Terdzo-CHI-053



Property "author" has been marked for restricted use.








Terdzo-CHI-053.pdf
Click the picture above to view the Shechen manuscript.

གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་

gcod yul stan thog gcig ma'i gdams pa dpa' bo'i gad rgyangs

by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
revealed by  གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Terdak Lingpa Gyurme Dorje)
in cycle  གཅོད་ཡུལ་སྟན་ཐོག་གཅིག་མ་ (Gcod yul stan thog gcig ma)
Volume 36 (ཆི) / Pages 977-1005 / Folios 1a1 to 5a4

Tibetan Text

༄༅། །གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། བ་སྤུ་གཅིག་དགེ་དངོས་ཀྱིས་སངས་རྒྱས་ཀུན། །མཉེས་བྱས་ནུས་གཟུགས་མ་ཚང་མེད་གསལ་བའི། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤེས་རབ་ཕ་རོལ་ཕྱིན་ཡུམ་དེ་ལ་འདུད། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཕྱི་ནང་བདུད་སྡེའི་གཉེན་པོར་དཔའ་བའི་གཤེད། །ཟབ་དོན་གཅོད་ཡུལ་གདམས་པའི་སྙིང་པོ་ཀུན། །ཡོངས་ཚང་སྟན་ཐོག་གཅིག་མའི་ཉམས་ལེན་བྲི། །དེ་ཡང་། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མན་ངག་ཟབ་དོན་གཅོད་ཡུལ་གྱི་གདམས་པ་མཐའ་དག་གི་དོན་སྟན་ཐོག་གཅིག་མར་ཉམས་སུ་ལེན་པའི་ཚུལ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། དབང་གིས་རྒྱུད་ཡོངས་སུ་སྨིན་ཅིང་ཅིར་སྣང་སེམས་སུ་ཤེས་པའི་ངོ་སྤྲོད་ཀྱི་རྒྱས་ཐེབས་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་པའི་གང་ཟག་གིས། གནས་དུར་ཁྲོད་དང་ལུང་སྟོང་སོགས་སྐྱོ་འཇིགས་ཀྱི་སྣང་བས་ཡིད་འཁུལ་བར། དུས་ནི་སྤྱིར་ཉམ་ང་དང་ནད་གདོན་རྐྱེན་ངན་དྲག་པོ་བྱུང་བ་དང་། ཁྱད་པར་མཚན་མོ་སོགས་བྲེད་འཇིགས་ཀྱི་རྟོག་པས་རང་རྒྱུད་འཁྲུལ་པའི་ཚེ། ལྷ་འདྲེ་ལ་དོ་བསྡོ་འགྲས་འཚོལ་སྙམ་དུ་མི་སེམས་པར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་བསམ་པས་ཟླ་གྲོགས་ལག་ཆ་སོགས་ཀྱིས་སྙེམས་པ་མེད་པར་འགྲོའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ནི། རང་གི་སྤྱི་བོར་པདྨ་ཟླ་བའི་གདན་ལ། ཆོས་སྐུ་ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མ་གཅིག་ཇོ་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཌཱ་མ་རུ་དང་གཡོན་དྲིལ་བུ་འཁྲོལ་བའི་སྟབས་སུ་འཛིན་པ། དབུ་སྐྲ་སྐུ་རྒྱབ་ཏུ་བསྙིལ་ཞིང་གཅེར་བུ་དར་གྱིས་སྨད་དཀྲིས་ཅན་ཕྱག་རྒྱ་ལྔས་བརྒྱན་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་མཐར་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཀྲ་ལམ་གྱིས་བཞུགས་པར་བསམ་ལ། ངག་ཏུ། ན་མོ་གུ་རུ། ཤེས་རབ་ཕ་རོལ་ཕྱིན་མ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཇོ་མོ་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོང་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་ཆིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོང་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེ་ནས་ལུས་ཀྱི་རྩ་བཞི་གློད་ནས་ཉལ་ལ་རང་ལུས་ཤིན་ཏུ་ཆེ་བ་བརྗིད་དང་ལྡན་པའི་མགོ་བོས་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ཕན་ཚུན་གྱི་ཡུལ་གྲུ་རྣམས་མནན་པར་བསམ་ལ། ངག་ཏུ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ཉིད་ལས་ནམ་ཡང་གཡོ་བར་མི་བྱའོ། །ཞེས་བརྗོད་ཅིང་དེ་དོན་རྒྱུད་ལ་འགེལ། དེས་ལྷ་འདྲེ་འབྲོས་པ་དང་མགོ་སྐོར་ཚར་ཚད་མི་འབྱུང་། དེ་ནས་དབྱིངས་རིག་བསྲེ་བ་ནི། རང་གི་རྐང་པའི་མཐིལ་དུ་རྣམ་ཤེས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ་ཞིག་མོས་པ་དེ་ཁོང་པའི་ནང་བརྒྱུད་སྤྱི་བོར་རྒྱང་གིས་ཐོན་པ་འོད་དུ་ཡལ་བས་ནམ་མཁས་གར་ཁྱབ་ཏུ་རིག་པས་ཁྱབ་ཅིང་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་གཞག་གོ །ཡི་གེ་རྙིང་པར་སྙིགས་མའི་སྒྱུ་ལུས་འདིར་མཆོད་སྦྱིན་བྱེད་ཀྱང་ཞལ་ཤེས་སྙན་བརྒྱུད་ལྟར་དཀར་འགྱེད་ནི། རང་གི་ལུས་འདི་ཆེ་བརྗིད་ཚོ་སྣུམ་ཡིད་དུ་འོང་བ་ཞིག་ཏུ་གསལ་བའི་སྙིང་ག་ནས་རྣམ་ཤེས་རྣལ་འབྱོར་མ་གྲི་ཐོད་འཛིན་པ་ཞིག་མདུན་གྱི་ནམ་མཁར་ཐོན་པའི་གྲི་གུག་གིས་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ་མདུན་དུ་བཀོད། ཤ་རུས་རྣམས་དུམ་བུར་བཅད་ནས་དེའི་ནང་དུ་བླུགས་པ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ཟག་མེད་ཀྱི་བདུད་རྩིར་སྦར་ཏེ། ནམ་མཁའ་གང་བར་སད་པའི་རྩ་བརྒྱུད་ཀྱི་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གཡོན་པའི་ཐོད་ཕོར་གྱིས་ཨོཾ་ཨཱཿཧཱུྃ་ཞེས་རིམ་པར་སྟོབ་པས་དགྱེས་པར་བསམ་ལ། གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བར་གྱུར་ཅིག །ཅེས་བརྗོད་ཅིང་སྟོང་ཉིད་ཀྱི་ངང་ལ་མཉམ་པར་གཞག །དམར་འགྱེད་ནི། སྒྱུ་ལུས་དང་རྣམ་ཤེས་རྣལ་འབྱོར་མར་གསལ་བ་སྔར་བཞིན་ནམ་མཁར་ཐོན་གཡས་པའི་གྲི་གུག་གིས་སེམས་དང་བྲལ་བའི་ལུས་ཀྱི་པགས་པ་བཤུས་ནས་དམར་ཆལ་གྱིས་བཏིང་པའི་ཁར། མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། དབང་པོ་ནང་རོལ་རྣམས་བཏོན་ནས་མདུན་དུ་སྤུངས་པ་ཤ་རུས་ཀྱི་རི་བོ་ཁྲག་ཞག་གི་རྒྱ་མཚོ་ཁོར་ཡུག་འཇིག་རྟེན་ཐམས་ཅད་གང་བར་དམིགས་ལ་རྣམ་ཤེས་ཀྱི་ངོ་བོ་རྣལ་འབྱོར་མས། གནོད་བྱེད་ཀྱི་གཙོ་བྱས་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཤ་ཁྲག་གི་དགའ་སྟོན་ལ་འདིར་འདུས་ཤིག །ཕཊ྄ཿ ཅེས་བརྗོད་པས་ལྷ་འདྲེ་ནམ་མཁའ་གང་བ་ཙམ་རང་གི་མདུན་དུ་འདུས་པར་བསམ་ལ། དེ་རྣམས་ལ་སྒྱུ་ལུས་ཀྱི་ཤ་ཁྲག་ཐམས་ཅད་གང་ལ་གང་འདོད་དུ་བྱིན་པས་ཧབ་ཏིར་གྱིས་ཟོས་བཏུང་ལྷག་མ་རྣམས་ཁྱེར་བར་བསམ་ལ། ད་ནི་ལུས་འདི་ལ་ཞེན་པ་རྡུལ་ཙམ་ཡང་མི་བྱེད་པས་ཤ་ལ་དགའ་ན་ཤ་ཟོ། ཁྲག་ལ་དགའ་ན་ཁྲག་ཐུངས། རིངས་ན་ད་ལྟ་ཟོ། མི་རིངས་ན་ཚོས་ལ་ཟོ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཕཊ྄ཿ ཅེས་བློས་ལིང་གིས་བཏང་ལ། ངག་ཏུ་ཡང་དེ་ལྟར་བརྗོད། ལྟོས་མེད་ཀྱི་ངང་དུ་ལྷོད་ཀྱིས་གློད། ཁྲེས་སེ་བོར་ལ་འཇོག །འཇིགས་པ་དང་ཉམ་ང་བ་བྱུང་རེས་ཀྱིས་དེ་ལྟར་བྱ། ད་ལུས་ནི་སྣང་སྲིད་ལྷ་འདྲེ་ལ་སྦྱིན་པར་བཏང་ནས་མེད། སེམས་ནི་ཁྱོད་ལས་ང་རང་གིས་ཀྱང་མ་མཐོང་། གཞི་མེད་རྩ་བྲལ་སྟོང་ཞིང་བདག་མེད་པ་ཡིན་ནོ། །ཞེས་བདག་དང་ལྷ་འདྲེ་གཅོད་ཡུལ་གསུམ་ཀ་ཡིད་ལ་མི་བྱེད་པར་སྟོང་པ་གསུམ་གྱི་ངང་ལ་མཉམ་པར་གཞག་གོ །དེ་ལྟར་ཉམས་སུ་བླངས་པས་ཆོ་འཕྲུལ་གསུམ་འབྱུང་སྟེ། མངོན་སུམ་དུ་ལྷ་འདྲེས་གཟུགས་མི་སྡུག་པ་སྣ་ཚོགས་སྟོན་ཅིང་ང་རོ་འབྲུག་ལྟར་སྒྲོག་པས་སྡིགས་བསྐྲད་དང་ཚམ་རྔམ་བྱེད་པ་དང་། གཟི་བྱིན་གྱིས་ལུས་འདར་ཞིང་རྔུལ་བ་དང་། ཡང་ཞིང་གཡོ་ལ་སྐད་མི་ཐོན་པ་དང་། རྨི་ལམ་ནི་འཇིགས་སྐྲག་ཅན་སྣ་ཚོགས་སྣང་བའོ། །དེ་ལྟར་གཅད་བྱའི་ཆོ་འཕྲུལ་གསུམ་པོ་གཅོད་བྱེད་ཀྱི་གདམས་པ་གསུམ་གྱིས་བཅད་དེ་རབ་གཏད་མེད། འབྲིང་གཏད་སྒོམ། ཐ་མ་དཔྱད་སྒོམ་མོ། །དང་པོ་ནི། ཆོ་འཕྲུལ་གང་བྱུང་ཡང་བརྟག་དཔྱད་མི་བྱ་བར་འཛིན་མེད་ནམ་མཁའ་ལྟ་བུའི་ངང་ལ་བཞག་གོ །གཉིས་པ་གཏད་སྒོམ་ནི། ཆོ་འཕྲུལ་ལ་གཏང་ནས་བསྒོམ་པས་འཇིགས་སྐྲག་གི་འཛིན་པ་དག་པར་འགྱུར་རོ། །གསུམ་པ་དཔྱད་སྒོམ་ནི། ཆོ་འཕྲུལ་ལ་དཔྱད་པས་རང་སྣང་འཁྲུལ་པའི་སྟོང་གཟུགས་ལས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་བཅད་ནས་ཤ་ཁྱེར་ཁྲག་ཁྱེར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་ཉམས་སུ་བླངས་པས་ཚར་ཚད་ཀྱི་རྟགས་བཞི་འབྱུང་སྟེ། ཐུན་མོང་། ཁྱད་པར། ལྷ་འདྲེ་ཐུལ་བ། མཆོག་གི་ཚར་ཚད་དང་བཞི་སྟེ། དེ་ལྟར་ཚར་ཚད་ཀྱི་རྟགས་མངོན་དུ་གྱུར་ཏེ་ལམ་མཐར་ཕྱིན་ནས་འགྲོ་བའི་ཚེ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། བྱམས་དང་སྙིང་རྗེའི་རྩིས་གནོད་བྱེད་དང་ལྷ་འདྲེ་སོགས་རྗེས་སུ་འཛིན་ཅིང་ཆོས་ཀྱི་སྦྱིན་པ་ཡང་བྱའོ། །དེ་ལྟར་བྱས་པས་ཚོགས་རྫོགས་སྒྲིབ་པ་བྱང་། ལུས་ཀྱི་བདག་འཛིན་ཟད་པས་རྐྱེན་ངན་གྲོགས་སུ་འཆར། སེམས་ཀྱི་དེ་ཉིད་རྟོགས་ནས་ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་འཕང་ལ་གནས་པར་འགྱུར་རོ། །ཟབ་མོ་གཅོད་ཡུལ་མཐའ་དག་གི་དོན་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་འདི་ནི་རྒྱལ་བ་ཐམས་ཅད་ཀྱི་རིགས་ཀྱི་ཁྱབ་བདག་ཀུན་མཁྱེན་བླ་མ་མཆོག་གིས་འདི་ལྟར་གྱིས་ཞེས་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྙན་བརྒྱུད་ཀྱི་ཞལ་གདམས་ཇི་ལྟ་བ་གསལ་ཞིང་བདེ་བར་བྱས་ཏེ་ཡི་གེར་བཀོད་པའོ།། །། ༈ ཀེང་རུས་མེ་འབར་གྱི་ཞལ་གདམས་བཞུགས་སོ། །ཟུར་གནད་ཟབ་མོ་ལྷ་འདྲེའི་འཚུབ་ལྷོང་ཤིན་ཏུ་ཆེ་ན་ཀེང་རུས་མེ་འབར་གྱི་གདམས་པ་བྱ་སྟེ། དེ་ཡང་ལུས་ཀེང་རུས་དཀར་ཞིང་ཆེ་བའི་ཁ་མིག་དང་རྩིབ་མའི་སྒོ་བར་ཐམས་ཅད་ནས་མེ་དམར་འུར་གྱིས་འབར་བས་ནམ་མཁའི་ཁམས་གང་བར་ཡུན་རིང་དུ་བསྒོམ་ཞིང་། མཐར་རང་ལུས་མེ་དང་བཅས་པ་འོད་དུ་ཡལ་ནས་སྟོང་གསལ་སྐྱེ་འགག་གནས་གསུམ་བྲལ་བའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་ངང་ལ་ཅི་གནས་སུ་མཉམ་པར་གཞག་གོ །ཡང་རྒྱལ་པོ་སོགས་གནོད་འདྲེའི་འཚུབ་ཆེ་ཞིང་ཐབས་གཞན་གྱིས་ཆུན་དཀའ་ན། རང་ལུས་ཆེ་བརྗིད་དང་ལྡན་པའི་སྙིང་ག་ནས་རྣམ་ཤེས་རྣལ་འབྱོར་མའི་རྣམ་པར་མདུན་གྱི་ནམ་མཁར་ཐོན་ཏེ། གཡས་པའི་གྲི་གུག་གིས་གཟུགས་ཀྱི་པགས་པ་ལྟུམ་སེར་བཤུས་པའི་ནང་ཁང་བཟང་ཡིད་དུ་འོང་བར་བལྟས་པས་ནང་དུ་གནོད་བྱེད་ཀྱི་གདོན་དེ་དགའ་ཞིང་དུངས་ནས་འོང་པར་བསམ། དེའི་ཁ་རང་གི་རྒྱུ་མས་དམ་དུ་བཅིངས་ནས་ཐར་ས་མེད་པར་བསམ་པ་དེ་རྣམས། རྣལ་འབྱོར་མར་གསལ་བའི་ཕྱག་གཡས་ཀྱིས་གླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཤ་འདུར་ཁྲག་འདུར་དུ་གྱུར་ཅིང་མཐའ་མེད་པའི་ཡུལ་ཐག་རིང་པོར་འཕངས་པར་བསམ་ལ། མཐར་བདག་དང་འདྲེ་གདོན་གཅོད་ཡུལ་གསུམ་ཀ་སེམས་དང་ཡེ་ཤེས་རང་སྣང་བའི་རོལ་པ་སྤྲོས་བྲལ་བློ་འདས་སྟོང་པ་ཆེན་པོའི་ངང་ལ་མཉམ་པར་གཞག་གོ །དམིགས་སྐོར་གཉིས་པོ་འདི་གཅོད་ཡུལ་གྱི་གདམས་པ་ཕལ་མོ་ཆེར་ཧ་ཅང་མི་གསལ་ཡང་འདྲེ་གདོན་ལ་འདི་ལས་ཟབ་པ་མེད། ཅེས་བདག་གི་བླ་མས་གསུངས་སོ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).