Terdzo-AA-083



Property "author" has been marked for restricted use.








Terdzo-AA-083.pdf
Click the picture above to view the Shechen manuscript.

རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཡེ་ཤེས་མཆོག་གི་བཅུད་ལེན་

rdzogs chen sde gsum cha lag bdud rtsi sman gyi sgrub thabs ye shes mchog gi bcud len

by  བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Jikdral Yeshe Dorje)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 461-468 / Folios 1a1 to 4b2

Tibetan Text

༄༅། །རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་ཡེ་ཤེས་མཆོག་གི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། ཨཱོྃ་སྭསྟི། ཀུན་རྫོབ་རྫས་ཀྱི་བདུད་རྩི་ཡིས། །དོན་དམ་ཆོས་ཀྱི་བདུད་རྩིར་སྦྱོར། །བླ་མ་ཧེ་རུ་ཀར་བཏུད་ནས། །དམ་རྫས་བདུད་རྩིའི་སྒྲུབ་ཐབས་འཆད། །འདི་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། རྩ་བར། བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཁ་དོག་དྲི་རོ་ནུས་ལྡན་པའི༔ སྨན་དུ་གྱུར་པ་ཐམས་ཅད་བསགས༔ ཁྲོལ་བུ་བྷནྡྷའི་སྣོད་དུ་བསྩལ༔ ཞེས་གསུངས་ཤིང་། གཞན་ཡང་། སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔ ཤ་ཆེན་གཙོ་གྱུར་སྒྲོན་མ་ལྔ༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ གཙོར་གྱུར་ལྕགས་ཀྱུ་རྣམ་པ་ལྔ༔ གཞིར་བྱས་གཞན་གང་སེལ་མེད་པའི༔ བདུད་རྩིའི་ཕབས་གཏའ་མ་ད་ན༔ སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔ འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔ ག་པུར་གི་ཝཾ་སིནྡྷུ་ར༔ ཅུ་གང་བྲག་ཞུན་ཅོང་ཞི་དང༔ རྩ་བ་ལྔ་དང་དབང་པོ་ལག༔ ཤིང་ཚ་ཤུ་དག་སྤང་གི་སྤོས༔ མ་ནུ་རུ་རྟ་པྲི་ཡང་ཀུ༔ ཨུཏྤལ་ཙནྡན་དམར་པོ་སོགས༔ སེར་དང་དམར་བ་ཤས་ཆེ་ཞིང༔ མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔ ཞེས་པ་ལྟར། ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ་བྷནྡྷ་མཚན་ལྡན་དུ་ཁྲོལ་བུར་བླུགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འགོད། གསང་སྐོར་བཀའ་བརྒྱད་ལྟ་བུ་ཡི་དམ་ཞི་ཁྲོ་གང་ཡང་རུང་བའི་ལས་གཞུང་བསྲང་སྟེ་བཟླས་པ་གྲུབ་པ་དང་། མདུན་རྟེན་ལ་དམིགས་ཏེ། ཨ༔ སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔ དེ་ཉིད་རང་བྱུང་ཐིག་ལེ་གཅིག༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་བཟླ། ཚུལ་དེ་ལྟ་བུས་ཐུན་བཞིའམ་དྲུག་གི་ངེས་པས་ཞག་གསུམ་མམ་གཅིག་གིས་མཐའ་རྟེན་པས་ཁྲོལ་སྒྲུབ་ཟིན་ནས། སྨན་གྱི་རྡོར་སེམས་བྱང་ཆུབ་སེམས་ཀྱི་ཐིག་ལེར་ཞུ་བར་བསམ་ལ། རྡོ་རྗེའི་གཏུན་དུ་འཐག་ཅིང་། སྔགས་ཀྱི་མཐར། ཨཱོྃ་ཨཱོྃ་ཨཱོྃ། ཞེས་བརྗོད་པས་སྦྱང་། དར་གྱི་འདོ་ལེར་བཙག་ཅིང་། སྔགས་མཐར། ཨཱཿཨཱཿཨཱཿ ཞེས་པས་སྤེལ། ཆང་སྣ། ཆུ་སྣ། འོ་མ། རིན་པོ་ཆེའི་ཆུས་སྦོལ་ཞིང་། སྔགས་མཐར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བསྣུར། དམ་རྫས་སྔ་མའི་ཕབས་རྒྱུན་སེལ་མེད་པ་དང་། ཕབས་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ། སྔགས་མཐར། ཧོཿཧོཿཧོཿ ཞེས་པས་དབྱེར་མེད་དུ་བྱ། སྨན་རྣམས་དྲིལ་བུས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་བལྟམས། བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱང་། ཅོད་པན་དང་རྡོར་དྲིལ་གྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད་ལ་གཟུངས་ཐག་བཏགས། འོག་ཏུ་དྲོད་འབེབ་ཀྱི་མར་མེ་སྦར། འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན། ཕྱི་ནང་གི་མཆོད་ཚོགས་གཙང་ཞིང་བཟང་བར་བཤམ་མོ། །གཉིས་པ་དངོས་གཞི་ནི། རྩ་བར། བདག་དང་མདུན་རྟེན་དབྱེར་མེད་པ༔ ཧེ་རུ་ཀཿཡི་དཀྱིལ་འཁོར་དུ༔ ཨ་ཏི་སེམས་ཀྱི་རོལ་པར་བསྒོམ༔ ཞེས་གསུངས་པ་ལྟར། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བདག་མདུན་དབྱེར་མེད་དུ་བསྐྱེད་ལ་ཕྱག་མཆོད་བསྟོད་པ་གྲུབ་ཀྱི་བར་སོང་ནས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕཊ་ཛ༔ ཞེས་ཛཔ྄་ཁང་ཕྱེས་ལ། དབྱིངས་ཀྱི་བྷནྡྷ་མཚན་རྫོགས་དབུས༔ རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་པ༔ རྡོ་རྗེ་བདེ་བ་ཆེན་པོར་བཞེངས༔ སྦྱོར་བའི་ཡན་ལག་རྣམ་མང་པོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་བཀུག༔ སྣང་སྲིད་གདོད་ནས་དེ་བཞིན་གཤེགས༔ བདེ་ཆེན་བདུད་རྩིའི་ཐིག་ལེར་འཁྱིལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་གཟུངས་ཐག་ནས་འཇུས་ཏེ་གཙོ་བོར་བཟླ། ཐུན་གྱི་མཐར་སྨན་སྲུང་བསྐུལ་ཞིང་རྟོག་པ་བསལ་བའི་ཕྱིར་བདུད་རྩི་འཐོར་ལ། ཧཱུྃ༔ འོད་གསལ་ཐིག་ལེ་ཆེན་པོ་ལས༔ རྣམ་པ་མ་འགགས་ཅིར་ཡང་ཤར༔ སྨན་སྲུང་དྲང་སྲོང་རིག་འཛིན་དང༔ རྩི་བཅུད་འབྱུང་ལྔའི་ལྷ་མོ་ཀུན༔ ཚུར་གཤེགས་གཉིས་འཛིན་རྟོག་པ་སྤོངས༔ བདེ་ཆེན་ཡེ་ཤེས་བདུད་རྩི་བཞེས༔ རྗེས་ཆགས་རོལ་པའི་འོད་ཟེར་གྱིས༔ འཁོར་འདས་རྩི་བཅུད་དྭངས་མ་སྡུས༔ བྷནྡྷ་ཁ་སྦྱོར་ཐིག་ལེར་སྟིམས༔ ཧེ་རུ་ཀཿཡི་དམ་ཚིག་གིས༔ བདུད་རྩི་རོལ་པའི་ལས་མཛོད་ཅིག༔ ཨཱོྃ་བཛྲ་ཨ་མྲྀཏ་དེ་བ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧོ༔ ཞེས་བསྐུལ། ཐུན་མཚམས་སུ་ལས་སྔགས་བཟླ་ཞིང་ཐུན་བྲབ་པས་བལྟ་ཉན་གྱི་ཉུལ་ལེ་ཚར་བཅད་ནས། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང༔ ཧེ་རུ་ཀཿཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔ྄་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་ཁྲག་འཐུང་ཧེ་རུ་ཀའི༔ རྟེན་དང་བརྟེན་པར་བྱིན་གྱིས་རློབས༔ ཨཱོྃ་སརྦ་ཤྲཱི་ཧེ་རུ་ཀཿམ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ། དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་ལ་བརྩོན་པས་བསྒྲུབ་བོ། །གསུམ་པ་རྗེས་ནི། རྩ་བར། འོད་དང་སྒྲ་དང་དྲི་བཟང་དང༔ བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔ རྟགས་བྱུང་དངོས་གྲུབ་བླང་བར་བྱ༔ ཞེས་པ་ལྟར་གྲུབ་པའི་མཚན་མ་དགེ་བ་མཐོང་བའམ། ཞག་གྲངས་བདུན་ཕྲག་སོགས་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ནི། ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ་སྔགས་ཀྱི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷ་ཕ་ལ་ཧཱུྃ། ཞེས་བཏགས་པ་མང་དུ་བཟླས་མཐར། ཧོ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མཆོག་གི་རོལ་པའི་ཚོགས༔ རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔ ཐུགས་དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང༔ ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔ སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔ བདུད་རྩི་གསང་བའི་དབང་མཆོག་སྐུར༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཞེས་ཐུགས་དམ་བསྐུལ་ཏེ། ཨཱོྃ་བོ་དྷི་ཙིཏྟ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ ཞེས་རིག་པའི་མེ་ཏོག་དོར། སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ། ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ནས༔ ཁ་སྦྱོར་བདེ་ཆེན་ཧེ་རུ་ཀས༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་པཉྩ་ཨ་མྲྀཏ་ཀཱཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་གནས་གསུམ་དུ་གཏུག །སློབ་མ་ཡོད་ནའང་དབང་བསྐུར། བདུད་རྩི་བདེ་བ་ཆེན་པོ་ཧེ་རུ་ཀཿརང་ལ་ཐིམ་པར་བསམ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྟོགས་པ་བརྗོད་ལ། བཛྲ་པྲ་བེ་ཤ་ཡ་ཕཊ་ཀྱིས་རྒྱ་བཀྲོལ། སརྦ་པཉྩ་ཨ་མྲྀཏ་ཨཱ་བེ་ཤ་ཡ་ཨཱཿ ཞེས་པས། བདུད་རྩིའི་དྭངས་མ་དཀར་དམར་མཐིང་བའི་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་བསམ། ནང་མཆོད་དང་སྦྱར་ལ། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་སྨན་གྱི་ཆེ་བ་བརྗོད་དེ། སྨན་མཆོད་ཆོ་ག་སོ་སོའི་གཞུང་བཞིན་ཕུལ་བའི་རྗེས་སུ། བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །སྔགས་མཐར། ཀཱ་ཡ་སིདྡྷི་ཨཱོྃ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན། པྲ་བརྟག་ཅིང་ཚད་གཞལ་བ་སོགས་སྤྲོ་ན་འདིར་བྱ། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་མཐའ་རྒྱས་སུ་བགྱིས་པས་ལེགས་པར་གྲུབ་བོ། །མཐོང་ཚོར་མྱོང་རེག་གིས་བསྡུས་འགྲོ། །རྣམ་མང་ཉེས་རྒུད་ལས་གྲོལ་ཏེ། །ཟུང་འཇུག་བདེ་ཆེན་མཆོག་སྒྲུབ་པའི། །ཆ་རྐྱེན་ཉིད་དུ་འདི་གྱུར་ཅིག །ཅེས་པའང་ཁྱབ་བདག་བླ་མ་ཨོ་རྒྱན་ཚེ་དབང་མཆོག་གྲུབ་དཔལ་འབར་གྱི་དགོངས་བཞེད་རྗེས་སུ་བསྒྲུབ་པའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་རིགས་མཐུན་གྱི་ངག་འདོན་ཁ་སྐོང་ཕྲན་བུས་བརྒྱན་ཏེ་འཇུག་བདེའི་ཁྲིགས་སུ་བསྡེབས་པ་སིདྡྷི་རསྟུ།། །།


Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).