྲུ་སྣས་བཀངཿ སྟེང་ནས་དར་དམར་ལྡིང་གུར་ཕུབཿ མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམཿ བདེ་བའི་སྟན་ལ་བག་ཕབ་སྟེཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ཧཱུྃཿ ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའིཿ རང་རིག་དོན་གྱི་བླ་མ་ལཿ འཛིན་མེད་ངང་ནས་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་ནིཿ ཧོཿ སངས་རྒྱས་མེད་ལ་སེམས་ཅན་མེདཿ ཡིན་པ་མེད་ལ་མིན་པ་མེདཿ སོ་མ་རང་གདངས་ལྷུག་པའི་གདངསཿ རང་གྲོལ་ཆེན་པོར་སེམས་བསྐྱེད་དོཿ ལན་གསུམཿ གསུམ་པ་མཚམས་གཅོད་ནིཿ ཧྲཱིཿ གདོད་ནས་འཁོར་འདས་གཉིས་མེད་ལཿ བགེགས་དང་བར་ཆད་མིང་ཡང་མེདཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ངངཿ རྣམ་རྟོག་བག་ཆགས་མཚམས་གཅད་དོཿ ཛྙཱ་ན་བཛྲ་རཀྵ་ཧཱུྃཿ བཞི་པ་བྱིན་དབབ་མཆོད་རླབས་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལཿ མཁའ་ལ་འཇའ་ཚོན་ལྟ་བུར་ཤརཿ དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུནཿ རང་གྲོལ་ཆེན་པོར་བྱིན་གྱིས་རློབསཿ ཛྙཱ་ན་བཛྲ་ས་མ་ཡ་ཕཻཾ་ཕེཾཿ ཨོཾ་ཨཱཿཧཱུྃཿ ལན་གསུམ་བརྗོད་པས་མཆོད་རྫས་རློབཿ ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནིཿ ཧཱུྃཿ རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངསཿ དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུཿ རིག་པ་ཚད་ཕེབས་དོན་གྱི་ལྷཿ ཆོས་ཟད་མ་བཅོས་ཀློང་ཆེན་པཿ་་་བི་མ་ལཿ་་་ཞེས་ཀྱང་བསྒྱུར་ཆོག་པ་རྩ་བའི་མན་ངག །ཞི་འཛུམ་པཎྜི་ཏ་ཡི་ཆསཿ སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅནཿ སྣང་ལ་རང་བཞིན་མེད་པའི་ངངཿ སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགསཿ གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ དེ་ལས་འཕྲོས་པའི་འོད་ཟེར་གྱིསཿ དུས་གསུམ་བདེ་གཤེགས་རྩ་བ་གསུམཿ རིག་འཛིན་མཁའ་འགྲོ་རྒྱ་མཚོར་བཅསཿ མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམཿ དྲུག་པ་སྤྱན་འདྲེན་བྱ་བ་ནིཿ ཧཱུྃཿ རྣམ་རྟོག་བྲལ་བའི་ཕོ་བྲང་ནསཿ གདོད་མའི་མགོན་པོ་གཤེགས་སུ་གསོལཿ ཕྱོགས་ལྷུང་མེད་པའི་ཕོ་བྲང་ནསཿ དུས་གསུམ་བདེ་གཤེགས་གཤེགས་སུ་གསོལཿ འཇའ་ལུས་ཟང་ཐལ་ཕོ་བྲང་ནསཿ དཔལ་མགོན་བླ་མ་གཤེགས་སུ་གསོལཿ རིག་པ་སྐུ་རུ་སྨིན་པ་དངཿ འོད་ལུས་འགྲུབ་པར་བྱིན་གྱིས་རློབསཿ མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་ཛཿཛཿ བདུན་པ་བརྡ་ཕྱག་འཚལ་བ་ནིཿ ཧོཿ ལྷ་དང་རང་སེམས་དབྱེར་མེད་ངངཿ དམ་ཡེའི་འཛིན་པ་དག་བྱའི་ཕྱིརཿ བསམ་བརྗོད་བྲལ་བའི་བླ་མ་ལཿ སྤང་བླང་མེད་པར་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བརྒྱད་པ་མཆོད་པ་བྱ་བ་ནིཿ ཧཱུྃཿ ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུནཿ ཕྱི་ནང་གསང་བའི་མཆོད་སྤྲིན་དུཿ ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུནཿ འོད་གསལ་ཆེན་པོར་དག་པ་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ དགུ་པ་དོན་དམ་བསྟོད་པ་ནིཿ ཧྲཱིཿ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངངཿ རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགསཿ སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལཿ ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱིཿ བཅུ་པ་འཛབ་ཀྱི་དགོངས་པ་ནིཿ ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློངཿ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟངཿ མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅནཿ དེ་ཡི་ཙིཏྟའི་གུར་ཁང་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ རིག་འཛིན་འདུས་པའི་སྲོག་སྔགས་ཀྱིསཿ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོསཿ དུས་གསུམ་བདེ་གཤེགས་ཐམས་ཅད་དངཿ ཁྱད་པར་འོད་གསལ་རྫོགས་ཆེན་གྱིཿ རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལཿ ཚུར་འདུས་བདག་ལ་ཐིམ་པ་ཡིསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃཿ རྩ་སྔགས་ཡིག་འབྲུ་བཅུ་གཉིས་པཿ འབྲུ་འབུམ་དག་ཏུ་བསྙེན་པར་བྱཿ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཡིནཿ་་་འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །མཆན། ཉམས་དངོས་རྨི་ལམ་མ་ངེས་པརཿ ཞལ་མཐོང་གསུང་ཐོས་རིག་རྩལ་འཆརཿ གླེགས་བམ་ཆར་རྒྱུན་འབབ་པ་དངཿ སེང་གེ་གླང་ཆེན་ཞོན་སོགས་རྨིཿ ཁྱད་པར་ཉམས་རྟོགས་རྩོལ་མེད་འཆརཿ མ་བསླབ་ཆོས་ཀྱི་གཏེར་མཛོད་རྡོལཿ དེ་ཚེ་དངོས་གྲུབ་བླང་བར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨེ་མཿ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེརཿ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅནཿ གདོད་མའི་མགོན་པོ་ཀློང་ཆེན་པསཿ དཔལ་གྱི་བསམ་ཡས་མཆིམས་ཕུ་རུཿ ཁོ་བོའི་སྙིང་གི་དབུས་སུ་སྦསཿ ལོ་ལྔའི་བར་དུ་གསང་རྒྱ་བྱསཿ ད་ལྟ་དུས་ངན་སྙིགས་མའི་ཚེཿ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡངཿ གདུག་པ་ཞེ་སྡང་སྦྲུལ་གྱི་ལོརཿ ལྭ་བ་དཀར་པོའི་ལྡིང་གུར་ནངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ འདི་ནས་ལོ་གསུམ་འདས་པ་ནཿ ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུངཿ བཛྲའི་མིང་ཅན་སྙིང་སྟོབས་ཆེཿ ཛྙཱ་ནའི་མིང་ཅན་གྲུབ་པའི་གཙོཿ རིགས་ལྔའི་མིང་འཛིན་སྙན་ངག་མཁནཿ དེ་དག་རྣམས་ལ་ཆོས་སྒོ་འབྱེདཿ ཅེས་པའི་ལུང་བསྟན་ཇི་བཞིན་དུཿ བརྒྱུད་འཛིན་སྙིང་གི་བུ་རྣམས་དངཿ ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱིསཿ བསྐུལ་ངོར་ཟབ་དོན་བཀའ་རྒྱ་བཀྲོལཿ སྨན་བཙུན་ཚེ་རིང་མཆེད་ལྔ་དངཿ གཟའ་རྒོད་སྲོག་གི་སྤུ་གྲི་ཡིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ལས་ཅན་རྣམས་ཀྱི་དཔལ་དུ་ཤོགཿ ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་དཔྱིད། །སྒྱུ་འཕྲུལ་དྲྭ་བའི་ལང་ཚོ་ལ་ཆགས་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་མཚན་དཔེའི་ཞལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་རོལ། །གང་གི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེར། །རྨད་བྱུང་ཚོགས་གཉིས་དགའ་སྟོན་འཕེལ་བའི་སླད། །བསོད་ནམས་སྤྲིན་གྱི་འཛུམ་དཀར་ལས་འོངས་པའི། །དོན་བཟང་གཏམ་གྱི་རོལ་མོ་གསར་པ་སྤྲོ། །དེ་ལ་འདིར་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་འཁོར་ལོའི་ཡན་ལག་རྩ་བར་མ་གསལ་བ་དག་སྤྲོས་པ་ལ་དགའ་བས་བྱ་བར་འདོད་པའི་ཚེ། གཞུང་ནས་བཤད་པའི་ཡོ་བྱད་སྤྱི་དང་། བྱེ་བྲག་ཏུ་ཐབས་ཤེས་བཟའ་བཏུང་གི་འབྱོར་པ་གྱ་ནོམ་པ་བཅས་བཤམས་ནས། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། སྐབས་སུ་བབ་པ་ན། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱངས་པའི་རྗེས། དང་པོ་བྱིན་གྱིས་བརླབ་པ་ནི། ཧྲཱིཿ གཟུང་བ་རྣམ་དག་ཡེ་ཤེས་ཀ་པཱ་ལར། །འཛིན་པ་རང་གྲོལ་བླ་མེད་དམ་ཚིག་རྫས། །ཟུང་འཇུག་འོད་གསལ་དབུ་མར་སྦྱར་བ་ལས། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་དུ་གྱུར། །རཾ་ཡཾ་ཁཾ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། །ཧྲཱིཿ གཞི་དབྱིངས་ཀ་དག་དོན་གྱི་ཕོ་བྲང་ནས། །གཞི་སྣང་ལྷུན་གྲུབ་མཚན་དཔེར་ཤར་བའི་དཔྱིད། །རིག་འཛིན་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛཿཛཿ གསུམ་པ་ཚོགས་ཕུད་འབུལ་བ་ནི། །ཧྲཱིཿ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་བྷནྡྷ་རུ། །ཕུང་ཁམས་སྐྱེ་མཆེད་རང་གསལ་གཏོར་མར་ཤར། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །གདན་གསུམ་ལྷ་སྐུར་སྨིན་པའི་དངོས་གྲུབ་སྩོལ། །འོད་གསལ་ཨ་བ་དྷཱུ་ཏིའི་བྷནྡྷ་རུ། །ཟག་བཅས་འགྲོ་འོང་རླུང་ཁམས་གཏོར་མར་ཤར། །བླ་མ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །སྲོག་རྩོལ་དབུ་མར་ཐིམ་པའི་དངོས་གྲུབ་སྩོལ། །རྩ་གསུམ་འཁོར་ལོ་བཞི་ཡི་བྷནྡྷ་རུ། །ལུགས་འབྱུང་ཐིག་ལེ་རྣམ་བཞི་གཏོར་མར་ཤར། །བླ་མ་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སྙིང་དབུས་མི་ཤིགས་ཕྱག་རྒྱའི་བྷནྡྷ་རུ། །དུག་གསུམ་རྟོག་ཚོགས་རང་གྲོལ་གཏོར་མར་ཤར། །བླ་མ་ངོ་བོ་ཉིད་སྐུའི་ཐུགས་དམ་བསྐང་། །ཀ་དག་ལྷུན་གྲུབ་དབྱེར་མེད་དངོས་གྲུབ་སྩོལ། །ཐབས་ཤེས་ཟུང་འཇུག་རིན་ཆེན་བྷནྡྷ་རུ། །གཙང་རྨེའི་འཛིན་པ་བྲལ་བའི་ཚོགས་གཏོར་བཤམས། བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐང་། །གཟུང་འཛིན་དབྱིངས་སུ་གྲོལ་བའི་དངོས་གྲུབ་སྩོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བར་པ་བཤགས་པ་ནི། །ཧྲཱིཿ ཡོངས་གྲུབ་རིག་པ་ཀུན་ཁྱབ་རྡོ་རྗེ་སེམས། །ཀུན་བརྟགས་འཁྲུལ་པར་འཁྱམས་པའི་གཞན་དབང་གིས། །སྡོམ་དང་དམ་ཚིག་འགལ་བའི་སྒྲིབ་པ་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། །ཧྲཱིཿ ལུགས་འབྱུང་འཁོར་བར་འཁྲུལ་པའི་དགྲ་དང་བགེགས། །རང་གྲོལ་གཉུག་མ་དོན་གྱི་མཚོན་ཆས་བསྒྲལ། །ཕུང་ཁམས་སྐྱེ་མཆེད་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར། །རུ་དྲ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི། བར་འདིར་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ཞིང་ཚོགས་ལ་རོལ་མཐར་ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་གདབ། སྤྲོ་ན་བདག་ཉིད་འཇུག་པའི་ཆོ་གས་ལམ་དབང་ཡང་བླང་བར་བྱའོ། །དྲུག་པ་ལྷག་མ་བསྔོ་བ་ནི། །ཨ་ཀཱ་རོས་བརླབ། ཕེཾ་ཕེཾ། གཅིག་དང་དུ་མ་ལས་འདས་ཡེ་ཤེས་གར། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་ཕམ་ཕབ་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། །ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། བདུན་པ་ཐུགས་དམ་བསྐུལ་བ་ནི། །གདུང་བའི་དབྱངས་དང་རོལ་མོར་བཅས། །ཧྲཱིཿ ཀ་དག་ནང་གསལ་ཁྱད་ཆོས་དྲུག་ལྡན་ལས། །ལྷུན་གྲུབ་ཕྲ་བའི་ཡེ་ཤེས་ཆེན་པོའི་རྩལ། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་གར། །རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་ལམ་ནས། །སྣང་བཞི་མཐར་ཕྱིན་དྲི་མེད་བཤེས་གཉེན་ཞབས། །འཇའ་ལུས་འཕོ་ཆེན་རྡོ་རྗེའི་རོལ་མོ་ཅན། །ཀུན་མཁྱེན་བླ་མའི་ཐུགས་རྗེའི་དུས་ལ་བབ། །རྒྱལ་བསྟན་སྙིགས་མར་གྱུར་པའི་གཞན་དབང་གིས། །ཡིད་དཔྱོད་མཚན་མའི་གདུང་བས་ཉམ་ཐག་ཚེ། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །དགོངས་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་སྒྲིགས། །གཞི་གྲོལ་གཉུག་མའི་བདེན་དོན་རྟོགས་པའི་མཐུས། །བློས་བྱས་འཁྲུལ་པའི་སྣང་ཆ་སྤྲིན་བཞིན་དེངས། །མཉམ་པར་མ་བཞག་མེད་པའི་ཡེ་ཤེས་ཀློང་། །སྤོབས་པའི་གཏེར་མཛོད་གྲོལ་བའི་དབང་མཆོག་སྐུར། །མངོན་སུམ་ཆོས་ཉིད་མཐོང་ཞིང་གོམས་པ་ལས། །གོང་འཕེལ་དབྱིངས་ཀྱི་བཀོད་པ་ལྷུན་གྲུབ་སྦུབས། །སྐུ་དང་ཞིང་ཁམས་ཚད་ལ་ཕེབས་པ་དང་། །ཆོས་ཉིད་ཟད་སར་སྐྱེལ་བའི་ཕྲིན་ལས་མཛོད། །བརྒྱད་པ་ཆད་ཐོ་བྱ་བ་ནི། །ཧྲཱིཿ །དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་བསྟན་པའི་ཚེ། །དབང་བསྐུར་དམ་མནོས་སྲུང་མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མ་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །ཀློང་གསལ་དགོངས་པའི་གཏེར་རྒྱ་བཀྲོལ་བའི་དུས། །བསྟན་པ་སྐྱོང་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །དགུ་པ་བརྟན་མ་སྐྱོང་བ་ནི། །བཤལ་ཆུ་ཨོཾ་ཨཱཿཧཱུྃ་གིས་བརླབ། །ཧྲཱིཿ ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་སྣང་ཆ་ཀུན། །བདེ་སྟོང་དྷཱུ་ཏིར་ཐིམ་པའི་ཡེ་ཤེས་རྩལ། །བོད་སྐྱོང་བརྟན་མའི་ཚོགས་རྣམས་གཏོར་མ་ལོངས། །གངས་ཅན་སྐྱེ་འགྲོ་བདེ་བའི་ཕྲིན་ལས་མཛོད། །མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི། བཅུ་པ་མནན་པ་བྱ་བ་ནི། །ཧྲཱིཿ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་ཀློང་། །གཉིས་འཛིན་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན། །མནན་ནོ་ཀ་དག་དོན་གྱི་རྒྱས་བཏབ་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །སཏྭཾ་བྷ་ཡ་ནན། བཅུ་གཅིག་དངོས་གྲུབ་བླང་བ་ནི། །མཆོད་ཅིང་བསྟོད་ལ། ཧྲཱིཿ གདོད་ནས་གྲོལ་བའི་རིག་པ་བྱང་ཆུབ་སེམས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། །རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམ་ལགས་ན། །དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་པས། །གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཆོས་རྣམས་ཀུན། །གསང་བ་གསུམ་གྱི་ཐིག་ལེར་མཉམ་སྦྱོར་བས། །སྐུ་བཞིའི་གོ་འཕང་ལྷུན་གྱིས་གྲུབ་པར་སྩོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ བཅུ་གཉིས་ནོངས་པ་བཤགས་པ་ནི། །ཧྲཱིཿ རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ལ། །བཤགས་དང་བཤགས་པར་བྱ་བ་ལས་འདས་ཕྱིར། །སྣང་ཚུལ་གློ་བུར་འཁྲུལ་པའི་དྲི་མ་ཀུན། །བདེན་མེད་སྒྱུ་མའི་དབྱིངས་སུ་དག་གྱུར་ཅིག །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། །བཅུ་གསུམ་རྟག་ཆད་མཐའ་བསལ་བ། །ཧྲཱིཿ རྟག་ཏུ་འོད་གསལ་སེམས་ཉིད་ཐིག་ལེ་ཆེར། །བསྐྱེད་དང་རྫོགས་པའི་སྤྲོ་བསྡུ་མ་དམིགས་ཀྱང་། །བརྟན་གཡོ་སྣང་སྲིད་བླ་མའི་དཀྱིལ་འཁོར་ལྷ། །ཟུང་འཇུག་རིག་སྟོང་རྗེན་པའི་དབྱིངས་སུ་ཡལ། ཨ་ཨ་ཨཿ སླར་ཡང་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རོ་གཅིག་པས། །གང་འདུལ་ཐབས་མཁས་འཇུག་པའི་ཕྲིན་ལས་ཀྱིས། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པར་བྱ། །བཛྲ་ཛྙཱ་ན་བྷྲཱུྃ། བཅུ་བཞི་པ་བསྔོ་སྨོན་བྱ་བ་ནི། །ཧྲཱིཿ རྟག་དང་ཆད་པའི་ཕ་མཐའ་ལས་བརྒལ་བའི། །རིམ་གཉིས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ། །འཁོར་གསུམ་ཡོངས་གྲོལ་དབྱིངས་སུ་བསྔོས་པའི་མཐུས། །ཀུན་ཀྱང་རྣམ་ཀུན་མཆོག་ལྡན་ཐོབ་པར་ཤོག །བཅོ་ལྔ་ཤིས་པ་བརྗོད་པ་ནི། །ཧྲཱིཿ གདོད་མའི་མགོན་པོ་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །དགོངས་བརྒྱུད་འཕོ་བ་ཐོབ་པའི་བཀྲ་ཤིས་ཤོག །སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི། །ཀ་དག་ལྷུན་གྲུབ་དབྱེར་མེད་རྟོགས་པ་རྒྱས། །རང་སྣང་དབང་འདུས་རླུང་སེམས་དབུ་མར་བསྒྲལ། །མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པས་མཐའ་རྒྱས་པར་བྱའོ། །བཅུ་དྲུག་ཕན་ཡོན་བསྟན་པ་ནི། །རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོགས་སྨོས་ཀྱིས་མི་ལྡང་བ་ཡོད་དོ། །གཟོད་ནས་དྲི༷་མེད་༷་ཟབ་གསལ་རྡོ་རྗེའི་དབྱིངས། །སྙིང་རྗེའི་འོད༷་ཟེར༷་སྟོང་དུ་འབར་བའི་དཔྱིད། །ཡོངས་རྫོགས་བསྟན་པའི་ཉི་མ་གསར་པ་ཞིག །སྐལ་བཟང་གྲུབ་པའི་མཁའ་ལ་རྟག་ཏུ་ཤར། །མགོན་དེའི་སྒྲུབ་པའི་ཐབས་ཚུལ་ཉི་གཞོན་གྱིས། །དྲང་པའི་བློ་གྲོས་ཨུཏྤལ་མིག་བྱེ་བས། །ཚོགས་མཆོད་བསོད་ནམས་སྦྲང་རྩིའི་སྤྲིན་གྱི་རྒྱུན། །དོན་གཉེར་ར་ཡིག་གཉིས་པའི་གསོས་སུ་སྨིན། །དེ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་དེས། །འགྲོ་ཀུན་ནང་གི་དེ་ཉིད་ལ་བརྟེན་ནས། །ས་བཅུ་ལམ་ལྔའི་ཕ་མཐའ་ལས་བརྒལ་བའི། །གྲགས་པས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག །ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཟབ་མོའི་ཕྱོགས་ནས་དྲངས་པའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ཚོགས་མཆོད་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དག་གིས་ཡུན་རིང་དུ་གསོལ་བ་བཏབ་པའི་ངོར། ལམ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པས་སྨྲ་བའི་སྐལ་བཟང་ཅུང་ཟད་ཐོབ་པ། གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་དབེན་པའི་བྲག་སྐྱིབས་ཤིག་ཏུ་གང་ཤར་ཡུད་ཙམ་ལ་སྦྱར་བ་ལས་སླར་ཡང་གསལ་བར་བགྱིས་པའོ། །སརྦ་མངྒ་ལཾ་བྷཱུ་ཡཱ་ཏྲ། ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། དྲི་མེད་ཀ་དག་ཆོས་ཀྱི་སྐུ །མཁྱེན་བརྩེའི་འོད་ཟེར་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་ཅན། །ཕྱག་འཚལ་རིག་འཛིན་བླ་མ་ལའོ། །གང་དེའི་རྡོ་རྗེའི་རྣལ་འབྱོར་དང་། །རྗེས་སུ་འབྲེལ་བའི་སྨིན་བྱེད་ཀྱིས། །རྣམ་གྲོལ་ཡེ་ཤེས་མཆོག་སྦྱིན་པ། །སྐལ་བཟང་སློབ་མའི་དོན་དུ་དབྱེ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བྱིན་རླབས་བཀྲ་ཤིས་འབྱུང་བའི་སར། །མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །དཀྱིལ་འཁོར་དམར་ཟླུམ་བཀོད་ལེགས་སྟེང་། །ཕྱི་ནང་གསང་བའི་དབང་རྫས་དང་། །ཚོགས་ཀྱི་མཆོད་གཏོར་བཟང་དུ་བཤམ། །བསྙེན་རྫོགས་རྟོགས་ལྡན་རྣལ་འབྱོར་པས། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་འཇུག་པའི་རྗེས། །དད་ལྡན་དམ་ཚིག་སྲུང་ནུས་པའི། །སློབ་མ་ཁྲུས་བྱས་གྲལ་ལ་འཁོད། །བགེགས་ཕྲལ་སྲུང་བའི་འཁོར་ལོ་བསྒོམ། །ལོ་རྒྱུས་མཚམས་སྦྱར་མཎྜལ་འབུལ། །དེ་ནས་གསོལ་བ་གདབ་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །རྡོ་རྗེའི་སློབ་དཔོན་བདག་ལ་དགོངས། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ལན་གསུམ་སྐྱབས་སེམས་སྡོམ་གསུམ་སྦྱིན། །ཡེ་ཤེས་དབབ་ཅིང་གཉིས་མེད་བསྟིམ། །དེ་ནས་བུམ་པ་སྤྱི་བོར་བསྐུར། ཧྲཱིཿ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ། །ལྷུན་གྲུབ་སྣང་སྟོང་བླ་མའི་དཀྱིལ་འཁོར་ཤར། །ཟུང་འཇུག་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་དག་པར་ཤོག །རྩ་སྔགས་དང་། ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྗེས་འབྲེལ་བསྐྱེད་པའི་རིམ་པ་དང་། །བཞུགས་སྟངས་རྣམ་པ་གསུམ་ལ་བསླབ། །བླ་མའི་སྣང་བརྙན་སྤྱི་བོར་བཞག །ཨོཾ། རིག་གདངས་ཆོས་ཉིད་མངོན་སུམ་གཞལ་ཡས་སུ། །ཉམས་སྣང་གོང་འཕེལ་འཇའ་ཟེར་ཐིག་ལེའི་ཀློང་། །རིག་པ་ཚད་ཕེབས་དོན་གྱི་བླ་མའི་སྐུས། ཆོས་ཟད་བློ་འདས་ཆེན་པོར་དབང་བསྐུར་རོ། །བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་མི། མྱོང་གྲོལ་བདུད་རྩི་མགྲིན་པར་སྦྱིན། །ཧྲཱིཿ ཕྱི་སྣོད་རྩ་གསུམ་འཁོར་ལོའི་བྷནྡྷ་རུ། །ནང་བཅུད་བདེ་ཆེན་བྱང་སེམས་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །སྲོག་རྩོལ་དབུ་མའི་དབྱིངས་སུ་རྫོགས་པར་ཤོག །སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་གཟིགས་སྟངས་རྣམ་གསུམ་དང་། །རླུང་གི་གནད་ལ་བསླབ་པའི་རྗེས། །ཐུན་མོང་བཟླས་པའི་ལུང་སྦྱིན་ཞིང་། ཁྱད་པར་རིག་འཛིན་སྲོག་འཁོར་ནི། །ཚར་གཅིག་བཀླགས་ལ་སྤྱི་བོར་བཞག །ཨཱཿ སྲས་བཅས་རྒྱལ་བ་ཀུན་གྱི་རྡོ་རྗེའི་གསུང་། །ཡི་གེའི་འཁོར་ལོར་ཤར་བས་དབང་བསྐུར་བས། །ལས་རླུང་ཡེ་ཤེས་ཁམས་སུ་རྣམ་དག་པའི། །ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྒྱུར་ཤོག །བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་མི། ཤེས་རབ་གཟུང་མ་བྱིན་བརླབས་སྦྱིན། །ཧྲཱིཿ བཅུ་དྲུག་དགའ་བ་སྟོང་པའི་ཕོ་ཉ་མོ། །ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་ཅིང་། །ལྷན་སྐྱེས་ཐར་པ་བསྟེན་པའི་དབང་བསྐུར་བས། །རྟོག་ཚོགས་བདེ་སྟོང་ཆེན་པོར་སྨིན་པར་ཤོག །དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྡོར་སེམས་ཡབ་ཡུམ་ང་རྒྱལ་གྱིས། །སྙོམས་འཇུག་བདེ་ཆེན་ཡེ་ཤེས་བསྐྱེད། །རྗེས་འབྲེལ་བདེ་སྟོང་དོན་ངོ་སྤྲོད། །ཌཱ་མ་རུ་དང་ཁ་ཊྭཱཾ་སོགས། །བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་སྦྱིན། །ཧཱུྃ། ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་ཀུན། །རྡོ་རྗེའི་བརྟུལ་ཞུགས་གཅིག་གིས་བགྲོད་པའི་སླད། །དཔའ་བོ་ཌཱ་ཀིའི་ཕྱག་རྒྱས་དབང་བསྐུར་བས། །ཉེ་རྒྱུའི་སྤྱོད་པས་འབྲས་བུ་མཐར་ཕྱིན་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩ་མི། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན། །ཧྲཱིཿ གཞི་དབྱིངས་ཀ་དག་གཉུག་མའི་དྭངས་ཤེལ་ལས། །གཞི་སྣང་ལྷུན་གྲུབ་རིག་པའི་འཇའ་ཟེར་ཤར། །ཟུང་འཇུག་དཔེ་དོན་འབྲེལ་བའི་དབང་བསྐུར་བས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཤོག །ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ རྗེས་འབྲེལ་གཉིས་ཀས་མཉམ་གཞག་ངང་། །ཨ་ཞེས་དགོངས་པའི་དྲོད་གཏད་ཅིང་། །ཕཊ་ཀྱིས་རིག་རྩལ་གོང་དུ་སྤར། །ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་དང་། །སྣང་བཞིའི་འཆར་ཚུལ་ངོ་སྤྲད་ཅིང་། །སྙིང་ཏིག་གླེགས་བམ་སྤྱི་བོར་བཞག །ཨོཾ་ཨཱཿཧཱུྃ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། །ཛྙཱ་ན་སཱུ་ཏྲ་འཆི་མེད་པདྨ་འབྱུང། །འོད་གསལ་སྙིང་པོའི་ཤིང་རྟ་བི་མ་ལ། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས། །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར། །སྒྲར་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་གནས་ལུགས་རྟོགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག །བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མི། རྗེས་སུ་ཤིས་བརྗོད་མེ་ཏོག་འཐོར། །དམ་ཚིག་ཁས་བླང་གཏང་རག་ཕུལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང་། །རྡོ་རྗེའི་གླུ་དང་གར་ལ་རོལ། །དེ་ལྟར་རིགས་རྣམས་ཀུན་འདུས་པ། །ཡང་གསང་བླ་མའི་སྒྲུབ་པ་ནི། །འོད་གསལ་ཐིག་ལེའི་རྒྱ་ཅན་གྱི། །སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་འདི། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་འཇིགས་པ་མེད་པས་སྦྱར། །དགེ་བས་སྐལ་བཟང་སློབ་མ་རྣམས། །ཀུན་མཁྱེན་བླ་མའི་ཡེ་ཤེས་སྐུས། །མངོན་སུམ་ཉིད་དུ་རྗེས་བཟུང་ནས། །གདོད་མའི་གཞི་དབྱིངས་གྲོལ་གྱུར་ཅིག །ས་མ་ཡ། གུ་ཧྱ། ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ལས། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་བཞུགས། ན་མོ་བི་མ་ལ་རསྨི་པཱ་དཱ་ཡ། གྲུབ་པའི་བདུད་རྩིས་སྐལ་བཟང་ལ། །གྲུབ་གཉིས་དགའ་སྟོན་མཆོག་སྦྱིན་པ། །གྲུབ་པའི་རིལ་བུའི་སྦྱོར་བ་ནི། །གྲུབ་རིག་རྒྱ་མཚོའི་གསུང་བཞིན་སྤེལ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བཀྲ་ཤིས་བྱིན་ཆགས་སྒྲུབ་ཁང་དུ། །ཡར་མར་མཁའ་འགྲོ་འདུ་བའི་དུས། །བཟང་དྲུག་འབྲས་གསུམ་གཙོར་གྱུར་པའི། །སྨན་སྣ་ཚོགས་པའི་ཕྱེ་མ་ལ། །ཨ་མྲི་ཏ་དང་སྐྱེ་བདུན་ཤ །ཕབས་གཏའི་ཚུལ་དུ་ལེགས་བཏབ་སྟེ། །གུར་གུམ་ཆུ་ཡིས་རིལ་བུ་བྱ། བྷནྡྷ་དུམ་བུ་གསུམ་པར་བླུགས། །དེ་སྟེང་རིག་འཛིན་སྲོག་འཁོར་དང་། ཁ་གཅོད་མཁར་བའི་མཎྜ་ལར། །རྡོ་རྗེ་སེམས་དཔའི་མེ་ལོང་དགོད། །དར་དམར་ལྡིང་གུར་མཛེས་པར་དབུབ། །སྨན་རཀ་གཏོར་ཚོགས་མཆོད་པས་བསྐོར། །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས། །རང་ཉིད་གཉུག་མའི་ཧེ་རུ་ཀའི། །གསལ་སྣང་རྫོགས་པའི་ང་རྒྱལ་བཅས། །བགེགས་བསྐྲད་སྲུང་འཁོར་ནན་ཏན་བྱ། །མོས་གུས་གདུང་བའི་ཤུགས་བསྐྱེད་ལ། །སྤོས་རོལ་དང་བཅས་ཡེ་ཤེས་དབབ། །གནས་དང་མཆོད་རྫས་བྱིན་གྱིས་བརླབ། །དངོས་གཞིར་བདག་མདུན་དབྱེར་མེད་པའི། །བསྐྱེད་བཟླས་རྗེས་སུ་འཛབ་ཁང་དབྱེ། །བདག་གི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །རྡོ་རྗེའི་གཟུངས་ཐག་ལ་བརྟེན་ནས། །བདེ་སྐྱོང་བུམ་པའི་ནང་དུ་སོང་། །རིག་འཛིན་བླ་མའི་ཐུགས་རྒྱུད་བསྐུལ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་མཆོད་འགྲོ་ཀུན་སྨིན་གྲོལ་བཀོད། །རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །བརྟན་དང་གཡོ་བའི་དྭངས་བཅུད་སོགས། །དངོས་གྲུབ་རྣམ་གཉིས་ཚུར་བསྡུས་ནས། །བླ་མའི་གནས་གསུམ་ཐིམ་པ་ཡིས། །མཆོག་ཏུ་མི་འགྱུར་བདེ་བས་མཉེས། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །དཔག་མེད་བབས་ནས་རིལ་བུར་ཐིམ། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ། །དབྱངས་གསལ་རྟེན་སྙིང་དང་བཅས་པའི། །རྩ་སྔགས་ཆུ་བོའི་གཞུང་བཞིན་བཟླ། །སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན། །ཐུན་དྲུག་ཚོགས་ཀྱི་འཁོར་ལོས་མཆོད། །དེ་ལྟར་རྩེ་གཅིག་འབད་པ་ཡིས། །དངོས་ཉམས་རྨི་ལམ་མ་ངེས་པར། །རིག་འཛིན་བླ་མའི་ཞལ་མཐོང་ཞིང་། །ལུང་བསྟན་དབུགས་དབྱུང་ཐོབ་པ་དང་། །འོད་དང་སྒྲ་དང་དྲི་བཟང་འཐུལ། །བྷནྡྷ་འཕར་དང་རིལ་བུ་འཕེལ། །དེ་སོགས་འགྲུབ་པའི་རྟགས་མཐོང་ནས། །རིལ་བུ་རིགས་འདུས་བླ་མར་བསྐྱེད། །བདག་འཇུག་ཚུལ་གྱིས་དངོས་གྲུབ་བླང་། །གཞན་ལ་སྨིན་བྱེད་ཆོ་གས་སྦྱིན། །འདིས་ནི་ནད་གདོན་སྡིག་སྒྲིབ་ཞི། །ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས། ཁྱད་པར་རིག་འཛིན་བརྒྱུད་པ་ཡིས། །བྱིན་རླབས་ཉམས་རྟོགས་རྩོལ་མེད་འཆར། །ཕྱི་མ་མཁའ་སྤྱོད་རྡོ་རྗེའི་ཞིང་། །དཔའ་བོ་ཌཱ་ཀིའི་གཟུགས་སུ་འགྱུར། །དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས། །ས་མ་ཡ། ཞེས་པའང་གཏེར་གཞུང་རྩ་བའི་རྡོ་རྗེའི་ཚིག་གི་དགོངས་པ་ལས་ཀུན་མཁྱེན་བླ་མའི་བྱིན་རླབས་ལས་རང་ཤར་བའི་ཚུལ་གྱིས་རྣལ་འབྱོར་པ་ཨ་བྷཱ་ཡས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་སྦྱར་བའོ། ༈ །ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བི་མ་ལ་རསྨི་པཱ་དཱ་ཡ། དྲི་མེད་འོད་གསལ་རྡོ་རྗེ་སྙིང་པོའི་དབྱིངས། །སྣང་བཞིའི་འཛུམ་ཟེར་གསར་པ་དང་སྦྱར་བས། །འཇའ་ལུས་འཕོ་བ་ཆེན་པོའི་གསེང་ལམ་མཆོག །དབྱེ་མཛད་རིག་འཛིན་བླ་མས་རྟག་ཏུ་སྐྱོངས། །དེ་ལ་འདིར་རིག་འཛིན་བླ་མའི་སྒྲུབ་པ་ཡང་གསང་ཐིག་ལེའི་རྒྱ་ཅན་གྱི་ལམ་ཟབ་མོ་ལ་བརྟེན་ནས་བྱིན་རླབས་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཞུགས་པས་ཚེ་གཅིག་གིས་འཇའ་ལུས་རྡོ་རྗེའི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས། ཤིན་ཏུ་དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དམ། གངས་ཁྲོད། རི་སུལ་སོགས་གྲུབ་པའི་སྐྱེ་བོས་བསྟེན་པའི་སྨན་ལྗོངས་སུ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་ཉམས་སུ་བླང་བར་བྱ་བ་ལས། དང་པོ་ནི། དལ་འབྱོར་གྱི་རྟེན་འདི་ཉིད་རྙེད་དཀའ་ཞིང་ནམ་འཆི་བའི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་པ་ཞིག་ཅི་ནས་ཀྱང་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་སྔོན་འགྲོའི་རིམ་པ་རྣམས་མཐར་ཕྱིན་པ་སྔོན་དུ་སོང་བས་ལམ་འདིར་འཇུག་པའི་ཚེ། མར་ངོའི་ཚེས་བཅུ་སོགས་དམར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན། གནས་ཁང་བྱི་དོར་བྱ་ཞིང་། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་གང་རིགས་འབྱོར་ན་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་སྟེང་བྷནྡྷ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བྲིས་སྒྲུབ་ཚད་ལྡན་བགྱིས་པ་དང་། བརྒྱུད་པ་འདི་ཉིད་ལས་འོངས་པའི་སེལ་མེད་ཀྱི་བདུད་རྩི་ཆོས་སྨན། རིན་པོ་ཆེ་སྣ་ཚོགས། སྨན་སྣ་ཚོགས། འབྲུ་སྣ་ཚོགས་བཅས་ཀྱིས་གཏམས་པའི་ཁར་དར་དམར་གྱི་ལྡིང་གུར་དབུབ། དེའི་མདུན་དུ་བླ་གཏོར་དམར་པོ་པད་འདབ་བཞི་པ་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཉེར་སྤྱོད་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཇི་ལྟར་རིགས་པ་བཤམས་པས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྲོད་ཐུན་གྱི་སྔ་ལོགས་སུ་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་སྔོན་འགྲོའི་རིམ་པས་བློ་རྒྱུད་སྦྱངས་པའི་མཐར། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པ་སོགས་ལས་ཀྱི་ཁྲོ་བོ་གཉུག་མའི་ཧེ་རུ་ཀ་གང་ཡང་རུང་བའི་ང་རྒྱལ་གྱིས་གཞི་བགེགས་ལ་གཏོར་མ་བྱིན་ཞིང་རྡོ་རྗེའི་སྲུང་བའི་འཁོར་ལོས་ཕྱོགས་མཚམས་ཐམས་ཅད་བཅིངས་པ་དང་། རྒྱལ་ཆེན་བཞི་ལ་བར་ཆད་ཞི་བའི་ཕྲིན་ལས་བཅོལ་ནས་ཐོ་འཛུགས་པ་སོགས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱས་ནས། སྐབས་དོན་གྱི་ཁྱད་པར། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞི་འཛུམ་མཚན་དཔེའི་གཟི་བྱིན་ཕུན་སུམ་ཚོགས་པར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རྣམ་ཀུན་རྫོབ་ཙམ་དུ་བྱས་པའི་མཐར། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ །རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅིར་ཡང་མ་གྲུབ་ཅིང་། ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་གྱི་སེམས་བསྐྱེད། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་པས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བརྟགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད། ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབ་པ་རྣམས་གཞུང་གི་ཚིག་དོན་དང་རྗེས་སུ་མཐུན་པར་ནན་ཏན་གྱིས་གསལ་གདབ་རྗེས། བསྐྱེད་རིམ་དངོས་གཞིའི་ཆར། ཉམས་སུ་མྱོང་ཡང་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་རྩལ་ལས་སྣང་བཞིའི་འཆར་ཚུལ་ཕ་མཐར་སོན་པའི་རྟེན་འབྱུང་གི་སྣང་ཆ་མ་འགགས་པ་རང་ཤར་བའི་ཚུལ་གྱིས་ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་ཟིན་པ་ན། འོད་ཟེར་གྱི་འཕྲོ་འདུས་ཀུན་རྫོབ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པས་རབ་ལྟ་བ་མཇལ་བའི་ཕྱག་དང་། ཅིར་སྣང་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན་ཆེན་པོར་སྤྲོ་བ་དང་། སྒྱུ་མ་དང་རྨི་ལམ་གྱི་ཚུལ་ལྟར་སྣང་ཡང་ཞེན་པ་མ་གྲུབ་པའི་ཡེ་ཤེས་སྒྱུ་མའི་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པ་རྣམས་ལས་གཞུང་ལས་འབྱུང་བ་ལྟར་དང་། བཟླས་དམིགས་དངོས་ནི། རང་གི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་ཀྱི་ཐུགས་ཀའི་ཐད་དྲང་དུ་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་གྱི་དབུས་མཐིང་ག་ཁྱབ་པ་ཆེན་པོའི་ཀློང་ན་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སེམས་ཉིད་གཉུག་མའི་དབྱིངས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་མཐར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཡི་གེའི་གཟུགས་སུ་ཤར་བའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མཐིང་གསལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་གཡས་སྐོར་དུ་གནས་པ་ལས། འོད་ཟེར་བུན་ལོང་གིས་འཕྲོས་པའི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་པ་བསྙེན་པ། འོད་ཟེར་མར་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ཕྱི་སྣོད་འོག་མིན་གྱི་ཞིང་དང་། ནང་བཅུད་རིག་འཛིན་བླ་མའི་སྐུར་ལམ་ལམ་གསལ་འདེབས་པ་སྒྲུབ་པ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས་ཏེ། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་པ་སྒྲུབ་ཆེན། དེ་ལས་འོད་ཟེར་སྤྲོ་བསྡུས་མཚོན་པའི་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ལས་སྦྱོར་ཏེ། ཚུལ་དེ་ལྟ་བུའི་དམིགས་གནད་དང་མ་བྲལ་བའི་ངང་ནས་བཟླས་པ་ཅི་ནུས་བྱས་རྗེས་མཆོད་བསྟོད་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པའང་བྱས་ལ། སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་པའི་ནང་གསལ་གྱི་རིག་པ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོ། ཐོ་རངས་ལྡང་བའི་དུས་ལ་བབས་པ་ན་སྐད་ཅིག་གིས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ཞིང་ཐོར་ཐུན། སྔ་ཐུན། དགོང་ཐུན། སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་འབུམ་ཕྲག་བཅུ་གཉིས་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་ཀྱི་བསྙེན་པ་དང་། ཟླ་བ་དྲུག་ལ་སོགས་པར་བརྩོན་པ་དུས་ཀྱི་བསྙེན་པ་དང་། གཞུང་ནས་གསུངས་པའི་རྟགས་རྣམས་རྫོགས་པའི་བར་བསླབ་པ་མཚན་མའི་བསྙེན་པ་སྟེ། བརྩོན་འགྲུས་དང་དབང་པོའི་རིམ་པ་ལྟར་ཉམས་སུ་བླངས་པས། དོན་བརྒྱུད་ཀྱི་བྱིན་རླབས་སྙིང་དབུས་སུ་ཞུགས་པས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དང་དོན་གྱི་ཆ་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། རིང་པོར་མི་ཐོགས་པར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཉམས་སུ་བླང་བའི་ཐུན་མཚམས་སུ་སྔ་དགོང་གི་ཟེར་གཉིས་ལ་ལྷུན་གྲུབ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་གཟིར་ཞིང་། སྲོད་དང་ཐོ་རངས་སོགས་རླུང་རིག་དྭངས་པའི་སྐབས་གཏུམ་མོ་བསྒོམ་པ་དང་ཁྲེགས་ཆོད་ཀྱི་ལྟ་བ་བསྐྱངས་ཏེ། མདོར་ན་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་རྫོགས་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་པའི་ཚེ་ཡར་ངོའི་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་སྔར་ཉིན་ནས་ཚོགས་ཀྱི་ཡོ་བྱད་དང་། དངོས་གྲུབ་ལེན་པའི་རྫས་སོགས་འདུ་བྱས་ལ། ཐོ་རངས་སྔ་བར་ལངས་ནས་ལས་གཞུང་བསྲངས་ཤིང་བཟླས་པ་འོས་འཚམ་གྱི་རྗེས་ཚོགས་ཀྱི་མཆོད་པ་བྱ་ཞིང་། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་གིས་དམ་ཚིག་ཉམས་ཆག་བཤགས། སྒྲུབ་པའི་རྫས་ལ་བྱིན་འབེབ་དང་། མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་ཞིང་། སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུགས་ལ་མྱང་། བྷནྡྷ་སྲོག་འཁོར་དང་བཅས་པ་འབྲལ་མེད་དུ་འཆང་། ནོངས་བཤགས་ནས་བཟུང་སྟེ་ཤིས་པ་བརྗོད་པའི་བར་ཚོགས་མཆོད་ནས་འབྱུང་བ་ལྟར་དང་། གཞན་ཡང་བཀྲ་ཤིས་པ་རྒྱ་ཆེར་བརྗོད་ཅིང་རྒྱལ་ཆེན་ལ་གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ། །གང་དུ་ཞུགས་པས་མཆོག་དང་ཐུན་མོང་གི །གྲུབ་གཉིས་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཡང་གསང་བླ་མ་བསྙེན་ཅིང་སྒྲུབ་པའི་ཚུལ། །རིག་པ་འཛིན་པ་དགའ་བའི་ཤིང་རྟ་ཆེ། །ཉུང་གསལ་སྙིང་པོར་དྲིལ་ནས་བཀོད་པ་ཡི། །བསོད་ནམས་ཟླ་ཤེལ་བྱེ་བའི་སྙེམས་འཆང་བས། །སྲིད་ཞིའི་རྒུད་པའི་མུན་པ་ཀུན་བཅིལ་ནས། །འཇའ་ལུས་རྡོ་རྗེའི་ལང་འཚོ་རྒྱས་གྱུར་ཅིག །ཅེས་པའང་དད་པ་དང་དམ་ཚིག་གིས་རྒྱུད་ཕྱུག་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་ཅན་ཨ་བྷཱ་ཡ་ཤྲཱི་མཱཾ་གྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་འོག་མིན་བླ་མའི་གདན་ས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).