RTZ Volume 3 Full Text Tibetan

Rinchen Terdzö, Volume 3, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་གསུམ་པ།

Contents

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་ (Volume 3, Text 1)

༄༅༔ ༔རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་བཞུགས་སོ༔ ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྦར༔ ཉོན་མོངས་དུག་ལྔའི་མུན་པ་བསལ༔ མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམ་རས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབས་ཀྱང་དོན་མེད་ངལ་བས་ན༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ དུས་རྟགས་གདུལ་བྱ་འཛོམ་པ་ན༔ རིམ་བཞིན་བཏོན་ནས་དོན་བྱེད་པར༔ སྨོན་ལམ་གཏད་རྒྱ་གཉེར་དུ་གཏད༔ ཁྱད་པར་བྲག་དམར་དབེན་རྩ་རུ༔ བདག་འདྲ་སྣང་མཛད་རྡོ་རྗེ་ཡིས༔ ཟབ་བེར་སྲུབས་མེད་སྐུ་ལ་གསོལ༔ རོ་ལྡན་ཞལ་ཟས་ལྗགས་ལ་བསྟིམ༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ གུས་པས་གསོལ་བ་བཏབ་པ་ལས༔ གསང་བ་ལས་ཀྱང་ཆེས་གསང་བའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་ཟབ་དོན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཁ་ཚང་དོན་འདྲིལ་སྙིང་པོའི་བཅུད༔ སྔོན་འདས་རྒྱལ་བ་གཤེགས་པའི་ཤུལ༔ ད་དུས་རྒྱལ་བའི་དགོངས་པའི་གནད༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁས་པ་བི་མ་མི་ཏྲ་ཡིས༔ ཐུགས་རྗེས་དགོངས་ནས་བསྟན་པ་རྣམས༔ མི་འགྱུར་བཀའ་རྟགས་ཡི་གེར་བཀོད༔ རིན་ཆེན་སྒྲོམ་བུར་ཕྱག་རྒྱས་བཏབ༔ བཀའ་སྲུང་རྣམས་ལ་གཉེར་དུ་བཅོལ༔ ལས་ཅན་དོན་དུ་གཏེར་དུ་སྦས༔ སྱ་མྱ་ཡྱ༔ ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ དེ་དབུས་དངུལ་དཀར་གུར་ཕུབ་འདྲའི༔ ཕུག་པ་ཟུང་འབྲེལ་སྒོ་གཅིག་པ༔ ལྷོ་ནུབ་ཕྱོགས་པའི་གཡོན་ངོས་ནས༔ གྱེན་དུ་མི་གང་གཞལ་བའི་ས༔ དེ་ནས་ལྷོ་རུ་ཁྲུ་གང་ན༔ རྡོ་ཆོལ་མཛུབ་གང་སོར་བཞིའི་ཚད༔ བསྒྲིགས་མཐར་ལ་བསེས་བསྡམས་པ་ན༔ འགྱུར་མེད་མཚལ་གྱི་གཡུང་དྲུང་རིས༔ དྲི་ཆུའི་བརླན་དང་མ་གི་ཏའི༔ དུད་པས་བདུག་ན་གསལ་བ་ཡོད༔ དེ་ནས་ཁྲུ་གང་དོང་དབུས་ན༔ ཟབ་ཆོས་གཏེར་གྱི་སྒྲོམ་བུ་ཡོད༔ རག་གདོང་ཁྲོ་མོར་གཉེར་དུ་གཏད༔ སྱ་མྱ་ཡྱ༔ འདོན་དུས་འདི་ནས་རིང་འདས་པ༔ བཞི་བཅུའི་དུས་མཐའ་སུམ་ཅུ་ཉེར༔ མེ་ཁམས་འབྲུག་གམ་སྦྲུལ་གྱི་ལོ༔ སྟག་ཟླའི་ཉ་འམ་སྟོང་གི་ཚེ༔ ཟབ་གཏེར་འདོན་པའི་དུས་སུ་བསྟན༔ སྱ་མྱ་ཡྱ༔ དུས་དེར་སྐྱེ་བོ་བྱོལ་ཉོག་པས༔ བོད་ཁམས་ལྷ་སྲིན་འཁོན་འཁྲུགས་ཆེ༔ ཁ་རླངས་མི་རུང་ཐན་ལྟས་བརྡོལ༔ འཐབ་རྩོད་མཚོན་གྱི་བསྐལ་པ་དར༔ གློ་བུར་ནད་རིམས་མེ་ལྟར་འབར༔ སྐྱེ་བོ་ཕལ་ཆེར་དུས་མིན་འཆི༔ སད་སེར་ཤྭ་འོད་ཁོལ་བུར་གཡོ༔ ས་ཚིག་བྲག་རལ་འབྱུང་བ་འཁྲུགས༔ ཤར་ནས་འོད་དཀར་ལན་གསུམ་འཆར༔ ས་གཞི་སྒྲ་འབྱིན་གས་ཤིང་གྲུམས༔ བྱད་ཁམས་སྣ་བརྒྱད་བོད་དུ་འགྲིམ༔ ཁྲག་ཆར་བཅུ་གསུམ་ལོ་རུ་བབས༔ གློ་བུར་འཁྲུགས་རྩོད་ཧུར་ཐུམ་ཆེ༔ མཐའ་དཀྱིལ་ཕལ་ཆེར་གཅིག་ཏུ་འདྲིལ༔ དབུས་ནས་གཡོ་ཞིང་ཕྱོགས་སུ་དིབ༔ ཕྱོགས་ལྷུང་སྲིད་སྡེ་སོ་སོར་འཛིན༔ ལྷོ་རོང་མེ་ཡིས་མཐའ་ནས་སྲེག༔ ཤར་ཕྱོགས་རྒྱལ་བློན་ཁོལ་བུར་འཐོར༔ དབུས་གཙང་ཆུ་ཟླའི་གཟུགས་བཞིན་གསལ༔ རྒྱ་བལ་འཁྲུགས་རྩོད་ཆུ་ལྟར་ཁོལ༔ ལ་སྟོད་འབངས་མི་རྗེ་བོར་ཐོན༔ མ་རབས་སྤྱོད་ལམ་འགྱུར་ལྡོག་ཆེ༔ སྱ་མྱ་ཡྱ༔ གནས་དུས་རྟགས་ཀྱི་ངེས་པ་རྣམས༔ འཛོལ་མེད་དུས་ལ་བབས་པ་ན༔ ང་སྤྲུལ་རྣལ་འབྱོར་རྡོ་རྗེའི་མིང༔ མ་ངེས་སྤྱོད་པ་དྲག་ཤུལ་ཆེ༔ བློ་མྱུར་གསང་སྔགས་ལམ་ལ་མོས༔ ལས་ཅན་དེ་ཡིས་ཟབ་མོའི་གཏེར༔ བཏོན་ནས་འགྲོ་དོན་བྱེད་པར་ཤོག༔ སྱ་མྱ་ཡྱ༔ ཟབ་དོན་གཏད་རྒྱ་འཛིན་པའི་བུ༔ ད་ལྟའི་མངའ་བདག་རྒྱལ་པོ་ཉིད༔ དུས་མཐར་བྱང་སེམས་རྟ་སྦྲུལ་ལོ༔ བཟང་པོའི་མིང་ཅན་བརྟུལ་ཞུགས་ཅན༔ མཐུ་ཆེན་དྲག་པོའི་རིག་འཛིན་པ༔ སྐྱེས་བུ་དེ་ལ་འཕྲོད་པ་ན༔ གློ་བུར་གེགས་ལས་རྣམ་རྒྱལ་ཞིང༔ བོད་ཁམས་བདེ་བའི་ཁ་ལོ་འཛིན༔ རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ཞིག༔ མེ་ཁམས་ཤྲཱི་ལས་ཀྱི་མིང༔ བློ་ལྡན་བཟོད་བརྩོན་བྱང་སེམས་ལྡན༔ འདི་འཕྲོད་དུས་མཐར་འགྲོ་ཕན་བྱེད༔ སྔགས་འཆང་རྡོ་རྗེའི་སྤྲུལ་པ་ནི༔ དབང་དྲག་ལས་ཀྱི་མིང་ཟུར་ལྡན༔ ལྕགས་ཁམས་ཤེས་རབ་རིག་རྩལ་ལྡན༔ འདི་འཕྲོད་ཟབ་དོན་མཁའ་ཁྱབ་སྤེལ༔ གནུབས་བན་ནམ་མཁའི་སྤྲུལ་པ་ཞིག༔ རྒྱལ་ལམ་བསོད་ནམས་མིང་འཛིན་པ༔ ལས་ཅན་དབང་གི་ཕྱོགས་ནས་འབྱུང༔ འདི་འཕྲོད་འགལ་རྐྱེན་ཉེས་ཀུན་ཞི༔ རྟ་མགྲིན་དབང་གི་རིག་འཛིན་པ༔ ཕྲིན་ལས་འགྲོ་འདུལ་རྡོ་རྗེའི་མིང༔ ལྷོ་ནུབ་གངས་རིའི་ཞོལ་དུ་འབྱུང༔ འདི་འཕྲོད་བདེ་ཆེན་བཙན་ས་ཟིན༔ ལྷ་སྲས་དཔལ་གྱི་སྤྲུལ་པ་ནི༔ མེ་ཁམས་དབང་དྲག་མཆོག་གི་མིང༔ བློ་ཆེན་གཞོ་ཡི་ཕྱོགས་སུ་འབྱུང༔ འདི་འཕྲོད་ཟབ་མོའི་བསྟན་པ་འཛིན༔ དཔལ་གྱི་ཡེ་ཤེས་སྤྲུལ་པ་ནི༔ སྔགས་སྐྱེས་དབང་ངམ་དཔལ་གྱི་མིང༔ དབང་དྲག་ལས་ཀྱི་བཀའ་རྟགས་འཛིན༔ གཞན་ཡང་ལས་ལྡན་སྐྱེས་བུ་ནི༔ དད་བརྩོན་ཤེས་རབ་སྙིང་རྗེ་ལྡན༔ ངེས་པའི་རྟགས་ཚད་འདི་ལ་མོས༔ རྨི་ལམ་ཉམས་ཀྱི་རྟེན་འབྲེལ་དང༔ མཐུན་ནས་ཡིད་ཆེས་སྐྱེས་པ་ན༔ ཟབ་མོའི་ཆོས་འདི་གཏད་རྒྱ་གྱིས༔ སྱ་མྱ་ཡྱ༔ ཟབ་མོའི་གཏེར་འདི་སྤེལ་བའི་དུས༔ བར་གཅོད་སྨོན་ལམ་ལོག་པའི་མཐུས༔ ཁ་ཟས་དུག་འདྲེས་ཇི་བཞིན་དུ༔ ལོག་པའི་ལམ་དུ་འཁྲིད་བྱེད་པ༔ བོན་བློན་སྟག་རྣའི་སྐྱེ་བ་ཞིག༔ བཤེས་གཉེན་ཚུལ་འཛིན་ལས་རབ་མིང༔ འབྲེལ་ཚད་ངན་སོང་གནས་སུ་འཁྲིད༔ ཐང་ནག་བོན་པོའི་སྐྱེ་བ་ནི༔ སེར་གཟུགས་དབང་ངམ་བཟང་མིང་ལྡན༔ ཆོས་འདིར་སྨོད་ཅིང་ཡ་ག་སྒྲོག༔ འདུ་ཤེར་ནག་པོ་བདུད་ཀྱི་རིགས༔ མ་རུངས་བློ་ཅན་ཚེ་དཔལ་མིང༔ བསམ་སྦྱོར་ངན་གོམས་དུག་སྦྱོར་བྱེད༔ དམར་རྒྱན་བཟའ་ཡི་ལོག་སྨོན་མཐུ༔ རིགས་ངན་ཀུན་རབ་མིང་འཆང་བས༔ དམ་གྲིབ་གཡོ་ཞིང་སྲོག་ལ་རྒོལ༔ གཞན་ཡང་ལེགས་ལྡན་བརྟེན་བྱ་དང༔ ལོག་སྤྱོད་སྤང་བྱའི་སྐྱོན་ཚང་བ༔ གང་ཡིན་སྒྲིབ་མེད་ལུང་བྱང་བཞིན༔ མཐོང་ནས་སྤང་བླང་གཅེས་པར་བཟུང༔ འཆལ་བར་སྤྱད་ན་རང་སྲོག་གཅོད༔ མི་མཐུན་རྐྱེན་དང་དུཿཁ་སྐྱེད༔ དེ་ཕྱིར་རྟོག་པ་ཞིབ་ཏུ་ཆུག༔ དོན་དང་ལྡན་ནོ་སྙིང་གི་བུ༔ ཞེས་མི་འགྱུར་བཀའི་ཆེམས་སུ་བཻ་རོ་བདག་གིས་རིན་ཆེན་དཀར་ཤོག་གི་ངོས་ལ་བཀོད་དེ་ལས་ལྡན་ལ་གདམས་སོ༔ སྱ་མྱ་ཡྱ༔ རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་ཤིང་སྟག་ཡོས་ཀྱི་ཟླ་བ་ལ་དངོས་གྲུབ་ཏུ་ཐོབ་པ་ལགས་སོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ བྱིན་རླབས་དབང་གི་མན་ངག་བཞུགས༔ གང་ཞིག་རྡོ་རྗེའི་གསང་བ་འདིར༔ སྨིན་འདོད་བྱིན་རླབས་རིམ་པ་བྱ༔ ཡིད་འོང་གནས་སུ་མཎྜལ་བཤམ༔ བཅུད་ལྡན་བུམ་པ་ཐོད་པ་དང༔ མེ་ལོང་མན་ཤེལ་དབང་གི་རྫས༔ ཕྱི་ནང་མཆོད་པར་བཅས་པ་བཀོད༔ སྒྲུབ་མཆོད་བདག་ཉིད་ནུས་ལྡན་པས༔ སློབ་མའི་བགེགས་བསལ་ཁྲུས་དབྱུང་ཞིང༔ དེ་ཡིས་ཡོན་དབུལ་གསོལ་བ་གདབ༔ ཚོགས་གསག་ཡན་ལག་བདུན་པ་བྱ༔ ལྷར་བསྐྱེད་སྙིང་ནང་ཡེ་ཤེས་པ༔ ཡབ་ཡུམ་མཉམ་སྦྱོར་སྒྲ་འོད་ཀྱིས༔ གྲངས་མེད་ཡེ་ཤེས་ཆར་ལྟར་དབབ༔ སྤོས་སྦྱོར་སྔགས་མཐར་ཨཱ་བེ་ཤ༔ བཏགས་པས་རིག་པའི་བརྟུལ་ཞུགས་བསྐྱེད༔ ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ དེ་ལྟར་བུམ་པ་བྱང་ཆུབ་སེམས༔ མེ་ལོང་རྡུལ་ལྡན་ཤེལ་རྡོ་ཡིས༔ རིམ་པ་བཞིན་དུ་དབང་བཞི་བསྐུར༔ དམ་བསྒྲགས་ཁས་བླངས་ཡོན་དབུལ་ལོ༔ བྱིན་རླབས་དབང་བསྐུར་ཡང་དག་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་པའི་མན་ངག་བཞུགས་སོ༔ ༁༔ རྒྱ་གར་སྐད་དུ༔ བཛྲ་སཏྭ་ཙིཏྟ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ཞེས་བྱ་བ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དངོས་པོ་ཀུན་གྱིས་ཕྱག་བཙལ་ནས༔ དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་བསྒྲུབ་པ་བྱ༔ ཤིན་ཏུ་དབེན་ཞིང་དག་པའི་སར༔ དམ་ཚིག་ཡོ་བྱད་ཚོགས་བྱས་ལ༔ ས་བདག་མཆོད་ཅིང་བདེན་པ་བསྒོ༔ མ་ཡེངས་དཀའ་ཐུབ་སེམས་ལྡན་པས༔ མདུན་གྱི་ནམ་མཁར་རྒྱལ་བ་རྣམས༔ སྤྱན་དྲངས་དང་བས་ཐལ་སྦྱར་ཏེ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཚོགས་གསག་ཚོགས་ཞིང་བཛྲ་མུ༔ རང་ལ་གཉིས་སུ་མེད་པར་བསྡུ༔ དངོས་གཞི་བསྙེན་པའི་ལས་རིམ་འདི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨོཾ་དང་ཨཱཿཧཱུྃ་ཡང་དག་བསམ༔ ཧཱུྃ་ལས་བྱུང་བའི་འོད་ཟེར་གྱིས༔ ཡེ་ཤེས་འཁོར་ལོ་ནམ་མཁར་དགུག༔ ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་བསམ་སྤྲུལ་པའི་ལྷས༔ འདི་སྐད་དུ་ནི་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾབཛྲ་ཏུཥྱ་ཧོ༔ དེ་ནས་བདག་གི་སྙིང་ག་རུ༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པ་དྲུག་འབུམ་དག་ཏུ་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས་ སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པ་འབུམ་ཕྲག་གཅིག་ཏུ་བཟླ༔ དེ་ལྟར་བཟླས་པའི་ཡོན་ཏན་གྱིས༔ མཚམས་མེད་ལྔ་ཡི་སྒྲིབ་སྦྱོང་ཞིང༔ སངས་རྒྱས་ཀུན་གྱིས་སྲས་སུ་དགོངས༔ སླར་ཡང་སྤྲུལ་པའི་དཀྱིལ་འཁོར་ནི༔ ཧཱུྃ་གི་ནཱ་དའི་བར་དུ་བསྡུ༔ དེ་ཉིད་སྨྲ་བསམ་བརྗོད་འདས་པ༔ མཉམ་ཉིད་སྤྲོས་བྲལ་ངང་དུ་བཞག༔ མཚམས་ཀྱི་བྱ་བ་ཅི་བདེར་སྤྱད༔ བསྙེན་པའི་མན་ངག་ཡང་དག་གོ༔ སྱ་མྱ་ཡྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཚོགས་གསག་སྒྲུབ་པའི་མན་ངག་བཞུགས་སོ༔ ཚོགས་གསག་སྒྲུབ་པའི་རིམ་པ་ནི༔ ཕུན་ཚོགས་ཡོ་བྱད་ཀུན་ལྡན་པས༔ གཙང་མའི་སྟེགས་བུ་རེ་ཁཱ་ལྔས༔ འདབ་མ་བརྒྱད་པའི་མ་དྷལ་བྲི༔ དབུས་སུ་ཟུར་དྲུག་ཤེལ་རྡོ་བཀོད༔ མེ་ཏོག་སྤོས་དང་མར་མེ་དང༔ བདུད་རྩིར་བཅས་པའི་མཆོད་པ་བཤམ༔ དེར་ནི་ཏིང་འཛིན་དཀྱིལ་འཁོར་བསྐྱེད༔ ཡེ་ཤེས་འཁོར་ལོ་དགུག་དང་དབང༔ སྔོན་བཞིན་དུ་ནི་ཡང་དག་བྱ༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང༔ རབ་སྦར་མཆོད་པ་འདི་ལྟར་འབུལ༔ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང༔ དྲི་མཆོག་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཞན་ཡང་ཇི་སྙེད་མཆོད་པས་མཆོད༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་བཟླས་པའི་རྣལ་འབྱོར་ནི༔ བདག་ཐུགས་སྔགས་ཀྱི་འོད་ཟེར་གྱིས༔ མདུན་གྱི་ས་བོན་སྔགས་བཅས་བསྐུལ༔ སྤྲོ་བསྡུས་བསགས་སྦྱངས་དོན་བྱས་སྒོམས༔ སྔར་བཞིན་བཟླས་པ་ཡང་དག་བྱ༔ དེ་ནས་ཕྲིན་ལས་བསྐུལ་བ་ནི༔ ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་ཚོགས་ཀྱི་དགའ་བ་དང༔ ཀུན་ཏུ་རུ་ཡི་སྦྱོར་ལྡན་པས༔ རྡོ་རྗེའི་གླུ་དང་གར་བྱ་འོ༔ ཡེ་ཤེས་གཤེགས་ཤིང་སྤྲུལ་པ་བསྡུ༔ སྒྲུབ་པའི་ལས་རིམ་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་མོ་ཁྲིད་ཀྱི་མན་ངག་བཞུགས་སོ༔ དབང་ཐོབ་སྙིང་པོའི་ལམ་མཆོག་ལ༔ ཡང་དག་བསླབ་པར་འདོད་པ་ན༔ མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷར་བསྐྱེད་ཡེ་ཤེས་དགུག་བསྟིམས་རྗེས༔ སྐུ་ཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བསྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ཨོཾ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ གསུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ སྣང་བ་སྒྱུ་མ་ལྟ་བུར་བལྟ༔ སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣ་དྷཱུ་ཏིར་ཚུད་པར་བལྟ༔ སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་ལ༔ ཧཾ་ཨོཾ་ཧཱུྃ་དང་ཨ་ཡིག་བསྒོམ༔ སྟེང་མནན་འོག་རླུང་གསུམ་དུ་དྲག༔ རོ་རྐྱང་ལས་བྱུང་རླུང་གིས་ཨ༔ སོལ་མེ་བུས་བཞིན་འབར་བར་བསམ༔ དེ་ཡིས་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ཨོཾ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ཨོཾ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང༔ བདེ་བ་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བ་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ བདེ་ཆེན་ཀ་དག་ངང་དུ་བཞག༔ གསལ་སྟོང་ཡེ་ཤེས་སྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང༔ རླུང་སྦྱར་མཉམ་གནས་གང་ལ་ཡང༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ དེ་ཚེ་དྷཱུ་ཏི་ལས་འོད་བྱུང༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུ་འམ་ཡིག་འབྲུ་ཐིག་ལེ་ལས༔ ཡུད་དེ་སེམས་བཞག་ཧྲིམ་གྱིས་བསྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་བཞིན་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་ལ་ལྷོད་ཀྱིས་གློད༔ སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བརྟེན༔ རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ བྱིང་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་གློད་ལ་མཉམ་གཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཉོན་མོངས་རྣམ་རྟོག་གང་ཤར་ཀྱང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ རྫོགས་རིམ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་བཞུགས་སོ༔ གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ལུས་ངག་ཡིད་སྒོ་ཡུལ་དང་རླུང༔ གནད་དྲུག་དང་པོ་ལུས་གནད་ནི༔ གནས་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཡིད་ནི་དུས་གསུམ་རྟོག་པ་ཕྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ ཉི་ཟླ་མར་མེའི་སྣང་བ་འོ༔ རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོར༔ དཀར་འཇམ་རྩ་ལས་བརྒྱུད་དེ་འཐོན༔ ནམ་མཁར་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲ་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མ་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བའོ༔ དེ་ནས་བརྩོན་པས་བསྒོམས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་ཐོན་ཐིག་ལེ་ནི༔ ལྔ་ཚོམ་གསལ་འཚེར་ལྷུན་སྡུག་འཆར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང༔ གྱེན་འགྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱ་འོ༔ དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་གང་བར་འཆར༔ འདི་དུས་ཤི་ན་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་པ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་དག༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང༔ འགག་པ་མེད་པས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཟད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་བཟླ་འོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང༔ སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ སྣང་བཞིའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ རྨི་ལམ་གྱི་མན་ངག་བཞུགས་སོ༔ གང་ཞིག་འཁྲུལ་པའི་སྐྱེ་བོ་རྣམས༔ ཡང་དག་ལམ་དུ་འཇུག་པའི་ཕྱིར༔ རྨི་ལམ་གདམས་པ་འདི་ཁོ་ན༔ དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་སྣང་བ་ལ༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང༔ ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བརྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཞིང་གསལ་ལ་ཟིན༔ དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང༔ མང་པོ་གཅིག་ཏུ་བསྡུ་བ་དང༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང༔ དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལས་ལྷ་སྐུར་ལྡང༔ དེ་ཡང་སྤེལ་ཞིང་བསྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔ སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ན༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང༔ དེ་ལྟར་ཡང་ཡང་དྲན་བྱ་ཞིང༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང༔ འོན་ཏེ་བར་དོར་རང་བྱན་ཚུད༔ དེ་ཕྱིར་ཟབ་མོའི་གདམས་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་ལམ་འཕོ་བའི་མན་ངག་བཞུགས་སོ༔ གང་ཞིག་རྨོངས་པ་ལེ་ལོ་ཅན༔ ཉམས་ལེན་མི་ལྡན་སྐྱེས་བུ་རྣམས༔ འཕོ་བའི་གདམས་པས་བཟུང་བར་བྱ༔ རྒྱུད་དག་ཚོགས་གསག་སྔོན་སོང་ནས༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ སྟོང་ར་འོད་ཀྱི་གོང་བུ་ཅན༔ སྒོ་དགུ་མཐིང་ནག་ཧཱུྃ་གིས་དགག༔ ལུས་ནང་དྷཱུ་ཏི་དམར་པོ་ཡི༔ མར་སྣར་རླུང་དཀྱིལ་སྔོན་པོ་ལ༔ གནས་པའི་རྣམ་ཤེས་ཐིག་ལེ་ནི༔ དཀར་པོ་གསལ་འཚེར་འཕར་གཡོར་བསྒོམ༔ སྤྱི་བོར་བླ་མ་རྡོ་རྗེ་སེམས༔ སྐྱབས་གནས་ཀུན་འདུས་ངོ་བོར་གསལ༔ མ་ཡེངས་རྩེ་གཅིག་གསོལ་བ་འདེབས༔ འོག་རླུང་གྱེན་བསྐུམ་རླུང་དཀྱིལ་བསྐུལ༔ མིག་ཡིད་རླུང་གསུམ་སྤྱི་བོར་དྲིལ༔ ཧིཀ་ཅེས་དྲག་ཏུ་བརྗོད་པ་ཡིས༔ རྣམ་ཤེས་གྱེན་འཕར་ཚངས་བུག་ལས༔ ཕྱིར་འཐོན་བླ་མའི་ཐུགས་ཀར་ཐིམ༔ དེ་ཉིད་ཇེ་མཐོ་ཇེ་མཐོར་སོང༔ དམིགས་མེད་སྤྲོས་བྲལ་ངང་དུ་བཞག༔ སྦྱོང་ཚེ་ཀ་ཞེས་ཐུར་དུ་ཕབ༔ བླ་མ་འོད་ཞུ་བདག་ལ་ཐིམ༔ སྟེང་རླུང་མནན་ནས་ལྟེ་བར་འཆིང༔ དེ་ཡིས་མ་བསྒོམ་བཙན་ཐབས་སུ༔ རྫོགས་པའི་བྱང་ཆུབ་ཆེན་པོའི་གནས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ འཕོ་བའི་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གཉིས་འཛིན་འཁྲུལ་གཅོད་མན་ངག་བཞུགས༔ གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔ དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང༔ ཆོ་འཕྲུལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལས༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ རྐྱེན་ངན་རང་གྲོལ་བོགས་འབྱིན་པའི༔ འཁྲུལ་གཅོད་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ དགེ་སྦྱོར་སྲང་དུ་འཇུག་པའི་མན་ངག་བཞུགས་སོ༔ རིམ་གཉིས་སྒོམ་པའི་རྣལ་འབྱོར་པས༔ དགེ་སྦྱོར་སྲང་དུ་འཇུག་པ་ན༔ ཉིན་མཚན་ཆ་ནི་བཞི་བཞིར་དབྱེ༔ ཉིན་དུས་ལྷ་སྐུ་སྒྱུ་མ་དང༔ འོད་གསལ་ངང་དུ་རྩལ་སྦྱང་ཞིང༔ མཚན་དུས་ཤེས་པ་ནང་དུ་བཟུང༔ ལྟེ་བའི་ཨ་ལས་གཏུམ་མོ་སྦར༔ སྤྱི་བོའི་ཧཾ་ཡིག་བདུད་རྩིར་ཞུ༔ སྙིང་གར་བབས་པའི་ཐིག་ལེ་ལ༔ སེམས་བཟུང་ལྷན་སྐྱེས་ཡེ་ཤེས་འཆར༔ གུང་ལ་སེང་གེའི་ཉལ་སྟབས་ཀྱིས༔ སྙིང་ནང་ཨ་དཀར་སེམས་བཟུང་ལ༔ མི་དམིགས་ངང་དུ་ཉལ་བར་བྱ༔ ཐོ་རངས་ཨ་ཡིག་སྙིང་ནང་ནས༔ སྤྱི་བོའི་འདོམ་གང་ནམ་མཁར་འཐོན༔ སེམས་བཟུང་གསལ་སྟོང་ཡེ་ཤེས་འཆར༔ གསང་བའི་དུས་བཞི་རྣམ་རྟོག་གི༔ བཞི་ཆ་གསུམ་བྲལ་ཆོས་སྐུ་ལ༔ རང་རིག་ཡེ་ཤེས་མ་ཡེངས་བསྒོམ༔ སྔ་ཕྱི་བར་དེར་དུས་གསུམ་གྱི༔ རྣམ་རྟོག་འཕྲོ་འདུ་རང་ཆད་དེ༔ མི་རྟོག་ཡེ་ཤེས་ཉིད་དང་སྦྱར༔ དེ་ལྟར་དུས་བཞིའི་གནད་གོམས་པས༔ ཡང་དག་དོན་ལ་གནས་པར་འགྱུར༔ སྲང་འཇུག་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ སྒྲིབ་སྦྱོང་ཁྲུས་ཀྱི་མན་ངག་བཞུགས་སོ༔ རིན་ཆེན་བུམ་པར་གཙང་མའི་ཆུ༔ ཉེར་ལྔའི་རྫས་དང་ལྡན་པས་བཀང༔ འདབ་བརྒྱད་མ་དྷལ་དབུས་སུ་བཀོད༔ སྟོང་པའི་ངང་ལས་བུམ་པ་ནི༔ མཚན་ཉིད་ཡོངས་རྫོགས་ལྟོ་བ་རུ༔ པདྨ་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པའི་ཚེ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ཉིད༔ བུམ་ནང་ལྷ་ཡི་ཐུགས་ཀར་ཞུགས༔ དེ་ལས་འོད་ཟེར་དཀར་པོ་ནི༔ གྲངས་མེད་འཁོར་འདས་ཀུན་ཏུ་སྤྲོས༔ དོན་བྱས་ཚུར་འདུས་ལྷ་ལ་ཐིམ༔ མཉམ་སྦྱོར་བདུད་རྩི་དཀར་པོའི་རྒྱུན༔ བུམ་པའི་ཆུར་འདྲེས་འོད་དུ་ཞུ༔ བྱང་སེམས་བདུད་རྩིའི་ངོ་བོར་བསམ༔ སྔགས་མཐར་ནད་གདོན་སྡིག་སྒྲིབ་རྣམས༔ ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས༔ སྟོང་བཟླས་བདག་ལུས་རིགས་དྲུག་གི༔ ས་བོན་བསྐྱེད་ལ་དེ་སྦྱང་བསམ༔ བུམ་ཆུས་བཀྲུ་ཞིང་འཐུང་བར་བྱ༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས༔ རྣམ་དག་ཡེ་ཤེས་རྒྱུད་ལ་སྐྱེ༔ སྒྲིབ་སྦྱོང་ཁྲུས་ཆོག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ།། ༈ །།རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ གྲོལ་ལམ་གསུམ་གྱི་མན་ངག་བཞུགས་སོ༔ ཐུན་མོང་འགྲོ་བ་མཐའ་དག་གིས༔ ལམ་ལ་སློབ་པར་མི་ནུས་པས༔ མ་བསྒོམ་གྲོལ་བ་ཐོབ་པའི་གནད༔ འདི་ལྟའི་རིམ་པ་བཞིན་དུ་བསྒྲུབ༔ བསྙེན་སྒྲུབ་དྲོད་ཐོབ་རྣལ་འབྱོར་པས༔ ཡར་ངོའི་དུས་སུ་དབེན་པའི་སར༔ རེ་ཁཱ་དཀར་པོའི་པད་འདབ་བརྒྱད༔ དེ་དབུས་རྡུལ་བྲལ་མེ་ལོང་ལ༔ དྲི་ཡིས་ཧཱུྃ་དང་ཡིག་བརྒྱ་བྲིས༔ དེ་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད༔ སྙིང་པོ་ཡི་གེ་བརྒྱ་པ་ནི༔ འབུམ་བཟླ་ཕྱོགས་བཅུའི་རྒྱལ་བ་རྣམས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་དེ་ལ་བསྟིམ༔ ལྷ་ཉིད་འོད་ཞུ་མེ་ལོང་ནི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ རབ་གནས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་རྟེན་ལམ་གྱི་བཞི་མདོ་རུ༔ བཀུར་སྟི་ཆེན་པོས་བཞུགས་སུ་གསོལ༔ གང་ཞིག་མཐོང་བའི་འགྲོ་བ་དེའི༔ ལས་སྒྲིབ་བྱང་ནས་བདེ་ཆེན་ཐོབ༔ དྲི་མེད་རས་ལ་རྡོར་སེམས་སྐུ༔ ཐུགས་ཀར་སྙིང་པོ་སྲོག་ཡིག་དང༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱཿ ཞེས་བྲི་མན་ཤེལ་ཟུར་དྲུག་ལ༔ རྩེ་མོར་ཧཱུྃ་མཱུྃ་ལོགས་དྲུག་ཏུ༔ སྦྱོང་བྱེད་དྲུག་དང་སྦྱང་བྱ་དྲུག༔ སྙིང་པོ་རྩ་བའི་སྔགས་རྣམས་བྲི༔ དར་རམ་གྲོ་གའམ་ཤོག་ཤོག་ལ༔ རིན་ཆེན་ལྔ་ཡི་ཁུ་བ་ཡིས༔ སྙིང་པོ་ཡིག་བརྒྱ་ཚར་བདུན་ནི༔ སྤེལ་ཚིག་བཅས་པ་དག་པར་བྲི༔ དྲི་བཟང་བྱིན་རླབས་རྫས་ཀྱིས་བྱུགས༔ མན་ཤེལ་དག་ལ་གཡས་བསྐོར་དཀྲི༔ སྣ་ཚོགས་དར་གྱིས་ཡང་དག་བཅིང༔ མ་དྷལ་དབུས་བཞག་བགེགས་སྦྱང་བཀྲུ༔ ལྷར་བསྐྱེད་བསྟིམ་མཆོད་ཐུགས་ཀ་ནས༔ འོད་འཕྲོས་འགྲོ་ཀུན་ལས་སྒྲིབ་སྦྱངས༔ བྱང་ཆུབ་གནས་བཀོད་དེ་དག་དང༔ རབ་འབྱམས་རྒྱལ་ཀུན་འོད་དུ་ཞུ༔ དེར་ཐིམ་གོང་གི་གསང་སྔགས་རྣམས༔ ཁྲི་བཟླས་རབ་གནས་མངའ་གསོལ་ཏེ༔ གང་གི་མགོ་འམ་སྙིང་གར་གདགས༔ མཚམས་མེད་སྒྲིབ་བྱང་བྱང་ཆུབ་ཐོབ༔ དཔའ་བོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་སྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནས༔ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ མ་དྷལ་དབུས་བཀོད་མཆོད་པ་བཤམ༔ བགེགས་བསྐྲད་ཁྲུས་བྱས་སྲུང་འཁོར་བསྒོམ༔ སྒྲུབ་རྫས་རླུང་མེ་ཐོད་སྒྱེད་ལ༔ གནས་པའི་པདྨའི་སྙིང་ནང་དུ༔ ས་བོན་བཅུ་ལས་དམ་རྫས་བཅུ༔ དེ་སྟེང་དཀར་གསལ་ཟླ་དཀྱིལ་ལ༔ ཧཱུྃ་ལས་རྡོར་སེམས་ཡབ་ཡུམ་བསྐྱེད༔ སྤྱན་དྲངས་མཆོད་དང་བསྟོད་བྱས་ནས༔ རླུང་བུས་མེ་སྦར་བདུད་རྩི་ནི༔ དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབས་བཞིན་ཐིམ༔ དེ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་བསྒོམ༔ དེ་ལྟར་གསལ་བསྒོམ་སྙིང་པོའི་མཐར༔ ཨོཾ་ཛྙཱ་ན་ཨ་མྲྀཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་བར་མ་ཆད་བཟླ་ཞིང༔ དུས་བཞིར་བྱིན་དབབ་དངོས་གྲུབ་བསྡུ༔ རྫས་ལ་འོད་འཕྲོ་དྲི་བཟང་དང༔ སྒྲ་སྙན་འཕར་སོགས་རྟགས་མཐོང་ན༔ སྙིང་པོར་སརྦ་སིདྡྷི་ཧཱུྃ༔ བཏགས་བཟླས་བཀྲ་ཤིས་མངའ་གསོལ་ནས༔ མཆོད་བསྟོད་མཇུག་གི་བྱ་བ་བསྒྲུབ༔ དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱོང༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ མ་བསྒོམ་བྱང་ཆུབ་སྒྲུབ་པའི་གནད༔ ཡང་ཟབ་མན་ངག་ཡང་དག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གཏེར་བདག་གླིང་པས་ངམ་ཤོད་གནམ་ལྕགས་བྲག་ནས་སྤྱན་དྲངས་པའོ། །སརྦ་མངྒ་ལཾ།། །།

གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ (Volume 3, Text 2)

གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ནི། ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེའི་སེམས། །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད། །རང་བཞིན་འོད་གསལ་སྙིང་རྗེའི་སྒྱུ་འཕྲུལ་གར། །ཅིར་ཡང་འཆར་བ་དཔལ་ལྡན་བླ་མར་འདུད། །ཕུལ་བྱུང་བསོད་ནམས་ཡེ་ཤེས་རྒྱ་མཚོའི་དངོས། །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་སོགས། །སྣ་ཚོགས་སྐྱེས་པ་རབས་ཀྱི་ཕྲེང་བ་ནི། །དུ་མའི་ཟློས་གར་སྟོན་ལ་གསོལ་བ་འདེབས། །གྲངས་མེད་བསྐལ་པར་གོམས་པའི་སྙིང་རྗེའི་མཐུས། །བོད་ཡུལ་དབུས་ཀྱི་ནོར་འཛིན་གྲུབ་པའི་གཞིར། །དཔལ་ལྡན་སྨྱོས་རིགས་རྡོ་རྗེ་འཛིན་དབང་གི །སྲས་སུ་ཉེ་བར་བལྟམས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་བཟང་པོའི་བག་ཆགས་མཐུ། །ལེགས་པར་སད་པས་དབང་བསྐུར་ཆོས་འཆད་སོགས། །དམ་པའི་རྣམ་འགྱུར་ངང་གིས་གསལ་བའི་ཚུལ། །བཅོས་མ་བྲལ་བར་སྟོན་ལ་གསོལ་བ་འདེབས། །དད་དང་སྙིང་རྗེ་ཆེན་པོའི་སྟོབས་རྒྱས་ཤིང་། ཐེག་མཆོག་ལྷ་སྔགས་སྐྱེས་རབས་གླེང་གཞི་སོགས། །འབད་རྩོལ་མེད་པར་ཐོས་པ་ཙམ་གྱིས་མཁྱེན། །འཁོར་ཚོགས་དགའ་བ་བསྐྱེད་ལ་གསོལ་བ་འདེབས། །རིགས་མཆོག་བདག་པོ་རྡོ་རྗེ་འཛིན་དབང་གིས། །བྱིན་བརླབས་དབང་བསྐུར་ཕྱི་ནང་བར་ཆད་བསལ། །སྔགས་ཆོག་སྒྲུབ་ཐབས་དུ་མ་ལོ་བརྒྱད་ནས། །ཐོགས་མེད་གསུང་བར་མཛད་ལ་གསོལ་བ་འདེབས། །བཤེས་གཉེན་དུ་མའི་གསུང་ངག་ཉེར་བསྟེན་ནས། །རིགས་པའི་གནས་དང་ཐེག་པ་རྣམ་གསུམ་གྱི། །གཞི་ལམ་འབྲས་བུའི་རྣམ་གཞག་ཇི་སྙེད་པ། །མཐའ་དག་མཁྱེན་པར་མཛད་ལ་གསོལ་བ་འདེབས། ཁྱད་པར་སྐྱབས་ཀུན་སྙིང་པོ་རིག་འཛིན་རྗེར། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང་། །དཔག་ཡས་རྒྱུད་སྡེའི་དབང་ལུང་མན་ངག་གི །བདུད་རྩི་ངོམས་པར་གསོལ་ལ་གསོལ་བ་འདེབས། །གཞན་ཡང་བཤེས་གཉེན་ལྔ་ཕྲག་རྣམ་ལྔ་ལས། །མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ། །ལེགས་པར་གསན་ནས་བསྟན་པའི་སྲོག་འཐུད་པའི། །ཐུགས་བསྐྱེད་རྨད་དུ་བྱུང་ལ་གསོལ་བ་འདེབས། །མ་རྨད་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །མདོ་སྔགས་གཞུང་ལུགས་ཀུན་གྱི་དེ་ཉིད་དོན། །འཕགས་བོད་མཁས་གྲུབ་དུ་མའི་བཞེད་སྲོལ་བཞིན། །མ་འདྲེས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །དབེན་པའི་གནས་སུ་བླ་མ་ཞི་ཁྲོ་དང། །སྒྲུབ་སྡེ་བརྒྱད་སོགས་རབ་འབྱམས་ལྷག་པའི་ལྷ། །བསྙེན་ཅིང་སྒྲུབ་ཚེ་ཞལ་གཟིགས་ལུང་བསྟན་པའི། །ངོ་མཚར་མཚན་མ་བརྙེས་ལ་གསོལ་བ་འདེབས། །མྱུར་བདེ་རྫོགས་རིམ་ཟབ་མོའི་གསང་བ་ཀུན། །ཐུན་མོང་མིན་པའི་གནད་ཀྱིས་བྱང་ཆུབ་ནས། །རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མའི་དབྱིངས། །རྗེས་མཐུན་རྫོགས་པར་གྱུར་ལ་གསོལ་བ་འདེབས། །གདོད་མའི་མགོན་པོ་རྩ་བའི་བླ་མ་དང་། །ཐུགས་ཡིད་དབྱེར་མེད་འདྲེས་པས་ཟབ་མོའི་དོན། །ཀ་དག་རྫོགས་ཆེན་རང་སྣང་རིས་མེད་ཀྱི། །དགོངས་པ་མངོན་དུ་གྱུར་ལ་གསོལ་བ་འདེབས། །ལྷུན་གྲུབ་ཐོད་རྒལ་རྡོ་རྗེའི་གསེང་ལམ་ཆེར། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས། །མངོན་སུམ་རྟགས་སྣང་མཐར་ཕྱིན་སྣང་བ་གསུམ། །མངོན་གྱུར་ཡེ་ཤེས་གཟིགས་ལ་གསོལ་བ་འདེབས། བཟང་པོའི་ལས་ཀྱི་འཕྲོ་བཞིན་མཁའ་འགྲོ་ཡི། །ལུང་གིས་བསྐུལ་ནས་ཤ་འུག་ལྟག་སྒོ་སོགས། །གཏེར་གནས་རྣམས་ནས་ཟབ་གཏེར་འདོད་པ་དགུའི། །སྒོ་འཕར་གཅིག་ཅར་ཕྱེ་ལ་གསོལ་བ་འདེབས། །པདྨ་འབྱུང་གནས་བི་མ་བཻ་རོ་དང་། །མཚོ་རྒྱལ་ཉང་དང་ཆོས་དབང་ཀུན་མཁྱེན་སོགས། །དམ་པ་དུ་མས་དངོས་ཉམས་རྨི་ལམ་དུ། །དབང་བསྐུར་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་ངེས་དོན་ཟབ་མོའི་ལམ། །ཇི་བཞིན་མངོན་གྱུར་སྲིད་ལས་རྣམ་གྲོལ་ཀྱང་། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱི་། །བདེ་ཆེན་ཡེས་ཤེས་བརྙེས་ལ་གསོལ་བ་འདེབས། །དེ་ཉིད་རྣམ་པ་བཅུ་ཡི་མཐར་སོན་པས། །བསྙེན་སྒྲུབ་ཕྲིན་ལས་བཞི་ཡིས་རིས་ཅན་འགྲོ །ཚར་གཅོད་རྗེས་འཛིན་ཐོགས་མེད་མཐུ་གྲུབ་པའི། །རྡོ་རྗེ་འཛིན་དབང་མཆོག་ལ་གསོལ་བ་འདེབས། །ཐེག་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི། །དབང་ལུང་མན་ངག་གདམས་པ་དུ་མ་ཡིས། །སྐལ་པའི་ཁྱད་པར་ཇི་བཞིན་སྨིན་པ་དང། །གྲོལ་བའི་ལམ་བཟང་སྟོན་ལ་གསོལ་བ་འདེབས། །དྲི་མེད་བཞེད་གཞུང་ལུང་རིགས་དཔུང་ལྡན་པས། །རྒོལ་ངན་རྩོད་པའི་ཕྱོགས་ལས་རྣམ་རྒྱལ་ཞིང་། །རྩོམ་ཚེ་ཚིག་དོན་འབྲེལ་ཆགས་ལེགས་བཤད་ཀྱིས། །བློ་གསལ་ངོ་མཚར་བསྐྱེད་ལ་གསོལ་བ་འདེབས། །མཆོག་དང་བར་པ་དམན་པའི་འགྲོ་ཀུན་ལ། །བསྟོད་དང་དབུགས་དབྱུང་སྤྲོ་བ་བསྐྱེད་པ་སོགས། །བསྡུ་བའི་དངོས་པོ་རྣམ་བཞིས་སོ་སོའི་ཡིད། །ཀུན་དགའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །བསྟན་པའི་རྩ་ལག་དཀོན་མཆོག་གསུམ་གྱི་རྟེན། །ཇི་སྙེད་བསོད་ནམས་ཞིང་དུ་སྤེལ་མཛད་ཅིང་། །ཕ་རོལ་ཕྱིན་དྲུག་རླབས་ཆེན་སྤྱོད་པ་ལས། །ནམ་ཡང་ཉམས་པ་མེད་དེར་གསོལ་བ་འདེབས། །ལྷ་མིའི་མཆོད་འོས་ཀུན་གྱིས་གུས་བཏུད་ཀྱང་། །རྙེད་དང་བཀུར་བསྟིའི་ཁྱད་པར་གང་ལ་ཡང་། །སྲེད་པ་སྤངས་པས་རྟག་ཏུ་འཆིང་གྲོལ་བ། །བརྟུལ་ཞུགས་གྲུབ་པའི་དཔའ་བོར་གསོལ་བ་འདེབས། །ལྔ་བདོའི་མཐུ་ཡིས་རྒྱལ་བའི་བསྟན་པ་ཡང་། །སྣུམ་ཟད་མར་མེ་ལྟ་བུར་གྱུར་པ་ལ། །སྣ་ཚོགས་ཐབས་ཀྱིས་འཕེལ་ཞིང་རྒྱས་པའི་ཐབས། །བརྩོན་པའི་སྙིང་སྟོབས་ལྡན་ལ་གསོལ་བ་འདེབས། །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས། །ཕུལ་བྱུང་ཡོན་ཏན་ཀུན་གྱིས་ལེགས་འབྱོར་ཞིང་། །འགྲོ་ལ་ཕན་པའི་མཛད་པས་དམ་པ་ཞེས། །བསྔགས་པའི་མེ་ཏོག་འཐོར་དེར་གསོལ་བ་འདེབས། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱིས་བར། །གང་གི་རྣམ་ཐར་ཡིད་ལ་བྱེད་པ་དང་། །མོས་གུས་རྒྱུན་མི་ཆད་པའི་གདུང་ཤུགས་ཀྱིས། །གསོལ་བ་སྙིང་ནས་འདེབས་པར་བྱིན་གྱིས་རློབས། །སྒོ་གསུམ་མི་དགེའི་ལས་ལས་རྣམ་གྲོལ་ཞིང་། །བག་ཡོད་དྲན་དང་བརྩོན་པའི་སྙིང་སྟོབས་ཀྱིས། །རྣམ་དཀར་དགེ་ཚོགས་རྒྱ་ཆེན་སྒྲུབ་པ་ལ། །ལྷོད་པ་མེད་པའི་སྙིང་སྟོབས་ལྡན་པར་ཤོག །ཐེག་པ་གསུམ་དང་ཁྱད་པར་གསང་ཆེན་གྱི། །ངེས་པའི་ཐེག་པར་ཡིད་ཆེས་གསུམ་ལྡན་པས། །ཟབ་མོའི་ལམ་ཀུན་ཇི་བཞིན་ཁོང་ཆུད་ནས། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །གང་ཚེ་མགོན་ཁྱོད་བྱང་ཆུབ་མཆོག་བརྙེས་པའི། །ཞིང་དེར་འདུས་པ་དང་པོར་འགྱུར་བ་དང་། །ཆོས་མིག་རྡུལ་བྲལ་རྫོགས་སངས་རྒྱས་ཉིད་དུ། །ལུང་སྟོན་སྐལ་བཟང་བདག་གིས་ཐོབ་གྱུར་ཅིག །ཅེས་སྡེ་སྣོད་འཛིན་པ་བསྟན་འཛིན་གར་དབང་གིས་མངོན་པར་དང་བས་རིང་མོ་ནས་བསྐུལ་བ་དང་། ཉེ་ཆར་མདོ་ཁམས་པ་བླ་མ་དཔལ་ལྡན་སེང་གེས་གསེར་གྱི་མེ་ཏོག་དང་བཅས་ཏེ། བདག་ཉིད་ཀྱི་རྣམ་ཐར་གསོལ་འདེབས་སུ་བྱས་པ་ཞིག་བསྐུལ་བ་སྔར་བརྗོད་པའི་ཡོན་ཏན་དེ་དག་དང་མི་ལྡན་ཀྱང་འདུ་ཤེས་གསུམ་ལྡན་གྱི་སྤྱོད་ཚུལ་རྣམས་བརྗོད་པ་སྐབས་སུ་མ་འབྲེལ་བས། སྙན་ངག་མཁན་གྱི་རབ་རྟོག་གི་དཔེར་བརྗོད་དང་མཚུངས་པར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ། ༈ །གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས། མཚན་འཛིན་འཁྲུལ་པའི་སྦུབས་ལས་རབ་གྲོལ་བ། འགྱུར་མེད་བདེན་དོན་གནས་ལུགས་མངོན་སུམ་དུ། ཡོངས་གཟིགས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཅེས་གསེར་ཟངས་གྲུབ་ཆེན་འགྱུར་མེད་ཀློང་གྲོལ་གྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་སོ། ༈ །བསླབ་གསུམ་རྣམ་དག་མང་ཐོས་འཇིག་རྟེན་མིག །ཟབ་མོའི་གནས་ལུགས་མངོན་གྱུར་རྣལ་འབྱོར་མཆོག །སྐལ་ལྡན་སྐུ་བཞིར་སྨིན་མཛད་ངག་གི་དབང་། །ཆོས་དཔལ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་པ་འདི་ནི་ཆོས་འབྱུང་ཟངས་ཀྱི་མཚོ་བྲག་གི་འདུས་སྡེས་བསྐུལ་ངོར་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ།། །།

སྨིན་གླིང་རྡོར་སེམས་བརྒྱུད་འདེབས་ (Volume 3, Text 3)

ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སིཾ་ཧའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བཻ་རོ་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔ་འགྱུར་བསྟན་པའི་ཉི་མ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །རིག་འཛིན་ས་བརྙེས་པདྨ་བསྟན་འཛིན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་པར་རྒྱལ། །མཆོག་གཟིགས་པདྨ་དབང་རྒྱལ་ལྕམ་དྲལ་ཟུང་། །གཙུག་ལག་ཆོས་རྒྱལ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་འདོད་དགུའི་མཆོག་སྩོལ་བླ་མ་རྗེ། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདིས་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ །བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་ཤར། ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་རྒལ་གྱི། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །ཅེས་མདོ་ཁམས་གོ་འཇོ་བླ་མ་ཤེས་རབ་འོད་ཟེར་དང་བསོད་ནམས་ཕུན་ཚོགས་གཉིས་ཀྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་བྲིས་པའོ།། །།

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ (Volume 3, Text 4)

༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་བྱང་ཆུབ་སེམས་མཆོག་སྟོང་པའི་དངོས། །གཉིས་མེད་རོ་མཉམ་མཁའ་ཁྱབ་རྡོ་རྗེའི་སེམས། །མ་ལུས་རིགས་ཀྱི་འཁོར་ལོའི་དབང་ཕྱུག་གཙོ། །བླ་མ་མཆོག་དང་དབྱེར་མེད་དེར་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་ཀུན་གྱི་སྙིང་པོའི་གྲོང་། །བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ། །གྲངས་མེད་རྣལ་འབྱོར་འཇུག་པའི་ཐབས་ཀྱི་མཆོག །རྣམ་པར་གྲོལ་བའི་ལམ་བཟང་དབྱེ་བར་བྱ། །དེ་ཡང་གཏེར་གཞུང་རྩ་བ་ལས། དད་བརྩོན་ཤེས་རབ་སྙིང་རྗེར་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་གསུངས་པ་བཞིན་རྟེན་གྱི་གང་ཟག་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་དམ་ཚིག་དང་ལྡན་པ། སྔགས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་སྣོད་དུ་གྱུར་པ་དག་གིས་བླ་ན་མེད་པའི་དངོས་གྲུབ་མྱུར་དུ་འགྲུབ་པ་ནི་དམ་ཚིག་རྣམ་པར་དག་པ་ལ་རག་ལས་ཤིང་། དེའི་ཐབས་ཀྱི་ཉེ་ལམ་ནི་འདི་ཁོ་ནའོ། །དེ་ལ་རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང་། ཞུགས་པའི་ཆོ་ག་དངོས་དང་། ཆོ་གའི་ཡན་ལག་གཞན་བཤད་པ་དང་གསུམ་ལས། དང་པོ་རྟེན་གྱི་དཀྱིལ་འཁོར་འདུ་བྱ་བ་ནི། གང་དུ་དཀྱིལ་འཁོར་བྱ་བའི་གཞི་དེར་གཏོར་མ་དཀར་ཟླུམ་རྒྱན་ལྡན་མཆོད་པ་དང་བཅས་པ་བཤམ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྻམཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོདྷ་ཡ་ཧཱུྃ་ཕཊ། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གཏོར་མ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་བྱིན་པར་བསམ་ཞིང་། གཏོར་མ་གཉིས་པ། ཨོཾ་སརྦ་བི་གྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་ནས། །འདུ་བའི་ལྷ་ནི་མ་གཏོགས་པ། །ཐམས་ཅད་ཐུགས་རྗེས་བསྐངས་ཟིན་གྱིས། །ད་ལྟ་ཉིད་དུ་སོ་སོར་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྡོ་རྗེ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དེ་མ་ཐག་ཏུ་བཀས་ནས་ནི། །བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར། །ཅེས་བཀའ་བསྒོས་ལ། བགེགས་རྣམས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པས་བསྐྲད་ལ་བསྲུང་བའི་འཁོར་ལོས་མཚམས་བཅད་ཅིང་། དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག་དྲི་བཟང་དང་བདུད་རྩི་ལྔས་ཆག་ཆག་གདབ། དེ་ནས་ཐིག་སྐུད་ཐིག་ཆལ་དང་བཅས་པ་འདུ་བྱས། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་རྡོར་སེམས་སུ་གསལ་བའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཐིག་སྐུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་དབྱེར་མེད་པར་གྱུར། ཛཿཛཿཞེས་རྒྱལ་ཐེབས་ཡུམ་དུ་གསལ་བ་ལ་ཐིག་སྣ་གཏད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་ཅིང་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་བཞིན་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་པད་རྡོར་མེ་ཕྲེང་གིས་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཕྱི་ནང་གི་མུ་ཁྱུད་དང་བཅས་པའི་ཐིག་སྤྱི་ལྟར་བཏབ། ཚོན་རྣམས་སྔར་བཞིན་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་སྔར་གྱི་ས་བོན་རྣམས་བརྗོད་པས་བྱིན་གྱིས་བརླབས། ཚོན་ཐོབ་ནི་པདྨའི་ལྟེ་བ་མཐིང་ག །གེ་སར་གྱི་མུ་ཁྱུད་སེར་པོ། འདབ་མ་རྣམས་སྣ་ཚོགས་པ། མུ་ཁྱུད་ལྗང་གུ །སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་བྲིའོ། །རྩ་བར་པདྨ་འདབ་མ་བརྒྱད་པ་ཁོ་ན་ལས་མ་བཤད་པ་ནི་སྒོས་ཀྱི་ཁྱད་ཆོས་དམིགས་སུ་བསལ་བ་ཡིན་གྱི་གཞན་སྒོམ་དོན་གྲུ་བཞི་སྒོ་བཞི་པ་ཡིན་པས་བྲིས་དཀྱིལ་ཀྱང་དེ་ལྟར་དགོས་པར་གྲུབ་བོ། །རྒྱན་དགྲམ་པ་ནི། སྒྲུབ་མཆོད་སྤྱི་ཙམ་ལ་དཀྱིལ་འཁོར་གྱི་དབུས་སུ་མན་ཤེལ་ཟུར་དྲུག་པ་དང་། དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་ནང་རྫས་མགུལ་ཆིངས་དང་བཅས་པའི་ཁར་ཐོད་པ་དུམ་བུ་གཅིག་པ་བདུད་རྩི་རིལ་བུས་སྦགས་པའི་ཆང་གིས་བཀང་བ་བཞག །དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་རྡུལ་གྱིས་བྱུགས་ནས་ཆོས་འབྱུང་བསྣོལ་མ་མཱུཾ་ཡིག་དགའ་འཁྱིལ་དང་བཅས་བྲིས་པས་བཀབ་པའི་ཁར་སྔར་གྱི་ཤེལ་རྡོ་བཀོད། གང་ལྟར་ན་ཡང་དཀྱིལ་འཁོར་གྱི་མདུན་དུ་མཆོད་གཏོར། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལ་སོགས་པའི་མཆོད་རྫས་བཟང་པོ་ཅི་འབྱོར་བས་བསྐོར། བླ་རེ་བ་དན་རྒྱལ་མཚན་སོགས་ཀྱིས་མཛེས་པར་བརྒྱན། ཚོགས་རྫས་རྡོར་དྲིལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།། ༈ །།གཉིས་པ་ཆོ་ག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི། དང་པོ་སྔོན་གཏོར་ནི། རྣལ་འབྱོར་པ་རྣམས་སྟན་ལ་འཁོད་དེ། གཞི་བགེགས་ལ་གཏོར་མ་ས་ཆོག་གི་སྐབས་བཞིན་འདིར་ཡང་བྱའོ། །གཉིས་པ་རྒྱུད་དག་པའི་ཕྱིར་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་ལ་སོགས་པར་བརྗོད་ལ་བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །གསུམ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མི་དམིགས་པར་སྦྱངས་ལ། སྟོང་པའི་ངང་ལས་གནས་ཁང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་ཕྱོགས་ཀུན་ཏུ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་རྡོ་རྗེའི་ལྷ་མོ་བཅུ་དྲུག་མཆོག་གི་མ་ད་ན་དང་རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱཱ། ཤབྡ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རོལ་མོ་བྱ། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃཿ ཞེས་པ་རྣམས་རེ་རེ་བཞིན་ལན་བདུན་བདུན་བརྗོད་པས་ཁྱད་པར་གྱི་རྫས་རྣམས་བྱིན་གྱིས་བརླབས་ཤིང་། བཛྲ་སྥ་ར་ཎ་ཁཾ་གིས་མཆོད་པའི་སྤྲིན་རབ་འབྱམས་ཡེ་ཤེས་ཀྱི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་ཆོ་གའི་དངོས་གཞི་ལ། སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་དང་། ཚོགས་གསག་སྒྲུབ་པའི་རྣལ་འབྱོར། བྱིན་རླབས་དབང་གི་རྣལ་འབྱོར་དང་གསུམ། བསྙེན་པའི་རྣལ་འབྱོར་ལ་བཞི་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་པ་དང་དགྱེས་པ་བསྐྱེད་ནས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾ་བཛྲ་ཏུཥྱ་ཧོ༔ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། །གསུམ་པ་ལ་མཆོད་བསྟོད་བཟླས་པའི་རྣལ་འབྱོར་དང་གསུམ་ལས། དང་པོ་ལ་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་གཉིས་ལས་དང་པོ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང༔ དྲི་མཆོག་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཞེས་མཆོད་པ་སྤྲུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་ཤབྡའི་བར་དང་། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་པས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལས་སྦྱོར་མཆོད་ནི། མཚན་ལྡན་བདེ་བའི་རྒྱན་ལྡན་པའི༔ མི་མོ་རྣམས་ཀྱི་རེག་བྱའི་མཆོག༔ བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས༔ གསང་མཆོག་བདེ་བའི་གནས་ལ་རོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ སྨན་དང་རཀྟའི་མཆོད་པ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ རཱ་ས་ཡཱ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ གཏོར་མའི་མཆོད་པ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་རྒྱ་ཆེར་མཆོད། གཉིས་པ་བསྟོད་པ་ནི། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། གཞུང་རྩ་བར་དབང་བསྐུར་གྱི་རྗེས་ཉིད་དུ་བཟླས་པའི་རྣལ་འབྱོར་བྱེད་པར་གསུངས་པས་མཆོད་བསྟོད་མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །གསུམ་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཞེས་པས་ཏིང་ངེ་འཛིན་གྱི་རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་དག་པ་དྲན་པ་རྣམས་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པ་ཅི་ནུས་སུ་བཟླས་པའི་རྗེས་སུ་སླར་ཡང་། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླའོ། །སྤྱིར་བསྙེན་ཚད་ནི་གྲངས་བསྙེན་གྱི་དབང་དུ་བྱས་ན་ཡི་གེ་དྲུག་པ་འབུམ་ཚོ་དྲུག་དང་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། བཟླས་པའི་ཐུན་ཐམས་ཅད་ཀྱི་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ་བོ། །བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། ཉལ་བའམ་ཐུན་བསྡུ་བ་ན། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག །ཉལ་བ་ལས་ལྡང་བའམ་སྤྱོད་ལམ་ལ་འཇུག་ན་སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་ལངས་ལ་མཐར་དགེ་བ་བསྔོའོ། །གཉིས་པ་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་ཚོགས་ཞིང་སྒྲུབ་པ་ནི། སྔར་གྱི་ཉེར་བསྡུའི་མཐའི་ཏིང་ངེ་འཛིན་གྱི་ངོ་བོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་བཞིན་ཉིད་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་དྲུག་གི་ཡུལ་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཀུན་ཏུ་ཁྱབ་པར་སྣང་བས་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་མདངས་སེམས་ཉིད་ཧཱུྃ་དཀར་པོའི་རྣམ་པ་ཅན་དུ་གསལ་བར་བསྒོམས་ལ་དེའི་དོན་གསལ་འདེབས་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དྭངས་མའི་ཧཱུྃ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་ཕྱོགས་ཀུན་དཀྲིགས་པར་གྱུར། དེའི་དབུས་སུ་གནས་པའི་རྒྱུའི་ཧཱུྃ་ཡིག་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དཀར་མཐིང་སེར་དམར་ལྗང་བའི་རྩིག་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབས་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ། སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། ཕྱི་རོལ་ནས་པདྨའི་ཕྲེང་བ་དང་རྡོ་རྗེའི་ར་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧཱུྃ་དུ་གནས་པ་བཞུགས་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པ་འོད་ཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་སཏྭ་ཨཱ༔ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པན་ཟི་ལྡིར་གར་གྱི་ཕུ་རུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང་། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། །དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སོགས་ནི། སྙིང་གའི་ས་བོན་ལས་འོད་ཟེར་སྤྲོ་བ་ནས་བཟུང་དབང་གི་རིགས་བདག་གིས་དབུ་བརྒྱན་པའི་བར་བདག་བསྐྱེད་ཀྱི་སྐབས་བཞིན་བྱའོ། །གསུམ་པ་ཚོགས་གསག་པའི་རྣལ་འབྱོར་དངོས་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ནི། ཚོགས་རྟེན་གྱི་ཐུགས་ཀ་ནས་རང་ཉིད་ལོགས་སུ་ཕྱེ་བས་ཕྱག་སོགས་ལས་རིམ་ལ་འཇུག་པར་མོས་ལ་རང་ལུས་གྲངས་མེད་པར་སྤྲུལ་པས་ཕྱག་འཚལ་བར་བསམ་ཞིང་། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབས་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་དང་བཞི་ལས། དང་པོ་ཕྱི་མཆོད་ཀྱི་ཐོག་མར་མཆོད་སྤྲིན་སྤྱིར་སྤྲོ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་འབུལ་བ། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱ། ཤབྡ་རྣམས་བཅུག་ལ་མཆོད། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བླ་མ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་དབང་ཀུན་དངོས་རྡོ་རྗེ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ན་བཟའ་འབུལ་བ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱན་འབུལ་བ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལངྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ། ཡིད་བྱུང་གི་མཆོད་པ་འབུལ་བ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་འབུལ། གཉིས་པ་ནང་མཆོད་ལ་གསུམ་ལས། དང་པོ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ ར་སཱ་ཡ་ན་སྨན་ཆེན་པོ༔ ཉོན་མོངས་ཆགས་པའི་རཀྟར་བཅས༔ མཉམ་པ་ཆེན་པོར་བཞེས་སུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཨ་ལ་ལ་ཧོ༔ ཞེས་དང་། གཉིས་པ་ནི། ཨོཾ་མཆོད་དོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ་དུ༴ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུ༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་དུ༴ རིག་འཛིན་ཤྲཱི་སིཾ་ཧའི་ཞལ་དུ༴ སློབ་དཔོན་རྡོ་རྗེ་ཧཱུྃ་མཛད་ཞལ་དུ༴ པཎ་ཆེན་དྲི་མེད་བཤེས་གཉེན་ཞལ་དུ༴ ཨོ་རྒྱན་པདྨ་འབྱུང་གནས་ཞལ་དུ༴ ལོ་ཆེན་བཻ་རོ་ཙ་ནའི་ཞལ་དུ༴ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཞལ་དུ༴ མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཞལ་དུ༴ རིག་འཛིན་འགྱུར་མེད་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་མཆོག་གི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་དང་། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥྭ་མེ། ཞེས་ལྕེ་ཐོག་ཏུ་མྱང་། གསུམ་པ་གཏོར་མ་འབུལ་བ་ནི། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ བཟའ་བཅའ་བཏུང་བའི་ཚོགས་ལྡན་པའི༔ དམ་རྫས་མཆོག་གི་གཏོར་མ་འདི༔ གཉིས་སུ་མེད་པར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་འབུལ། གསུམ་པ་གསང་མཆོད་ནི། ཕྱག་རྒྱ་དང་སྙོམས་འཇུག་གི་བདེ་བས་དགྱེས་དགུར་རོལ་པར་མོས་ལ། མཚན་ལྡན་བདེ་བའི་རྒྱན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག །བྱིན་གྱིས་རློབས་ཤིག་རྣལ་འབྱོར་ཚོགས །གསང་མཆོག་བདེ་བའི་གནས་ལ་རོལ། །མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་ལ་ལ་ཧོཿ ཞེས་མཆོད། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གདོད་ནས་རང་རིག་ལྷ་རུ་དག །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་བླ་ན་མེད་པའི་མཆོད་པའོ། །གསུམ་པ་བསྟོད་པ་ནི། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གི་མཚན་ཙམ་འཛིན་པས་ཀྱང༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །བཞི་པ་ཛབ་བཟླ་བ་ནི། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བྱེ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བྱུང་བའི་འོད་ཟེར་གྱིས་མདུན་གྱི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྥ་ར་ཎ་ཕཊ། མདུན་བསྐྱེད་ཀྱི་དྭངས་མའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ། སཾ་ཧ་ར་ཎ་ཧཱུྃ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས། དཀྱིལ་འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ་ཡི་གེ་དྲུག་པ་དང་། ཡི་གེ་བརྒྱ་པ་སྔར་བཞིན་ཅི་ནུས་བཟླས་པའི་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ ཞེས་སོགས་ཀྱིས་གསོལ་བ་བཏབ། སྐབས་འདིར་ལས་སྦྱོར་གྱི་བཟླས་པ་བྱ་བར་སྤྲོ་ན། དཀྱིལ་འཁོར་གྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས། ཁམས་གསུམ་ཐམས་ཅད་སྣང་བར་བྱས། ངན་སོང་རྣམས་སྦྱངས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བར་བསམས་ལ། ཡི་གེ་བརྒྱ་པའི་ཤམ་བུར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་བཏགས་པ་བཟླས་ལ་བྱེ་ཡུངས་ལའང་ཕུས་གདབ། ལས་སྦྱོར་བཟླས་པ་ཡོད་མེད་གང་ལྟར་ཡང་མཐར། གཙོ་བོ་རྡོ་རྗེ་སེམས་དཔའི་ཞལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་བརྒྱ་པ་ཞེས་བྱ་བ་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འདི་བཟླས་པས་རྣལ་འབྱོར་པ་རྟོག་སྒྲིབ་ཅན། ཉམས་ཆག་ཅན། གསོག་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱེད་རྣམས་ཀྱི་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་དུ་ལྟུང་བའི་ལས་ཀྱི་སྒྲིབ་པ་ལས་ཐར་བར་འགྱུར་རོ། །ཚེ་འདི་ལ་ཡང་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གནང་བ་བྱིན་པར་བསམ་མོ། །དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་ཛཔ྄་བྱ་སྟེ། སྐྱེད་ཆོག་ནི་མདུན་བསྐྱེད་དང་དབྱེར་མེད་ཡིན་པས་ཟུར་དུ་མི་དགོས་ལ། བཟླས་པ་ནི། བུམ་པའི་གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་། ལྷ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད་སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཡིག་བརྒྱ་ཅི་ནུས་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་ཆུ་བདུད་རྩིར་བསམ་མོ། །ལྔ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུ་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ། །ཞེས་པས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །དྲུག་པ་དམ་བཅའ་བ་ནི། རྒྱས་པར་ན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་ཏེ་ལྷག་པའི་བསམ་པ་བརྟན་པོས། ཨོཾ། རྣལ་འབྱོར་དབང་པོ་ཡེ་ཤེས་མཐར་ཕྱིན་པ། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་སྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་སྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པ། །འདི་ལ་ཀུན་མཁྱེན་ཁྱོད་ནི་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །འཕགས་མཆོག་སྤྱན་སྔར་ཇི་ལྟར་དམ་བཅས་པ། །སུན་པར་མི་བགྱི་མགོན་ཁྱོད་བསླུ་མ་ལགས། །སྙིང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་སྤྱོད། །ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤང་། །རྡོ་རྗེའི་དམ་ཚིག་ཆེན་པོ་རྣམས་དང་ནི། །རྡོ་རྗེ་སློབ་དཔོན་རྡོ་རྗེ་མཆེད་ལྕམ་དང་། །གཞན་ཡང་ཐེག་པ་མཆོག་ལ་ཞུགས་པ་རྣམས། །སྲོག་གི་ཕྱིར་ཡང་མི་གཏོང་ཅི་ནུས་བསྲུང་། །འཁོར་བ་བདག་མེད་སྒྱུ་མའི་རང་བཞིན་ལ། །བདག་ནི་འཇིགས་པ་ཅི་ཡང་མ་མཆིས་ཏེ། །མ་རིག་སྐྱེ་བོ་རྣམས་ཀྱི་དོན་སླད་དུ། །ཕྱི་མཐར་ཐུག་གི་བར་དུ་གནས་པར་སྤྲོ། །གཞན་དོན་འཁོར་བ་རྣམས་སུ་སྤྱོད་པ་ན། །བྱང་ཆུབ་སྤྱོད་པ་རླབས་ཆེན་བདག་གིས་སྤྱད། །འགྲོ་དྲུག་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །རང་དབང་དུ་ནི་སྐྱེ་བ་བླང་བར་བགྱི། །བདག་ནི་ཡོངས་སུ་བཟུང་བའི་འཇིག་རྟེན་ནམ། །མྱ་ངན་འདས་ལ་སྤྲོ་བ་མ་མཆིས་ཏེ། །གང་དང་གང་དུ་སྡུག་བསྔལ་གནས་རྣམས་སུ། །བསྐལ་པ་རྒྱ་མཚོར་གནས་ཤིང་ཕན་པར་བགྱི། །སྲིད་པར་ཡུན་རིང་དུས་སུ་བརྩོན་པ་ནི། །བྱང་ཆུབ་སེམས་དཔའི་ཡི་དམ་ལགས་པས་ན། །ཇི་སྲིད་ངན་སོང་སྟོངས་པར་མ་གྱུར་པ། །དེ་སྲིད་བདག་གིས་སྐྱོ་བའི་སེམས་མི་བསྐྱེད། །ཤེས་རབ་ཐབས་ཀྱིས་འགྲོ་བའི་དོན་བགྱིད་པ། །སྙིང་རྗེའི་ལོངས་སྤྱོད་དེ་ལས་མ་མཆིས་པས། །སེམས་དམྱལ་ཡི་དྭགས་གཤིན་རྗེའི་འཇིག་རྟེན་ཡང་། །ལྷ་ཡི་དགའ་ཚལ་ལྟ་བུར་བལྟ་བར་བགྱི། །འགྲོ་ལ་ཐུགས་བརྩེས་དཔལ་གྱི་མགུར་ནས་གསུངས། །རྣལ་འབྱོར་དམ་ཆོས་བདུད་རྩི་མཆོག་རྣམས་ནི། །བདག་གིས་འཇིག་རྟེན་ཐུག་པ་མ་མཆིས་བར། །ཇི་ལྟར་འཚམས་པ་བཞིན་དུ་རྒྱས་པར་བགྱི། །སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པ་མཆོག་ལ་ཞུགས་པའི་སྐྱེ་བོ་ལ། །ཚེ་རབས་རྣམས་སུ་མཐུ་རྩལ་ཅི་མཆིས་ཀྱིས། །སྐྱེས་ཆེན་རྣམས་ཀྱི་དགོངས་པ་རྟག་ཏུ་བསྐང། །དམ་པའི་ཆོས་དང་སྒྲུབ་པའི་གེགས་གྱུར་པ། །མི་དང་མི་མིན་གདུག་པ་གང་ཡང་རུང་། །བདག་གིས་ཞི་དང་ཁྲོ་བོའི་ཕྲིན་ལས་ཀྱིས། །ཡོངས་སུ་ཞི་ཞིང་རྣམ་པར་གཞོམ་པར་བགྱི། །རྣལ་འབྱོར་མཆོག་གི་ཐེག་ཆེན་བླ་མེད་དང་། །རྡོ་རྗེ་རྒྱལ་པོ་ཁྱོད་ལ་བསྟེན་ནས་ནི། །སངས་རྒྱས་ཞིང་སྦྱོང་འགྲོ་ལ་སྨན་སླད་དུ། །བྱང་ཆུབ་སྙིང་པོ་བདག་གིས་རྟོགས་པར་བགྱི། །བདག་ནི་འཕགས་མཆོག་ཕྱག་རྒྱ་མངོན་སྤྲུལ་ཏེ། །གལ་ཏེ་སྐབས་མེད་འཆི་བའི་དུས་བྱུང་ཚེ། །གསང་སྔགས་མགོན་པོ་ཡེ་ཤེས་དཀྱིལ་འཁོར་ཅན། ཁྱེད་ཀྱི་ཞབས་ཀྱི་དྲུང་དུ་མཆི་བར་བགྱི། །སྲིད་གསུམ་སྡུག་བསྔལ་ཅི་འདྲ་ཁྱེད་ཀྱིས་མཁྱེན། །དམྱལ་ཚོགས་མེ་དཔུང་ཞི་བར་བགྱིད་ལ་སོགས། །སེམས་ཅན་དོན་ལ་མྱུར་དུ་བདག་མཆི་ན། །དམ་པ་རྣམས་ཀྱིས་ནུས་མཐུ་བསྩལ་དུ་གསོལ། །བསྡུ་ན། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་ལྷག་པའི་བསམ་པ་རྩེ་གཅིག་པས་དམ་འཆའོ། །བདུན་པ་ནི། སྐོང་གི་ཆོ་ག་བྱ་བར་སྤྲོ་ན། སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་དོང་སྤྲུགས་ཀྱི་ཆོ་གར་བཤད་པ་བཞིན་སྐབས་འདིར་བྱ་སྟེ། སྨན་གཏོར་རཀྟ་མར་མེ་རྣམས་ལྷ་གྲངས་སམ། གཏོར་མ་དཀར་དམར་གཉིས་དང་སྨན་རཀ་མར་མེ་སྣ་རེ་ཙམ་བསྣན་པས་ཀྱང་རུང་ལ། གང་ལྟར་ཡང་སྐོང་བ་བྱ་བ་ལ་བདུན་ལས། དང་པོ་རྟོགས་སྐོང་ནི། རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རོ་མཉམ་པར་བལྟས་ལ། ཧཱུྃ། བསྐང་ངོ་ཀལྤས་ཐུགས་དམ་བསྐང་། །དངོས་པོ་སྟོང་ཉིད་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཀློང་དུ་བསྐང་། །གསལ་བ་ཤེས་རབ་ཀློང་དུ་བསྐང་། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང་། །སྐྱེ་བ་མེད་པའི་དབྱིངས་སུ་བསྐང་། །འགག་པ་མེད་པའི་མཁའ་ལ་བསྐང་། །སྐྱེ་འགག་གཉིས་མེད་ཀློང་དུ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །གཉིས་པ་བདུད་རྩིས་སྐོང་བ་ནི། ཧཱུྃ། བསྐང་ངོ་བདུད་རྩིས་ཐུགས་དམ་བསྐང་། །ཀུན་གཞི་ཀློང་ཡངས་བྷཉྫ་རུ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །དམིགས་མེད་ཆོས་སྐུའི་ཐུགས༴ གདངས་གསལ་འབར་བའི་བྷཉྫ་རུ། །ཡེ་ཤེས་སྒྲིབ་མེད་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ལོངས་སྤྱོད་རྫོགས་སྐུའི་ཐུགས༴ མཆོག་གི་འོད་གསལ་བྷཉྫ་རུ། །ཐིག་ལེ་འབར་བའི་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །རྒྱལ་བ་སྤྲུལ་སྐུའི་ཐུགས༴ ཡེ་ཤེས་རྩ་ལྔའི་བྷཉྫ་རུ། །སྐྱེ་མེད་ཨ་དཀར་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། །ཞི་བའི་ལྷ་ཚོགས་ཐུགས༴ དཔའ་བོ་འབྲུ་ལྔའི་བྷཉྫ་རུ། །ཤེས་རབ་རང་གསལ་བདུད་རྩིས་བཀང་། །འདི་ཡང་རང་བྱུང་བདུད་རྩི་སྟེ། ཁྲོ་བོའི་ལྷ་ཚོགས་ཐུགས༴ བདུད་རྩི་སྨན་གྱི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། གསུམ་པ་གཏོར་མས་སྐོང་བ་ནི། ཧཱུྃ། བསྐང་ངོ་གཏོར་མས་ཐུགས་དམ་བསྐང་། །བྷཉྫ་འབར་བའི་གཏོར་གཞོང་དུ། །ཤངས་ཀྱི་རླུང་སྒྲོམ་དཔལ་བཤོས་བཙུགས། །འཁོར་ལོ་འབར་བའི་མཐེབ་ཀྱུས་བསྐོར། །སྒྲོན་མ་མིག་གི་ཛ་གད་བསྩལ། །དབང་པོ་ལྔ་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །ཉི་ཟླ་ཁ་སྦྱོར་གཏོར་གཞོང་དུ། །ཙིཏྟ་འབར་བའི་དཔལ་བཤོས་བཙུགས། །པདྨ་འདབ་བརྒྱད་མཐེབ་ཀྱུས་བསྐོར། །རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྩལ། །རྩ་ཆེན་བཞི་ཡི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཁྱབ་བརྡལ་པགས་པའི་གཏོར་གཞོང་དུ། །རུས་པ་རང་སྣང་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་བསྐོར། །བཀྲག་དང་མདངས་ཀྱི་ཛ་གད་བསྩལ། ཁྲག་དང་ཆུ་སེར་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང། །ཞི་ཁྲོ་རབ་འབྱམས་ཐུགས༴ ཁོག་པ་སྟོང་པའི་གཏོར་གཞོང་དུ། །མཆིན་པ་རང་སྣང་དཔལ་བཤོས་བཙུགས། །གློ་མཚེར་མཁལ་མའི་མཐེབ་ཀྱུས་བསྐོར། །གུ་ཧྱ་ནང་ཁྲོལ་ཛ་གད་བསྩལ། །རང་སྣང་མཁྲིས་པའི་རཀྟས་བརྒྱན། །འདི་ཡང་རང་བྱུང་གཏོར་མ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ བ་ལིཾ་འདོད་ཡོན་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཞི་པ་རཀྟས་སྐོང་བ་ནི། ཧཱུྃ། བསྐང་ངོ་རཀྟས་ཐུགས་དམ་བསྐང་། །སྤྱི་བོ་བདེ་ཆེན་བྷཉྫ་རུ། །སྡུག་བསྔལ་རྣམ་རྟོག་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མགྲིན་པ་ལོངས་སྤྱོད་བྷཉྫ་རུ། །སྣ་ཚོགས་ཡིད་ཀྱི་རཀྟས་བཀང། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ སྙིང་ག་ཆོས་ཀྱི་བྷཉྫ་རུ། །བསམ་པ་བློ་ཡི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ལྟེ་བ་སྤྲུལ་པའི་བྷཉྫ་རུ། །ཉོན་མོངས་སྲིད་རྩའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ གསང་བ་བདེ་སྐྱོང་བྷཉྫ་རུ། །བདེ་བ་ཐིག་ལེའི་རཀྟས་བཀང་། །འདི་ཡང་རང་བྱུང་རཀྟ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ རཀྟ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །མ་ཧཱ་རཀྟ་ཁཱ་ཧི། ལྔ་པ་སྒྲོན་མེས་སྐོང་བ་ནི། ཧཱུྃ། བསྐང་ངོ་སྒྲོན་མེས་ཐུགས་དམ་བསྐང་། །བརྡལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་ལ། །རང་གསལ་བཀྲག་མདངས་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ དུང་ཆེན་འབར་བའི་ཀོང་བུ་རུ། །གོ་རོ་ཙ་ནའི་མར་ཁུས་གཏམས། །གསལ་བྱེད་རྩ་ལྔའི་སྡོང་བུ་ལ། །དབང་པོ་སྒོ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཙིཏྟ་འབར་བའི་ཀོང་བུ་རུ། །སྙིང་ཚིལ་དཀར་དམར་མར་ཁུས་གཏམས། །པདྨ་འདབ་བརྒྱད་སྡོང་བུ་ལ། །རྣམ་ཤེས་ཚོགས་བརྒྱད་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཨ་བ་དྷཱུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ཀྱི་མར་ཁུས་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་ལ། །བྱང་ཆུབ་སེམས་ཀྱི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མི་ཤིགས་ཐིག་ལེའི་ཀོང་བུ་རུ། །སྐྱེ་མེད་ཡེ་ཤེས་མར་ཁུས་གཏམས། །རྩ་ཕྲན་བཅུ་གཉིས་སྡོང་བུ་ལ། །རིག་པ་རང་བྱུང་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཡེ་ཤེས་རྩ་ལྔའི་ཀོང་བུ་རུ། །ཨ་དཀར་རྩ་གཅིག་མར་ཁུས་གཏམས། །ཡེ་ཤེས་འོད་ཟེར་སྡོང་བུ་ལ། ཤེས་རབ་འབྲུ་ལྔའི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ མཆོག་གི་འོད་གསལ་ཀོང་བུ་རུ། །གདངས་གསལ་འོད་ཀྱི་མར་ཁུས་གཏམས། །ཐིག་ལེ་འབར་བའི་སྡོང་བུ་ལ། །ཡེ་ཤེས་ལྔ་ཡི་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་ལ། །སྐུ་ལྔ་ལྷུན་གྲུབ་ཞུན་མར་སྦར། །འདི་ཡང་རང་བྱུང་སྒྲོན་མེ་སྟེ། །བླ་མ་རིག་འཛིན་མཆོག་གསུམ་དང་། །ཞི་ཁྲོ་རབ་འབྱམས་ཐུགས༴ སྒྲོན་མེ་འབར་བའི་དམ་ཚིག་འདིས། །མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དག །དབང་དང་དངོས་གྲུབ་བསྩལ་དུ་གསོལ། །དཱི་པ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡཾ་ཧོཿཤུདྡྷེ་ཤུདྡྷེ། བཾ་ཧོཿཤུདྡྷེ་ཤུདྡྷེ། ལཾ་ཧོཿཤུདྡྷེ་ཤུདྡྷེ། རཾ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིག་པ་ལན་བདུན་དུ་བྱའོ། །དྲུག་པ་ཞི་བ་གནས་དག་གི་སྐོང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་། །ཆོས་ཀྱི་ངོ་བོ་གནས་དག་པ། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཕུང་པོ་ལྔ་པོ་གནས་དག་པ། །རྒྱལ་བ་ཡབ་ལྔའི༴ འབྱུང་བ་ལྔ་པོ་གནས་དག་པ། །རྒྱལ་བ་ཡུམ་ལྔའི༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ། །སེམས་དཔའ་བརྒྱད་ཀྱི༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ། །སེམས་མ་བརྒྱད་ཀྱི༴ ལུས་ཀྱི་ཆོས་བཞི་གནས་དག་པ། ཁྲོ་བོ་བཞི་ཡི༴ རྟག་ཆད་མུ་བཞི་གནས་དག་པ། ཁྲོ་མོ་བཞི་ཡི༴ ཉོན་མོངས་དྲུག་པོ་གནས་དག་པ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་། །བདུན་པ་ཁྲོ་བོ་གནས་གྱུར་གྱི་སྐོང་བ་ནི། ཧཱུྃ། ཀུན་གཞི་ཡིད་ཆོས་གནས་གྱུར་པ། །དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཉོན་མོངས་དུག་ལྔ་གནས་གྱུར་པ། ཁྲག་འཐུང་ཡབ་ལྔའི༴ འབྱུང་བ་ལུས་ལྔ་གནས་གྱུར་པ། ཁྲག་འཐུང་ཡུམ་ལྔའི༴ རྣམ་བཞིའི་རྟོག་པ་གནས་གྱུར་པ། །ཧེ་རུ་ཀ་བཞིའི༴ སྐྱེ་གནས་བཞི་པོ་གནས་གྱུར་པ། །ཀྲོ་དྷཱི་རིགས་བཞིའི༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ། ཁྲོ་མོ་བརྒྱད་ཀྱི༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ། །ཕྲ་མེན་བརྒྱད་ཀྱི༴ རྟག་ཆད་མཐའ་བཞི་གནས་གྱུར་པ། །སྒོ་མ་བཞི་ཡི༴ སྣ་ཚོགས་རྟོག་པ་གནས་གྱུར་པ། །དབང་མོ་ཉེར་བརྒྱད༴ མི་ཤིགས་སྐུ་ཡི་ཐུགས་དམ་བསྐང་། །འགག་མེད་གསུང་གི༴ འགྱུར་མེད་ཐུགས་ཀྱི༴ ཡོན་ཏན་མི་ཟད༴ ཕྲིན་ལས་རྒྱན་གྱི༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་། །ཉམས་ཆག་ཐམས་ཅད་སྐོང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཞེས་པས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་ཐམས་ཅད་འཁོར་གསུམ་མི་རྟོག་པ་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་བའོ། །གསུམ་པ་བྱིན་རླབས་དབང་གི་རྣལ་འབྱོར་ལ་གཉིས་ལས། དང་པོ་རང་དོན་བདག་འཇུག་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། དང་པོར་ཁྲུས་བྱས། མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ ཞེས་སོགས་ཀྱིས་ལན་གསུམ་གསོལ་བ་བཏབ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་ཡན་ལག་བདུན་ལྡན་གྱིས་ཚོགས་གསག །སྡོམ་བཟུང་ནི། རྒྱས་པར་ན་སྡོམ་པ་གསུམ་སྔར་ཐོབ་ལ་དམིགས་སུ་སྨོས་པའི་གསོ་སྦྱོང་དང་གསར་འཇུག་གི་དམིགས་ཕྱེད་པའི་དོན་དུ། དེང་ནས་སྲོག་གཅོད་མི་བྱ་ཞིང་། །སོགས་ཀྱིས་སོ་ཐར། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་ཀྱིས་བྱང་སྡོམ། ཇི་ལྟར་དུས་གསུམ་མགོན་པོ་སོགས་རྒྱས་པའམ། བསྡུ་ན། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་ནི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང་། ཡེ་ཤེས་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། དམིགས་གནད་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧཿཛྷཻཾཿ ཞེས་དྲག་ཏུ་བཟླ་ཞིང་དབབ། ཕེབས་པ་ན། ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་དངོས་གཞིའི་དོན་དུ་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུན་ད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་ལ། ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་པས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ནི། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་སློབ་མའི་ལག་ཏུ་གཏད། ལྟེ་བའི་ཡིག་འབྲུ་ལས་སྲིན་ལག་གིས་བླངས་པའི་ཐིག་ལེ་སྙིང་གར་བྱུགས་པས་གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པར་བསམས་ལ། ཧཱུྃ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་སྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ནི། རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པའི་མཚོན་བྱེད་ཤེལ་རྡོ་བསྟན་ལ། ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ ཞེས་པས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་བསམས་ལ་ཡང་སྙིང་ལན་བདུན། ཡིག་བརྒྱ་ལན་གསུམ་བརྗོད་ལ་བསྒོམ་བཟླས་ཀྱི་དམ་བཅའ་བླང་། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་བཅས་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་། གཏང་རག་གི་མཎྜལ་འབུལ་བར་བྱའོ། །གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་འཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ། འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། །ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སཏྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་བླངས་ཀྱང་གནང་བ་ཞུ་བ་ནི་ངེས་པར་བྱ་དགོས་སོ། །གཉིས་པ་གཞན་དོན་སློབ་མ་ལ་དབང་བསྐུར་བ་ནི། གསོན་གཤིན་གང་ལ་བསྐུར་ཀྱང་སྐབས་དེ་དང་དེའི་ཚིག་ཟུར་བསྒྱུར་བ་ཙམ་ལས་བདག་འཇུག་གི་ཆོ་ག་ཉིད་ཀྱིས་འགྲུབ་པས་དེ་ལྟར་ཤེས་པར་བྱ། འོན་ཀྱང་སློབ་མ་གསར་བུ་པ་ལ་སྡོམ་བཟུང་རྒྱས་པར་གྲུབ་ན་ལེགས་པས། སོ་ཐར་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དེང་ནས་སྲོག་གཅོད་མི་བྱ་ཞིང་། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་གདན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ལན་གསུམ། བྱང་སྡོམ་ནི། དགོངས་གསོལ་ཚིག་རྐང་གཉིས་གོང་ལྟར་ལ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རིགས་ལྔའི་སྡོམ་བཟུང་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་སྔགས་སྡོམ་བཅས་སོ་སོ་དང་སླར་རང་གཞུང་གིས་མདོར་བསྡུས་ཏེ་བཟུང་། སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་ནི། ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་དང་བི་ཤྭའི་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད་ལ། སློབ་བུས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་གསང་གནས་སུ་དུ། ལྟེ་བར་ཏྲི། སྙིང་གར་པྲེ་རྣམས་ཀྱི་རྣམ་པར་གནས་པའི་སོ་སོའི་སྟེང་དུ་རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ་གསུམ་དུ་གསལ་བར་བསམས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གསང་གནས་ཀྱི་དུ་བསྲེགས་གཏོར་སྦྱང་བར་བསམས་ལ། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཅེས་སྦྱངས། སློབ་དཔོན་གྱི་ལག་པ་གཡས་ཀྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ། གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམས་ལ། ཨོཾ་སུ་ར་ཏ་སཏྭཾ་ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི་ཧོཿཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ། ཞེས་བསྡམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམས་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས། ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ན་ར་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་ཐལ་མོ་དཀྲུགས་པས། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་མོ། །སྔོན་ལས་ལ་འགྱོད་ཅིང་བཤགས་སྡོམ་གྱི་བསམ་པས། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །ཞེས་གསོལ་བ་གདབ། གནང་བ་བྱིན་པ་ནི། བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ན་རཀ་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཅེས་དབང་སྟེགས་སུ་དྲང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་པ་བཟླ་ཞིང་ཡུངས་ཀར་གྱིས་བྲབ། ཁྲུས་བུམ་གྱིས་དབང་བསྐུར་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ད་ཧ་གོང་བཞིན་བཏགས་པས་བཀྲུས་ནས། རིགས་ཀྱི་བུ་འདིས་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་ལག་པ་བྱིན་རླབས་དོར་བའི་སྒོས་ཆོས་བྱེ་བྲག་པ་རྣམས་འདོན་པ་སྤོས་ནས་བྱ་སྟེ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སྙིང་གའི་པྲེ་བསྲེག་གཏོར་སྦྱང་བར་གྱུར། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཨོཾ་སུ་ར་ཏ་སཏྭཾ། བཛྲ་ཨཉྫ་ལི་ཧོཿ བཛྲ་བྷན་དྷ་བཾ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས། ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་པྲེ་ཏ་ཀ་ཤུདྡྷ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་ཡི་དྭགས་སུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །ཡི་དྭགས་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་པ་ཙ་གོང་བཞིན། རིགས་ཀྱི་བུ་འདིས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འབྱུང་བའི་ཡི་གེ་གསུམ་བསྐུལ། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་ལྟེ་བའི་ཏྲི་སྲེག་གཏོར་སྦྱང་བར་གྱུར། རཾ་སྥ་ར་ཎ་ཕཊ། ཡཾ་སྥ་ར་ཎ་ཕཊ། ཁཾ་སྥ་ར་ཎ་ཕཊ། ཨོཾ་སུ་ར་ཏ་སཏྭཾ། བཛྲ་ཨཉྫ་ལི་ཧོཿ བཛྲ་བྷན་དྷ་བཾ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཏིརྻ་ཀ་ཤུདྡྷ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། སློབ་དཔོན་གྱི་ཐུགས་ཀ་དང་རིགས་ལྔའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས་དུད་འགྲོར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་གྱུར། ཀྱེ་མ་ཀྱི་ཧུད་རྡོ་རྗེ་འཛིན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ། །སླད་ནས་མི་འཆབ་མི་སྦེད་དོ། །བུ་འདིར་ཤོག་ཅིག་རིགས་ཀྱི་བུ། །རང་གི་ཉམས་དང་ཟླས་ཉམས་ཀྱིས། །དུད་འགྲོའི་གནས་སུ་ལྟུང་བ་ལས། །སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཨོཾ་མ་ཐ་མ་ཐ་སརྦ་ཏིརྻཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡིག་བརྒྱའི་མཐར་ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། རིགས་ཀྱི་བུ་འདིས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར་བའོ། །དེ་ནས་རྣམ་སྣང་དང་མི་འཁྲུགས་པའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཞེས་བཟླས་མཐར། རིགས་ཀྱི་བུས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉོན་མོངས་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་སྟེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད། དེ་དག་ནི་ངན་སོང་གནས་འདྲེན་གྱི་དབང་ཞེས་བྱ་སྟེ་བཅུད་ཁྱད་པར་ཅན་བླག་པ་ལ་སྣོད་དག་པར་བྱེད་པ་བཞིན་ནོ། །དེ་ནས་ཡོན་ཏན་ཡར་འཕེལ་གྱི་དབང་གི་ཐོག་མར་ཡེ་ཤེས་པ་དབབ་ཅིང་། དངོས་གཞིའི་དབང་བཞི་གོང་གསལ་བསྐུར་བར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བཞི་ལས། དང་པོ་ཚོགས་མཆོད་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་ཡོ་བྱད་མངོན་པར་བཤམས་ལ། བསང་ཆུ་དང་བདུད་རྩིས་གཏོར་ནས། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ། རཾ་ཡཾ་ཁཾ། རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾཿ ཞེས་སྤྱན་དྲངས། ཨོཾ་གུ་རུ་བཛྲ་སཏྭ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། ཨོཾ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ ཤབྡ་ གནྡྷེ་ ར་ས་ སྤརྴེ་སོགས་ཉེར་སྤྱོད་འདོད་ཡོན་གྱིས་སྤྱིར་མཆོད་ལ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་ནས། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ གུས་པའི་བློ་ཡིས་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པས་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བསྟབ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ནས། ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿས་ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་དམིགས་རྟེན་ལ་བཀུག །ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་གནད་ཀྱི་ངེས་པ་ཇི་ལྟ་བས་བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་སྟོབ་ལ། དུག་ལྔས་གཟིར་ཞིང་མནར་བ་དང་། །གདུག་ཅིང་གཏུམ་པའི་སེམས་ཅན་རྣམས། །བདག་མེད་དབྱིངས་སུ་བསྒྲལ་པའི་རྫས། །འདོད་ཡོན་དམ་ཚིག་ཆེན་པོར་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་ཕུལ། ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམས་པར་གྱུར། ཅེས་བསྒྲལ་མཐར་སྦྱོར་བའི་དམ་ཚིག་གིས་དགྱེས་པ་བསྐྱེད་ནས། ཨོཾ་བཛྲ་སཏྭ་ཨཱཿ ཞེས་སླར་ཡང་རྡོར་སེམས་སུ་ང་རྒྱལ་འཕོ། ཚོགས་ལ་རོལ་བ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་འགྲོལ་ཕྱིར། བརྡ་དང་བརྡའི་འབུལ་ལེན་ནི། ལས་རྡོར་གྱིས་ཕྱག་སྔོན་དུ་འགྲོ་བས་ཐབས་ཤེས་ཀྱི་རྫས་བསྣོལ་མར་བཟུང་ལ། ཧོ༔ ཆོས་དབྱིངས་བྷཉྫར་སྣང་སྲིད་བདུད་རྩིར་བསྐྱིལ༔ རྡོ་རྗེའི་བཅུད་ལྡན་མི་ཟད་ལོངས་སྤྱོད་དང༔ ཛ་གད་གར་མཆོད་སྒེག་མཛེས་རྫས་མཆོག་འབུལ༔ ལྷུན་གྲུབ་བདེ་ཆེན་ཀློང་རོལ་དཔའ་བོ་ཆེ༔ ཞེས་བརྗོད་ཅིང་འབུལ། སློབ་དཔོན་གྱིས་པད་ཀོར་སྔོན་འགྲོས་རྩེ་གསུམ་གྱི་རྒྱ་དང་བཅས། ཨེ་མ་ཧོ༔ འདོད་ཡོན་མ་སྤངས་ཟག་བྲལ་ཐབས་ཤེས་རྫས༔ ཡིད་བཞིན་གཏེར་མཛོད་གུ་ཧྱའི་ལོངས་སྤྱོད་རྣམས༔ བདག་ལུས་འཛིན་བྲལ་རྒྱལ་བའི་དཀྱིལ་འཁོར་འདིར༔ བདེ་ཆེན་རོ་གཅིག་ངང་དུ་བླངས་ཏེ་རོལ༔ ཞེས་བརྗོད་ལ་ལེན་པའི་དམ་ཚིག་བསྲེ་བ་སྔོན་དུ་བཏང་ནས་རང་ལུས་ཀྱི་དཀྱིལ་འཁོར་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་རོལ། ཆ་གསུམ་གྱི་ཆོ་ག་སྤྲོ་ནའང་འདིར་བྱ། ཚོགས་ལ་རོལ་རྗེས། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར། །མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས། །ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང་། །འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་རྣམས་བསྡུས་ལ་སློབ་དཔོན་གྱི་ཁ་ཕྲུ་བཏབ་ནས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབས་ལ། ཨེ་ཨཱ་རལླི་ཧྲིཾ་ཛཿ ཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ། ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་མེ་ཏོག་ལ་སོགས་པས་མཆོད་ནས། ཧཱུྃ༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ ལྷག་གཏོར་དབང་བའི་སྲུང་མ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་ཏུ་གནས་པའི་འབྱུང་པོ་དམ་ཚིག་ཟབ་མོ་ལྟ་བ་ལ་མི་དབང་བ་རྣམས་ལ་བྱིན་ནས་གསང་བ་མཆོག་གི་སྐལ་ལྡན་དུ་སྨོན་ལམ་གདབ། གཉིས་པ་གཏོར་མ་གཏོང་བ་ནི། ཆོས་སྐྱོང་གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་བླངས་ལ་རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུར་དུ་བཞག །སྨན་རཀ་བྲན། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ་ཆད་ཐོར་འབུལ་བ་ནི། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བདག་ནི་སློབ་དཔོན་དེ་ཡི་རྒྱུད༔ ཁྱོད་ནི་ལྷ་འདྲེ་གཡར་དམ་ཅན༔ སྔོན་ཚེ་ཁས་བླངས་བཀའ་མ་བཅག༔ ད་ལྟ་རིག་འཛིན་དམ་མའདྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་འབུལ། གཏོར་གཞོང་བཤལ་བའི་ཆུས་བརྟན་གཏོར་ལ་བྲན་ལ་འབྲུ་གསུམ་གྱིས་བྱིན་བརླབས་ལ། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བརྟན་མ་བསྐྱང་། འདི་དག་རིགས་མཐུན་གྱི་ཆོ་ག་གཞན་ནས་བླངས་ཏེ་བྱ་བར་གསུངས་པ་བཞིན་དྲག་དམར་ནས་སབ་པའི་རྒྱུན་ཉིད་སོར་བཞག་གོ །གསུམ་པ་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པར་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ། སོགས་ཀྱིས་བྱིན་བརླབས། ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་སྦྱར་ཏེ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པ་སྔགས་མཆོད་ཙམ་གྱིས་ཕུལ་ལ། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །ཞེས་སོགས་ཤློ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། རས་བྲིས་ཡིན་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཅེས་དར་ཅིག་མཉམ་པར་བཞག །ཨོཾ་བཛྲ་སཏྭ་ཨཱཿ སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། ཞེས་གནས་གསུམ་དུ་རྡོ་རྗེས་རེག་ཅིང་ཡི་གེ་འབྲུ་གསུམ་གྱིས་རྒྱས་བཏབ། བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ། ཞེས་དང་སྤྱི་བོར་གོ་ཆའི་རྒྱ་བཅས་པས་བསྲུང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་བརྗོད་ཅིང་ང་རྒྱལ་བཟུང་ལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་མར་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །ཉིན་ཐ་མ་སོགས་དཀྱིལ་འཁོར་གཤེགས་གསོལ་བྱེད་ན་གཏང་རག་གི་མཆོད་བསྟོད་ནོངས་བཤགས་སྔར་བཞིན་གྱི་མཐར། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱིས་ཡེ་ཤེས་པ་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དཀྱིལ་འཁོར་དམ་ཚིག་པ་སྔར་བཞིན་ཉེར་བསྡུ་བདག་སྲུང་རྣམས་བྱ་ཞིང་། གཟུགས་བརྙན་གྱི་དཀྱིལ་འཁོར་སྤྱི་དང་མཐུན་པར་བསྡུའོ། །བཞི་པ་སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་ཚོགས་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །གནས་སྐབས་ཀུན་ཏུ་དངོས་གྲུབ་མཆོག་སྒྲུབ་པའི། །ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ཚང་མེད་ལས་སྐྱེ་བ་འདིར། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །འཆི་སྲིད་ཆོས་སྐུའི་གོ་འཕང་མངོན་གྱུར་ཏེ། །བར་དོ་སྒྱུ་འཕྲུལ་དྲ་བའི་སྐུར་ལངས་ནས། །མཁའ་སྤྱོད་གནས་སུ་ཀུན་བཟང་སྤྱོད་པ་མཆོག །དཀའ་བ་མེད་པར་མྱུར་དུ་རྫོགས་པར་ཤོག །སྤྱོད་པ་རྒྱ་མཚོས་ཡེ་ཤེས་ས་ཀུན་རྫོགས། །གཞན་དོན་རིས་མེད་གདུལ་བྱའི་ཁམས་བཞིན་འཇུག །སྒྲིབ་བྲལ་མཁའ་མཉམ་ཟུང་འཇུག་རྡོ་རྗེའི་སྐུ །ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་ཤོག །ཅེས་དགེ་བའི་རྩ་བ་དོན་གཉིས་ཀྱི་རྒྱུར་བསྔོ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་ཕུན་སུམ་ཚོགས་པའི་ཤིས་པ་རྒྱ་ཆེན་བརྗོད་པས་བདེ་ལེགས་སུ་བྱའོ།། ༈ །།གསུམ་པ་ཆོ་གའི་ཡན་ལག་གཞན་བཤད་པ་ལ་གསུམ་ལས། དང་པོ་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་བྲིས་པའི་ཁར་མིང་བྱང་སོགས་རྟེན་བཞག །སྦྱོང་ཆས་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པ་རྣམས་ཚང་བར་བྱས་ལ། དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ཞིང་། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་བསྟིམ། གསུམ་པ་བགེགས་སྦྱོང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿཞེས་པ་ནས་ གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་སྙིང་གར་ཡི་གེ་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་པར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཅེས་སོགས་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་བཞིན་དག་པར་བསམ་མོ། །ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་སོགས་དང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲིའི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་ཡང་བུམ་པར་བླུགས་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱི་འོ། །དེ་བཞིན་དུ་སྦྱིན་པའི་གནས་སུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་དང། སེར་སྣའི་གནས་སུ། ཁྲིམས་འཆལ། ཁོང་ཁྲོ །ལེ་ལོ། རྣམ་གཡེང་། ཤེས་འཆལ་རྣམས་སུ་བསྒྱུར་བ་སོ་སོའི་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། །དྲུག་པ་དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབས་ཤིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ་། །དེ་བཞིན་དུ། ཆོས་དང་དགེ་འདུན་ལ་ཡང་སྦྱར། འབྱུང་བ་སོ་སོས་བྱབས་ཤིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །དེ་བཞིན་དུ། ཆུ། མེ། རླུང་རྣམས། མཱ་མ་ཀི །གོས་དཀར་མོ། དམ་ཚིག་སྒྲོལ་མ་ཞེས་བསྒྱུར་བས་དུག་སྦྱོང་། བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་དཀྱིལ་འཁོར་པ་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས་ལ། སྔར་ཚོགས་གསག་གི་སྐབས་སུ་བརྗོད་པའི་ཕྱག་རྣམས་བྱས་པའི་རྗེས་སུ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་དུ་སྐྱབས་སུ་འགྲོར་འཇུག །བརྒྱད་པ་དབང་བསྐུར་བ་ནི། ཁྲུས་བྱ་མཎྜལ་ཕུལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ སོགས་ཀྱི་གསོལ་བཏབ་ནས་བཟུང་། རྗེས་གཏང་རག་གི་བར་སྔར་བཞིན་བྱའོ། །དགུ་པ་ཟས་གཏད་པ་ནི། ཚེ་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པའི་མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་ལ། རྒྱས་པར་སྤྲོ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་དངོས་པོ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ཟག་པ་མེད་པའི་ལོངས་སྤྱོད་ནམ་མཁའི་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བྱིན་བརླབས་ལ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ ཤབྡ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དྲི་མཆོག་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ ར་ས༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །རྡོ་རྗེ༴ ཟག་མེད༴ སྤརྴེ༴ དཀྱུས་ལ་བསྡུ་ན། རཾ་ཡཾ་ཁཾ། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་སཏྭ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བསྔོ། བཅུ་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་བཟུང་། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །བཅུ་གཉིས་པ་ལམ་སྦྱོང་བ་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པས་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན་འོག་མིན་གྱི་ཞིང་དུ་སོང་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་བསམ་མོ། །བཅུ་གསུམ་པ་བྱང་བུ་བསྲེག་པ་ནི། ནུབ་ཐ་མའི་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམས་ལ་མེ་སྦར་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར་ཨགྣི་ཛྭ་ལ་རཾ་ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། སྤྱིར་ནི་གསོན་པོ་ལ་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱོང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ། འོན་ཀྱང་གནས་ལུང་གི་ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་རྣམ་ཤེས་དགུག་པ་དོར་ལ། དེ་ཕྱིན་གྱི་བགེགས་སྦྱོང་བ་ནས་ལམ་སྦྱོང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཞིང་གཞན་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང་། བྱང་བུ་བསྲེག་པའི་དོད་དུ་དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་ནས་སྲེག་སྦྱོང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི། དམིགས་རྟེན་གྱི་བྱང་བུ་བཤམ་པ་དང་སྐྱེད་འགུགས་མཐར་བསྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་འདི་ལྟར་མི་རུང་བར་སེམས་པ་དག་མཆིས་མོད། དེ་ལྟར་ན་དགྲ་བོའི་ལིངྒ་ལ་རྣམ་ཤེས་བཀུག་ནས་ཁ་སྦྱོར་དབྱེ་བ་སོགས་མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་སུ་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་དེའི་རྟེན་ལ་རྣམ་ཤེས་དགུག་ཅིང་སྡིག་སྒྲིབ་སྦྱོང་བ་དང་དབང་བསྐུར་བ་སོགས་ཕན་བྱེད་ཀྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་འབྲེལ་བར་གྲུབ་པ་ཐམས་ཅད་མཁྱེན་པའི་ལུང་གིས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པ་དག་ལ་ཀླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང་། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བས་སོ། ༈ །གཉིས་པ་སྦྱིན་སྲེག་གི་ཆོ་ག་ནི། གང་དུ་བྱ་བའི་གནས་དེར་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་པ་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ནས་སྟོང་ཉིད་དུ་རྒྱས་བཏབ། ཐབ་སྟེགས་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་ཁར། བྲིས་ཐབ་ལ་ཚངས་ཟུར་གྱི་ཐིག་བཏབ། རྒྱར་ཁྲུ་གང་། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་པའི་ཕྱིར་བ་བྱུང་བདུད་རྩི་ལྔ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་བཅལ་དུ་དགྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པ་ཇི་ལྟར་རིགས་པ་བརྩིག །སློབ་དཔོན་གྱི་གཡོན་ཕྱོགས་ཐབ་དང་ཉེ་བར་མཆོད་རྫས་དང། བསྲེག་རྫས་རྣམས་རིམ་པ་ཇི་ལྟ་བར་ཉིས་རིམ། མདུན་དུ་བསང་ཆུ་རྡོར་དྲིལ་དགང་བླུགས་ནང་མཆོད་རྣམས་བཤམ། སློབ་དཔོན་ཆས་གོས་དཀར་པོ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཆོ་ག་དངོས་ལ། རྡོར་དྲིལ་བཟུང་སྟེ་སྔགས་རྒྱས་དམ་ཚིག་གསུམ་དྲན་པར་བྱས། མཆོད་རྫས་རྣམས་སྔར་བཞིན་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུ །ཡམ་ཤིང་ལ་ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ་ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ་ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ་ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འབྲུ་གསུམ་དང་རྫས་སྔགས་རྣམས་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨགྣི་ཛྭ་ལ་རཾ། ཞེས་པས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣི་སྭཱ་ཧཱ། ཞེས་བླུག་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་པའི་ཀུ་ཤ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་ཅོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམས་ཏེ་གཡས་བསྐོར་དུ་དགྲམ། ཐབ་བསང་སྦྱང། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་གནས་གསུམ་བྱིན་གྱིས་བརླབས་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས། ལས་སྔགས་ཀྱིས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣི་དེ་ཝ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་དང་། པཱ་དྱཾ་གིས་ཞབས་བསིལ་ཕུལ། ཨོཾ་ཨགྣ་ཡེ་ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་དང་། མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཧྣ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་དབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་གསོལ་ཞིང་མེ་སྤྲ་བརྟག །ཨོཾ་ཨགྣ་ཡེ་ས་པཱ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ༴ འགྲེའོ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱིནྟཾ༴ ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ༴ འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ༴ སོ་བ། ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ༴ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ༴ གྲོ །ཨོཾ་བཛྲ་གྷསྨ་རྻཻ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ༴ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ༴ ཞེས་འབུལ། གཞན་ཡང་བསྲེག་རྫས་ཅི་འབྱོར་བ་ཨགྣ་ཡེ་དཱི་བྱ་ཞེས་པའི་སྔགས་ཀྱིས་དབུལ། དེ་ནས་ཡུངས་ཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། བདག་གི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་ལ། ཨོཾ་བཛྲ་ཛྭ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། སྔ་མ་བཞིན་དུ་མེ་བསང་ཏེ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་བརྗོད་པས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་དབུས་སུ་ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་ཞེས་སོགས་ནས། ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བའི་བར་གྱིས་མདུན་བསྐྱེད་གསལ་བཏབ། གནས་གསུམ་བྱིན་བརླབ་དང་ཡེ་ཤེས་པ་སྤྱན་འདྲེན་དབང་བསྐུར་རྣམས་སྔར་བཞིན་བྱ། སྒྲུབ་མཆོད་དང་འབྲེལ་བ་ལ་ནི། མངོན་རྟོགས་ཀྱི། རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ༔ ཕྱོགས་བཅུ་ཀུན་ན་སྔགས་བཅས་བརྗོད། སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤོས་དང་རོལ་མོ་བཅས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཡིག་བརྒྱ་ཚར་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས། གསལ་བར་གྱུར། ཅེས་ཐབ་ཏུ་བཞུགས་སུ་གསོལ་ཞིང་གསལ་གདབ་པ་ཙམ་ཁྱད་པར་རོ། །གང་ལྟར་ཡང་ཕྱག་ནས་བཟུང་བསྟོད་པའི་བར་དཀྱུས་བཞིན་བྱས་ནས། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཞེས་པ་ནས་ཕྲིན་ལས་གསོལ་བའི་བར་འཇིག་རྟེན་པའི་སྐབས་བཞིན་ལས་ཡི་གེ་དྲུག་པས་འགེངས་པ་དང་ཡིག་བརྒྱས་འབུལ་བ་ཙམ་ཁྱད་པར་རོ། །བསྲེག་རྫས་འབུལ་བ་ནི། ཡམ་ཤིང་ནས་བཟུང་ཀུ་ཤའི་བར་རྫས་སྔགས་སྤེལ་ཚིག་རྣམས་སྔར་བཞིན་བརྒྱ་རྩ་སོགས་དང་བསྲེག་རྫས་གཞན་ཡོད་ན་ཡང་ཕུལ་བའི་མཐར། ཡུངས་ཀར་ལ་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ་དགང་བླུགས་འབུལ་སྐབས་བཞིན་ཕྲིན་ལས་གསོལ་བ་རྣམས་བྱའོ། །དེ་ནས་གོང་བཞིན་དགང་བླུགས་ཕུལ། གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། སྒྲུབ་མཆོད་སྐབས། བཟོད་གསོལ་རྗེས། བཛྲ་མུཿ ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཅེས་ཡེ་ཤེས་པ་དཀྱིལ་འཁོར་དུ་གཤེགས་ཤིང་ཚོམ་བུ་སླར་སྤྱན་དྲང་། དམ་ཚིག་པ་རང་ལ་བསྡུ། གཉིས་ཀའི་མཐར། བླུགས་གཟར་གྱིས་མར་ཁུ་དང་ཛྭ་ལའི་སྔགས་ཀྱིས་མེ་གསོ་ཞིང་། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ་དགང་བླུགས་དང་བསྲེག་རྫས་སྔར་ལྟར་ཕུལ། གཏོར་མ་ཨགྣིའི་མཐར་ཨ་ཀཱ་རོ་བཏགས་པས་ཕུལ་ལ། མེ་སྟེ་བསྲེག་བྱ་སོགས་ཀྱིས་བསྟོད་ཅིང་ཕྲིན་ལས་བཅོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་སྤྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ་ཞེས་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་བཏུལ། ལས་རྗེས་མི་མངོན་པར་བྱས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །ད་ནི་དེ་ལ་རོ་སྲེག་གི་ཆོ་གའི་ཁྱད་པར་ནི། སྔར་བཤད་པའི་བྲིས་ཐབས་ཀྱི་ཁར་ཕ་གུ་སོགས་ཀྱི་རོ་ཁང་རྒྱར་ཁྲུ་གང་གི་ཚད་དང་དཔངས་སུ་ཇི་ལྟར་རིགས་པ་བརྩིག །སྤར་བྱེད་ཀྱི་མེ་ཚང་མཆོད་བསྲེག་གི་རྫས་རྣམས་ཚོགས་པར་འདུ་བྱས་ལ། གནས་ལུང་དངོས་གཞིའི་ལམ་སྦྱོང་བསྟན་ཡན་ཆད་སོང་བ་ན་རོ་ཁང་རྙིང་པ་ལས་གུད་དུ་ཕྱུངས་ཏེ། སྔར་བཞིན་བགེགས་ལ་གཏོར་མ་བཏང་ནས་དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་རྟེན་ལ་ཡུངས་ཐུན་གྱིས་བྲབས་གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བགེགས་བསྐྲད། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབ་ཅིང་བུམ་ཆུས་བཀྲུ །དྲི་བཟང་གིས་བྱུགས། སྟོད་གཡོགས་དང་སྨད་གཡོགས་དཀྲི །གནས་གསུམ་སོགས་སུ་བཏགས་གྲོལ་དང་གདག་ཡིག་གི་རིམ་པ་ཅི་འབྱོར་བཏགས་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད། ཅུད་ཟད་མཆོད་ཅིང་བསྟོད་ནས་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ་ཤིང་ཕྲ་བ་དང་རྒྱབ་རྣམས་ཅུང་ཟད་སྦོམ་པས་གཅེར་བའི་ཕྱིའི་མདུན་གྱི་རྩ་བར་སྤར་ཁུང་། སྐེད་པར་རྫས་ཁུང་། སྟེང་དུ་དུད་ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་མཛེས་ཤིང་བརྟན་པར་བརྩིག །དཀར་རྩིས་བྱུག་ཅིང་གདུགས་དབུབ་པ་སོགས་བྱ། བདག་བསྐྱེད་སོགས་སྔར་བཞིན་ལས་མེ་སྤར་བ་ན་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ་སོགས་བརྗོད། གང་ཟག་མཆོག་ཡིན་ན་རྟེན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱ་ཞིང་དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་ཡིན་ལ། སྤེལ་ཚིག་ཀྱང་དེས་རིགས་འགྲེ་སྦྱར་བས་བསྒྱུར་ཞིང་། ཆོ་ག་གཞན་ནི་སྔར་གྱི་དཀྱུས་བཞིན་རྫས་རྣམས་འབུལ་བ་ན། དམིགས་ཡུལ་རྗེས་སུ་དྲན་པས་དེ་ལ་ཕན་པའི་བསམ་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་པས་བདག་དང་ལྷ་དང་མཆོད་རྫས་དང་མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་པ་ཡིན་ཏེ། ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང་། །ཞེས་དང་། བཟླས་དང་སྦྱིན་སྲེག་ཉིད་བྱེད་ཅིང་། །འོད་ཟེར་སྤྲིན་གྱིས་དེ་ལུས་ལ། །འཕྲོ་བར་གྱུར་པར་རྣམ་བསྒོམ་སྟེ། །རྟག་ཏུ་ཤར་བལྟས་འོད་ཟེར་གྱིས། །ཉེས་པ་ཐམས་ཅད་སེལ་བྱེད་པ། །ཞེས་སོགས་ཆོ་ག་འདི་ཉིད་སྟོན་པའི་རྒྱུད་ལས་གསུངས་སོ། ༈ །གསུམ་པ་སཱཙྪ་གདབ་པའི་ཆོ་ག་ནི། དེ་ལྟར་རོ་བསྲེགས་ཚར་བའི་རྗེས་སུ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཛྲ་སཾ་ཧ་ར་ཎ་ཧཱུྃ་ཞེས་རུས་བུ་རྣམས་བསྡུས་ལ་རིན་པོ་ཆེ་སོགས་ཀྱི་སྣོད་དུ་བཞག །དེའི་སྟེང་དུ་མཉྫའི་ཁར་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གི་ཆུས་གང་བ་དང་། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་ག་པུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱང་པར་བསམས་ལ་ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས་བུམ་ཆུ་ལ་སོགས་པའི་རྫས་ཐམས་ཅད་ལ་གདབ་ཅིང་རུས་བུ་རྣམས་དག་པར་བཀྲུ །དེ་ཉིད་ཞིབ་པར་སྦྱངས་ནས་སྔར་གྱི་བུམ་ཆུ་དང་བ་བྱུང་ལྔ་རྣམས་ལྷན་ཅིག་ཏུ་སྦྱར་བ་སླར་ཡང་དྲི་བཟང་དང་ས་བཟང་པོའི་འཇིམ་པ་རྣམས་བསྲེས་པས་སྙིང་པོ་བཟླ་བཞིན་པས་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམས་ཏེ་རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམས་ལ་ལག་གཡོན་པའི་མཐེའུ་ཆུང་མཐེ་བོས་མནན་པ་གྱེན་བསྟན་དང་། གཡས་པའང་དེ་བཞིན་དུ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ་རྣམ་སྣང་གི་གཟུངས་རིང་ངའམ། ཡང་ན། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨོཾ་དྷརྨ་དྷཱ་ཏུ་གརྦྷ་སྭ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་གདབ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོ་གཟུངས་སུ་གཞུག །ཨོཾ་དྷརྨ་ར་ཏི་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་རྟེན་གྱི་བགེགས་སྦྱོང་བ་དང་། ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང་དབང་བསྐུར། མཆོད་པ་དང་བསྟོད་པ་བྱས་ནས་རང་གཟུགས་སུ་བསྒྱུར་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །ཆོ་ག་དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཡང་མཆོད་རྟེན་གདབ་པ་དེ་དང་འབྲེལ་བར་སེམས་ཅན་ལ་ཕན་གདགས་པར་སྤྲོ་ན། མཆོད་རྟེན་གྱི་བྱ་བ་རྫོགས་པའི་འོག་ཏུ་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་འཛིན་ལས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམས་ལ་ཡི་གེ་བརྒྱ་པ་དམིགས་ཡུལ་གྱི་མིང་ནས་སྨོས་པའི་སྒྲིབ་སྦྱོང་གི་སྤེལ་ཚིག་ཅན་འབུམ་ཕྲག་གཅིག་བཟླ་ཞིང་དཀོན་ཅོག་ལ་མཆོད་པ་དང་། འགྲོ་ལ་སྦྱིན་གཏོང་གི་དཔུང་བསྐྱེད་པ་རྣམས་བྱས་ན་དམིགས་ཡུལ་དེ་ངན་སོང་གི་སྡུག་བསྔལ་ལས་ཐར་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་། དེའི་ཐབས་ནི་གཞན་དུ་ཤེས་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་སེམས། །རིགས་བརྒྱའི་ཁྱབ་བདག་དེ་ཡི་དཀྱིལ་འཁོར་ཆེ། སྒྲུབ་པའི་ཐབས་ཚུལ་ཀུན་གྱི་སྙིང་པོའི་དཔྱིད། །སྐལ་བཟང་འདོད་པ་འཇོ་བ་ཟབ་མོའི་གཏེར། །སྙིང་པོའི་དཀྱིལ་འཁོར་གསང་བ་མཆོག་གི་སྒོར། །ཐར་འདོད་མྱུར་བདེར་འཁྲིད་པ་རྣམ་གྲོལ་གྱི། །ལམ་བཟང་བསྙེན་སྒྲུབ་ཕྲིན་ལས་རིམ་པ་ཡིས། །སྟོན་པའི་ངོ་མཚར་རིག་འཛིན་ཀུན་དགའིི་སྐྱེས། རྣམ་འདྲེན་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་སྡེ། །སྐད་གཉིས་སྨྲ་བའི་རིག་འཛིན་ཆོས་ཀྱི་དཔལ། །གྲུབ་ཐོབ་མི་ཕམ་ཆོས་སྐྱོང་རྒྱལ་མཚན་ཅན། །ཤེས་རབ་འོད་ཟེར་ཨོ་རྒྱན་དཔལ་འབྱོར་གྲགས། །བློ་གསལ་རྒྱ་མཚོ་ཨོ་རྒྱན་ཕུན་ཚོགས་དང་། །ངག་དབང་ཕྲིན་ལས་སོགས་ཏེ་དོན་གཉེར་ཅན། །དུ་མས་དོན་གཉིས་སྒྲུབ་ཕྱིར་ཡང་དང་ཡང་། །འབད་པ་ཆེན་པོས་བསྐུལ་བ་དོན་ཡོད་ཕྱིར། །གཏེར་གཞུང་རྡོ་རྗེའི་ཚིག་གི་ལྟེ་བ་རུ། །འཐད་ལྡན་གཞུང་གི་རྩིབས་སྟོང་རྣམ་པར་བཀྲ །ཟབ་དོན་སྙིང་པོར་འཁྲིལ་བའི་མུ་ཁྱུད་ཅན། །སྲིད་ལས་རྣམ་རྒྱལ་བྱེད་དེ་འདི་ན་ཤར། །བསོད་ནམས་འདི་ལས་བདེ་གཤེགས་སྙིང་པོའི་འབྲས། །དབང་བཞིའི་ཆུ་བོས་རིམ་གཉིས་འཛིན་མའི་ལྟོར། །སྨིན་པའི་ངོ་མཚར་སྐུ་བཞིའི་དཔག་བསམ་ཤིང་། །ལུས་ཅན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་ཅིག །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོས་བགྱིས་པའོ།། །།ཞེས་གཏེར་ཆེན་རིན་པོ་ཆེས་མཛད་པའི་གཞུང་དང་། རྒྱལ་སྲས་རིན་རྣམ་ལྷན་ཐབས་བཅས་བློ་དམན་དཔེ་ཁྱེར་མཁན་ལ་ཕན་པའི་སླད་དུ་ནག་འགྲོས་སུ་བསྡེབས། གསལ་བྱེད་ཕྲན་བུས་ཀྱང་བརྒྱན་ཏེ་པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་ (Volume 3, Text 5)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། རྒྱུན་གྱི་རྣལ་འབྱོར་ཁོལ་ཕྱུང་བཞུགས་སོ། ། ན་མོ་བཛྲ་སཏྭ་ཡ། དེའང་རྩ་གཞུང་ལས། དད་བརྩོན་ཤེས་རབ་སྙིང་རྗེ་ལྡན༔ ཡང་དག་མཆོག་གི་ལམ་འདོད་ན༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་བྱ༔ ཞེས་འབྱུང་བའི་དོན་ཉམས་ལེན་སྙིང་པོར་དྲིལ་བར་འདོད་པས། སྦྱོར་བ་རྒྱུད་དག་པའི་ཕྱིར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་ལ། བཛྲ་མུ༔ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལ་གསུམ་གྱི། དང་པོ་སྐྱེད་པའི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ མ་སྐྱེས་སྟོང་པའི་ངང་ཉིད་ལས༔ འགག་མེད་སྙིང་རྗེའི་རོལ་པ་ནི༔ ནམ་མཁའ་ལས་ནི་གཞའ་ཚོན་བཞིན༔ དངོས་མེད་དངོས་པོའི་ཡེ་ཤེས་སྤྲིན༔ མི་འགྱུར་ཧཱུྃ་གི་ངོ་བོར་ཤར༔ དེ་ལས་འོད་འཕྲོས་ཕྱོགས་མཚམས་ཀུན༔ གཞོམ་མེད་རྡོ་རྗེའི་རྭ་བ་གུར༔ ཡེ་ཤེས་མེ་དཔུང་འབར་བས་དཀྲིགས༔ དེ་དབུས་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ལས་ནམ་མཁའ་རླུང་མེ་ཆུ༔ ས་དཀྱིལ་རི་རབ་སྟེང་དུ་བྷྲཱུྃ༔ ཡོངས་གྱུར་ཀུན་བཟང་གཞལ་མེད་ཁང༔ ཕྱི་ནང་མཚན་ཉིད་ཡོངས་རྫོགས་དབུས༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་བདག་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་འཛུམ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུྃ་སྔོན་པོ་རྣམས་ཀྱི་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པརབསམ། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་བར་བསམ་ལ། ཨོཾ༔ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་འཁོར་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིང་པ་དང་དགྱེས་པ་བསྐྱེད་ནས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊུཾ་བཛྲ་ཏུཥྱ་ཧོ༔ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱ། གཉིས་པ་བཟླས་པའི་རྣལ་འབྱོར་ནི། བདག་གི་སྙིང་གར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་བྲལ་བདེ་ཆེན་བཀོད༔ ཚུར་འདུས་སྔགས་ཕྲེང་ཉིད་ལ་ཞུགས༔ ཅེས་པའི་ཏིང་འཛིན་ལ་སེམས་རྩེ་གཅིག་པས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཅི་ནུས་སུ་བཟླས་པའི་རྗེས་སུ་སླར་ཡང་། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས། སཏྭ་ཨཱཿཧཱུྃ་ཕཊ༔ ཅེས་པའི་བཟླས་པ་གོང་གི་དྲུག་ཆ་ཙམ་དུ་བཟླ་ཞིང་། བཟླས་པའི་ཐུན་མཐར། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་གསོལ་བ་གདབ། གསུམ་པ་ཉེར་བསྡུའི་རྣལ་འབྱོར་ནི། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་དར་གཅིག་མཉམ་པར་གཞག །ཨོཾ་བཛྲ་སཏྭ་ཨཱཿས། སླར་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་གྱུར། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾཿ ཞེས་གོ་ཆའི་རྒྱས་བསྲུང་། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་ཀུན་ལ་ཁྱབ། །ཅེས་ང་རྒྱལ་བྱ། རྗེས་བསྔོ་སྨོན་དང་ཤིས་བརྗོད་སྤྱི་ལྟར་བྱས་པས་གྲུབ་བོ། །ཞེས་རང་གཞན་ལ་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་དབང་རྩལ་གྱིས་རྩ་བའི་གཞུང་ལས་ཁོལ་དུ་ཕྱུངས་པ་དགེ་ལེགས་འཕེལ།། །།

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ (Volume 3, Text 6)

༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པར་བྱ་བའི་ལག་ལེན་རྣམ་གྲོལ་སྙེ་མ་ཞེས་བྱ་བ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། སངས་རྒྱས་ཀུན་གྱི་ཅོད་པན་རིགས་བརྒྱ་ཡི། །འཁོར་ལོས་སྒྱུར་མཛད་བཅོམ་ལྡན་རྡོ་རྗེ་སེམས། ཁྱབ་བདག་བླ་མའི་རྣམ་པར་ཤར་བ་ཡི། །ཟུང་འཇུག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་བཅུད། །སྣང་མཛད་ཐུགས་ཀྱི་ཐིག་ལེ་སྒྲུབ་པའི་ཚུལ། །གར་དབང་ཐུགས་རྗེ་ཆེན་པོའི་གཞུང་བཞིན་དུ། །རྣམ་གསལ་འཇུག་བདེའི་ལག་ལེན་འབྲི་བར་བྱ། །འདིར་བསྒྲུབ་བྱའི་ལྷའི་ངོ་བོ་ཕྱག་རྒྱ་གཅིག་པ་ལ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཆིངས་ཡོངས་རྫོགས་སྦྱོར་བ་ནི་རྒྱུད་གཞུང་གི་དངོས་བསྟན་དང་མི་འབྲེལ་བས་རང་བློ་འདྲིད་བྱེད་ཙམ་དུ་ཟད་ཀྱང་། སྒྲུབ་མཆོད་དཀྱུས་མ་ཙམ་གྱི་ཕྱག་ལེན་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་དང་འབྲེལ་བ་ལ་འགལ་བ་མེད་ཅིང་མྱང་གྲོལ་སྤྲོས་བཅས་སྒྲུབ་པའི་སྐབས་སོགས་སུ་ལེགས་པ་ལྟར་སྣང་བས་ཚུལ་དེ་འཆད་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ལྔ། ས་ཆོག །མཚམས་གཅོད། སྟ་གོན། ཐིག་ཚོན། རྒྱན་བཀོད་ཀྱི་ལས་རིམ་མོ། །དང་པོ་ནི། དུས་གྲངས་རྟགས་ཀྱི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། སྒྲུབ་པའི་གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གུང་དུ་སྟེགས་བུ་ལ་བདག་བསྐྱེད་བླ་གཏོར་དཀར་པོ་ལྔ་རྒྱན་ཅན་གྱི་གཡས་གཡོན་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཤམ། དཀྱིལ་འཁོར་གྱི་གཞིར་མཉྫིའི་སྟེང་དུ་ས་ལྷའི་གཏོར་མ་དཀར་ཟླུམ་བཤམས་པའི་མཐར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། བརྒྱུད་འདེབས་བསང་ཆུ་བྱིན་རླབས་ཚོགས་གསག་ནས་བརྩམ། བདག་བསྐྱེད་བཟླས་པ་བསྡུ་རིམ། ལྷར་ལྡང་ཞིང་གནས་གསུམ་བྱིན་རླབས་བར་བྱས་ལ། མཆོད་པ་རྣམས་ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སོགས་ཀྱིས་བསང་། བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་གཏོར་མབརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ ཤབྡའི་བར་གྱིས་མཆོད། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང༔ བྱིན་བརླབས་བསྔོས་པའི་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་གཉན་པོ་བསྒྲུབ་ཕྱིར་ས་སློང་གིས༔ ཅི་བདེ་བར་ནི་དགྱེས་པས་བསྩལ་དུ་གསོལ༔ ཞེས་གསོལ་བས་ས་གཞི་བྱིན་པར་བསམས་ལ་འཇམ་རོལ་དང་བཅས་པས་གཏོར་མ་ཕྱིར་བསྐྱལ་ལ་མཆོད་པ་རྣམས་བསྡུས་ཏེ་ས་སློང་བའོ། །དེ་ནས་ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ་དཀྱིལ་འཁོར་གྱི་གཞིར་དྲི་དང་བ་བྱུང་གི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་བསྐོར་དུ་བྱུག །སྭབྷཱ་བའི་སྔགས་ལན་བདུན་བརྗོད་པ་དང་བསྟུན་སློབ་དཔོན་གྱིས་ལག་གཡས་ཐལ་མོ་སར་འཇོག་སྟེ་སྦྱོང་བའོ། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇིགས་བྱེད་ཁྲོ་རྒྱལ་ཐུགས་ཁྲོས་ནས༔ རྡོ་རྗེའི་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཞེས་བཀའ་བསྒོ །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང་། སུམྦྷ་ནིའི་དྲག་སྔགས་བཟླ་ཞིང་རོལ་མོ་ཚམ་རྔམ་དང་བཅས་ཏེ་གུ་གུལ་གྱིས་བདུག །སློབ་དཔོན་གྱིས་བསྙེམ་པ་དང་བཅས་དཀྱིལ་འཁོར་གྱི་ས་གཞི་ལ་གཡས་བསྐོར་གྱིས་འགྲོ་ཞིང་ཐུན་གྱིས་བྲབ་ཏེ་བཟུང་བའོ། །གཉིས་པ་སྲུང་བའི་སླད་དུ་མཚམས་བཅད་པ་ལ་ཕྱི་མཚམས་ནི་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཕྱོགས་བཞིར། ཐོ་ལ་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་ཆུ་གཉིས་ཉེར་མཆོད་ལྔ་དང་དཀར་གཏོར་རེ་རེ་བཤམ། ཐོག་མར་ཤར་དུ་ཕྱིན་ལ་མཆོད་གཏོར་གོང་སྨོས་ལྟར་བསང་སྦྱང་བྱིན་བརླབ། དེ་ནས་ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་པི་ཝཾ་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་དྷྲིཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ ཤབྡའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས་ ཁཾ་སྭཱ་ཧཱའི་བར་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་དང་རྡོར་ཐལ་ཕྱེ་རྒྱས་གཏོར་མ་འབུལ། དྲི་ཟ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། རང་སྔགས་ལན་གསུམ་བཟླ། ཏིཥྛ་བཛྲ་ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་བཞིན་དུ་གཞན་གསུམ་པོ་ཡང་རིགས་འགྲེ་བས། ལྷོར། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པའི་སྐུར་གྱུར། རི་རབ་ཀྱི་ལྷོ་ཕྱོགས་ནས་དྲངས་བསྟིམ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ གྲུལ་བུམ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ནུབ་ཏུ། རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པའི་སྐུར་གྱུར། རི་རབ་ཀྱི་ནུབ་ཕྱོགས་ནས་དྲངས་བསྟིམ། ཨོཾ་བི་རཱུ་པཱཀྵཱ་ཡ་སྭཱ་ཧཱ། ཀླུ་དབང་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནུབ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །བྱང་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་འཛིན་པའི་སྐུར་གྱུར། རི་རབ་ཀྱི་བྱང་ཕྱོགས་ནས་དྲངས་བསྟིམ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། གནོད་སྦྱིན་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ངལ་བསོས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ཅེས་བྱའོ། །ནང་མཚམས་ནི། སྒྲུབ་ཁང་གི་སྒོ་རུ་བྲུབ་ཁུང་གྲུ་གསུམ་དུ་བྲུ། དེར་ར་སོག་གམ་གྲོ་ཤོག་ལ་དམ་སྲིའི་ལིངྒ་བྲིས་པའི་སྙིང་གར་ཏྲི་ཡ་མ་དམ་སྲི་སཏྭམྦྷ་ནི་ཛཿཛཿཞེས་བྲིས་པ་བཀོད། གསེར་སྐྱེམས། རཾ་ཡཾ་ཁཾ་གཅིག །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་གྱིས་བྱིན་བརླབ། དབྱངས་རོལ་བཅས། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་ཡ་མ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བདེན་བདར་འགུགས་བསྟིམ་ལན་གསུམ་བྱས་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་ཐུན་བྲབ། ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ མནན་ཅིང་གཟིར་རོ་སཏྭཾ་བྷ་ཡ༔ ཡ་མ་དམ་སྲི་སཏྭཾ་བྷ་ཡ་ནན༔ ཨོཾ་ལཾ་ཧཱུྃ་ལཾ་མཱ་ར་ཡ་ནན༔ ཞེས་པས་མནན་ལ་དོང་ཁ་བཅད། མཆེད་རྣམས་ལག་གཡས་སྟེང་དུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། སུམྦྷ་ནི་དང་། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སཏྭཾ་བྷ་ཡ༔ རྡོ་རྗེའི་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་པས་བྲོ་བརྡུང་། དེ་ནས་བར་མཚམས་ནི། དཀྱིལ་འཁོར་གྱི་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ། གཤིན་རྗེ་གཤེད་ཀྱི་རྟེན་བཏགས་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་གཏོར་མ་དཀར་ཟླུམ་ཞིག་ཀྱང་བཤམ། མཆོད་གཏོར་སྔར་ལྟར་བསང་སྦྱང་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་གཤིན་རྗེ་གཤེད་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པའི་སྐུར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་དང་རྡོར་ཐལ་གྱི་རྒྱས་གཏོར་མ་འབུལ། ཧཱུྃ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར། །བདག་ཅག་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་སྒྲུབ་ཀྱི། །འདི་ལ་གནོད་ཅིང་བར་གཅོད་རྣམས། །ས་འདི་ཡན་ཆད་མ་བཏང་ཞིག །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡལ་གམ་ཐུབ་པར་མཛོད། །ཨོཾ་བཛྲ་ཡ་མ་རཱ་ཛ་ས་མ་ཡ་སཏྭཾ། ཞེས་བཟླས་ནས་མེ་ཏོག་འཐོར་ཞིང་ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་དཀྱིལ་འཁོར་གྱི་འོག་གཞིའི་ཕྱོགས་བཞི་དང་མཚམས་བཞི། ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད། སློབ་དཔོན་ཤར་དུ་ཞལ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་བཅུ་ཙནྡན་དམར་པོས་ཁ་དོག་བསྒྱུར་མེ་ཏོག་ཕྲེང་བ་བཅིངས་པ་བཀོད་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམས་ལ། འདོད་རྒྱལ་གྱི་རྒྱ་དང་ཧཱུྃ་བཞི་པའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། ཨོཾ་བཛྲ་ཀྲོ་ཏ་སརྦ་དུཥྚཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་སྔགས་ལན་བཅུས་ཕྱོགས་ཀྱི་ཕུར་བུ་རྣམས་ཤར་ནས་གཡས་བསྐོར་དང་། མཚམས་བྱང་ཤར་ནས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་གྱི་ཤར་དང། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ཞིང་ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཧཱུྃ༔ ང་ནི་ཡེ་ནས་རང་བྱུང་བའི༔ སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ ཐུགས་ལས་ཁྲོ་ཆུང་མཚོན་ཆ་དང༔ རབ་འབར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱོགས་མཚམས་ཀུན་ཏུ་རབ་ཏུ་གཏམས༔ བར་ཆད་ཀུན་གྱིས་མི་ཕྱེད་པའི༔ གཞོམ་མེད་རྡོ་རྗེའི་གུར་དུ་གྱུར༔ བཛྲ་ཀྲོ་ཏ་ཙཀྲ་རཀྵ་ཛྭ་ལ་རཾ་ཧཱུྃ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། བསྲུང་བྱ་སྲུང་བྱེད་སྲུང་བ་ཐམས་ཅད་གདོད་ནས་སྤྲོས་བྲལ་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བསྒོམ་པ་སྟེ། དེ་དག་ནི་ནུབ་དང་པོའི་བྱ་བའོ། །འདི་དག་གི་སྐབས་སུ་ཕྱི་བཤགས་སཱཙྪ་བཏབ་པ། ཆུ་གཏོར་གཏོང་བ། མདོ་སྡེ་ཀློག་པ། གླུད་གཏོར་གསེར་སྐྱེམས་ལ་སོགས་པ་དགེ་བའི་དཔུང་སྐྱེད་ཅིང་བར་གཅོད་ཞི་བའི་ཐབས་ཀྱི་རིམ་པ་ཇི་ལྟར་འགྲུབ་པར་བྱའོ། །གསུམ་པ་སྟ་གོན་ནི། བདག་བསྐྱེད་མཆོད་གཏོར་སྔ་ཉིན་ལྟར་བཤམ། དཀྱིལ་འཁོར་གྱི་གཞི་ལ་བདུད་རྩི་ལྔ་དང་བསྲེས་པའི་དྲི་བཟང་གི་ཐིག་ལེ་གྲུ་བཞི་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། དེའི་མཐའ་སྐོར་དུ་ཕྱི་མཆོད་གཡས་བསྐོར་དུ་བཤམས་ལ་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་སོང་ནས། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སོགས་ནས། ཨོཾ༔ ཕྱོགས་བཅུ་ཀུན་ན་སོགས་ཚིགས་བཅད་དང་། ས་མ་ཡ་སཏྭཾ། གདོད་ནས་གྲུབ་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་གྱི་ས་གཞིའི་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཞེས་མོས་ལ། བདེ་བར་གཤེགས་སོ་སོགས་མཆོད་པ་རྒྱས་པ་མདུན་བསྐྱེད་ལྟར་རམ། དེ་ལས་བསྡུས་པ་ཅི་རིགས་དང་། ཨོཾ༔ བླ་མ་དཔལ་ལྡན་སོགས་ཀྱིས་བསྟོད། སྙན་གསན་དབབ་པ་ནི། སློབ་དཔོན་གྱིས་པུས་མོ་གཡས་པ་བཙུགས། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་ལ། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ༔ བདག་དང་སློབ་མ་རྣམས་དོན་དུ༔ བཅོམ་ལྡན་ཁྱོད་ལ་མཆོད་བགྱིད་ན༔ དགྱེས་མཛད་བརྩེ་བས་དགོངས་ནས་ནི༔ ནངས་པར་འདིར་ནི་འབྱོན་པར་མཛོད༔ ཅེས་ལན་གསུམ་བརྗོད་ལ། བདག་བསྐྱེད་སྐབས་ལྟར། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ སོགས་ཀྱིས་མཆོད། བཛྲ་མུཿས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཞེས་མོས། བཞི་པ་ཐིག་ཚོན་གྱི་བྱ་བ་ལ་ཐོག་མར་གོ་མ་ཡེ་གཏོང་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔས༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་པཉྩ་ཨམྲྀ་ཏ་མ་དྷ་ལ་བྷྲཱུྃ་སྭཱ་ཧཱ༔ ཞེས་འཇམ་རོལ་དང་བཅས་པས་དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུག །དྲི་བཟང་དང་སྦྱར་བའི་བདུད་རྩི་ལྔའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །དེ་ནས་ཐིག་ཚོན་གྱི་བྱ་བ་དངོས་ནི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་གའི་གཞུང་དུ་གསལ་བ་ལྟར་རོ། །ལྔ་པ་རྒྱན་བཀོད་པ་ནི། སློབ་དཔོན་རྡོར་དྲིལ་དང་སྤོས་ཀྱི་རེང་བུ་འཛིན་པས་ཐོག་དྲང་། མཆེད་གཞན་རྣམས་ཀྱིས་མྱང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་དེའི་སྣོད་བྷནྡྷ་ཁ་སྦྱོར། རྣམ་རྒྱལ་བུམ་པ། ཐོད་པ། མེ་ལོང་། ཤེལ་རྡོ། རལ་གྲི་བཞི། མདའ་བཞི། ཕུར་བུ་བཞི། གདུགས། བ་དན་བཞི། རྒྱལ་མཚན་བཞི། ཉེར་སྤྱོད་ཙམ་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། ཧཱུྃ༔ ཡེ་ཤེས་བུམ་པ་རྡོ་རྗེའི་གཞལ་ཡས་ཁང༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས་པའི་གནས༔ སྐུ་དང་གསུང་དང་ཐུགས་སུ་དབྱེར་མེད་ཅིང༔ དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་བཞུགས་སུ་གསོལ༔ ཨོཾ་བཛྲ་སཏྭ་ཨཱ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཞེས་འཇམ་རོལ་དང་བཅས་པས་རིལ་བུའི་སྣོད་ཡོད་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེགས་ལ་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་གྱི་ཁར་ཐོད་པ་མེ་ལོང་ཤེལ་རྡོ་བཅས་བཞུགས་སུ་གསོལ། དེ་ནས་རལ་གྲི་སོགས་ཚིག་བསྟུན་ཕྱོགས་མཚམས་སུ་མཛེས་པར་བཀྲམ་ཞིང་། ཧཱུྃ༔ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་མདའ་ཡིས་མ་རིག་དུག་གསུམ་འབིགས༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བྱམས་པའི་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབ༔ ཆོས་ཀྱི་རྒྱལ་མཚན་བར་ཆད་བདུད་ལས་རྒྱལ༔ ཤེས་རབ་འཕན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་སོ་སོའི་མཐར་འཇམ་རོལ་བྱ། ལག་ལེན་བདེ་ཁྱད་གདུགས་ཐོག་མ་ནས་དབུབ། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཕྱོགས་མཚམས་བརྒྱད་དུ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཀོད། མདུན་ལྟ་བུ་གང་བདེར་དཀྱིལ་འཁོར་ལྷའི་འདས་གཏོར། བླ་གཏོར་ཟླུམ་པོ་མཐེབ་ཀྱུ་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ་དཀར་པོ་དང་། དཔལ་གཏོར་ཟུར་གསུམ་ཀྱུ་གུ་ང་བརྒྱད་ཀྱིས་བསྐོར་བ་དམར་པོ་བཅས་རྒྱན་སྤྲོས་དར་གདུགས་ཅན། དེ་དག་གི་གཡས་སུ་དམ་ཅན་སྤྱིའི་གཏོར་སྤུངས་དང་ཆད་མདོ། གཡོན་དུ་སྔགས་སྲུང་མའི་གཏོར་མ་དང་བརྟན་མ། གཡས་གཡོན་དུ་སྒྲུབ་པའི་རྫས་དང་སྦྱར་བའི་སྨན་རཀ་རྣམས་བཀོད། འགྲུབ་ན་ཕྱི་མཆོད་བརྒྱ་རྩའམ་སྟོང་མཆོད་ལ་སོགས་པ་དང་། སྨན་རཀ་གཏོར་མ་ཚོགས་གཏོར་རྣམས་ཀྱང་བརྒྱ་རྩའི་ཕྲེང་བས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ཀྱི་གཟུགས་བརྙན་བྲིས་འབུར་ཡང་བཀྲམ་པ་དང་། གོས་དང་རྒྱན་གྱི་ཡོ་བྱད་སོགས་འདུ་བྱ། སྔར་སྲུང་བའི་ཚེ་བཏབ་པའི་ཁྲོ་བཅུའི་ཕུར་བུ་རྣམས་ཀྱང་ཕྱོགས་མ་འཆོལ་བར་དཀྱིལ་འཁོར་གྱི་མཐར་བཀོད། སྒྲུབ་མཆོད་དངོས་གཞི་ལ་མཁོ་བའི་སྤོས་རོལ་གཡབ་དར། བསང་ཆུ་འཐོར་གཡབ། སྔོན་འགྲོ་དཀར་བགེགས། ཚོགས་ཀྱི་ཡོ་བྱད། གཏེར་གཞི་དང་ཆད་བརྟན་གྱི་གཏོར་མ། ཧོམ་ཁུང་དུ་ཉུ་ལེའི་ལིངྒ་ཐུན་རྫས། གདབ་ཕུར། མཆོད་པ་ཁ་གསོ་བར་སྟབས་བདེ་སླད་དཀྱིལ་འཁོར་མདུན་ངོས་ཕྱི་རོལ་དུ་ཕྱི་མཆོདཕྲེང་ཚར་དང་། མེ་ཏོག་སྤོས་དང་ཞལ་ཟས་སོགས་ཁ་གསོ་བྱེད་རྣམས་ཀྱང་གྲབས་སུ་ཚུད་པར་བྱའོ། །དེས་ཉིན་གཉིས་པའི་བྱ་བ་གྲུབ། མགྱོགས་ཁྱད་ལྟ་བུར་སྔོན་འགྲོའི་ཉི་མ་གཉིས་པོ་སྦྲེལ་ན། ཕུར་གདབ་སྲུང་འཁོར་གྱི་འཕྲོས་དེ་མ་ཐག་པར་ལྷ་སྟ་གོན་གྱི་ཉེར་བསྡོགས་གྲབས་སུ་ཚུད་པར་བྱས་ནས། བདག་བསྐྱེད་སྐབས་ལྟར་མཆོད་པ་བྱིན་བརླབ། སྙིང་གའི་ཧཱུྃ་གི་འོད་ཟེར་སོགས་མན་ཆད་གོང་སྨོས་དཀྱུས་བཞིན་བཏང་བས་འགྲུབ་བོ། །གཉིས་པ་སྒྲུབ་མཆོད་དངོས་གཞི་ལ། སློབ་དཔོན་དཀྱིལ་འཁོར་ལ་ཞལ་ཕྱོགས་པའི་མདུན་གཡོན་ནས་བརྩམ། ནང་མཆོད་རྡོར་དྲིལ་ཅང་ཏེའུ་མེ་ཏོག་གི་སྣོད་ལས་བུམ་རྣམས་བཞག །གཞན་རྣམས་ཀྱང་ཇི་ལྟར་འོས་པར་འཁོད་ལ་ཚིག་བདུན་གསོལ་འདེབས། གཏེར་ཆེན་རིན་པོ་ཆེའི་རྣམ་ཐར་དང་སྐྱེས་རབས་གསོལ་འདེབས་གང་འོས། བརྒྱུད་འདེབས་སྔོན་དུའགྲོ་བའི། སྔོན་གཏོར་ནས་བརྩམ་ཕྲིན་ལས་ཀྱི་གཞུང་དང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ལྷན་ཐབས་ཟུར་འདེབས་ལྟོ་སྦྱར་བའི་བདག་བསྐྱེད་བཟླས་པ་བསྡུ་རིམ། མདུན་བསྐྱེད་ཕྱག་མཆོད་བསྟོད་པའི་བར་བྱས་ནས་བཟླས་གྲངས་ཀྱི་གཙོ་བོ་འདིར་བཟུང་། གལ་ཏེ་མྱང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་དེའི་འདོན་བྱ་དང་ལག་ལེན་ཁྱབ་བདག་བླ་མ་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རབ་ལྟར་ཉམས་སུ་ལེན། གལ་ཏེ་དབང་བསྐུར་གནས་ལུང་སོགས་དང་སྦྲེལ་ན་བུམ་པའི་འཛབ་ཀྱང་བྱ། དེ་མཐར་ཉུ་ལེ་སྐྲོད་ཅིང་བྱིན་འབེབས་བྱ་བའམ་འགྲུབ་ཏུ་རུང་ན་བུམ་འཛབ་མཐར། ཡེ་ཤེས་སྐུ་མཆོག་གི་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་དང་། དམ་བཅའ་ཙམ་མམ་སྐོང་ཆེན་ལྔ་དག་གྱུར་དང་བཅས་པ། བྱིན་རླབས་ནས་ལྷག་མའི་བར་ཚོགས་མཆོད་ཀྱི་ཚུལ་དུ་བཏང་ཞིང་དེ་དག་ལ་དབྱངས་རོལ་དང་གསོལ་གདབ་སོགས་ཀྱི་སྤྲོས་པ་མི་དགོས། ཉུ་ལེ་སྐྲོད་པ་དང་བྱིན་འབེབས་ལན་གཅིག་ལས་མི་བྱེད་ན་དགོང་མོ་བརྟན་མ་སྐྱོང་བའི་རྗེས་སུ་ཉུ་ལེ་བསྐྲད། བཀྲ་ཤིས་ཀྱི་རྗེས་སུ་བྱིན་འབེབས་བྱ་བ་ཡིན་ཡང་ཐུན་རེ་རེ་བཞིན་དེ་དག་བྱེད་པར་སྤྲོ་ན། སྐབས་འདིར་ཉུ་ལེའི་ལིངྒ་སློབ་དཔོན་གྱི་དྲུང་དུ་བཤམ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ དྲག་སྔགས་སོ་ལྔས་ཐུན་བྲབ། ཨོཾ་བཛྲ་ཀྲོ་དྷ་སརྦ་དུཥྚཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་རྦད། ཅེས་ཕུར་བུ་འདྲིལ་ཞིང་གདབ། དེ་ནས་སྦྱར་སྤོས་དྲི་ཞིམ་པོ་བསྲེག །ཞྭ་སོགས་གཟི་བྱིན་བསྐྱེད་ལ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་ཐོད་རྔ་སོགས་རོལ་མོའི་སྒྲ་སྦྱར་ཞིང་། དར་སྣ་ལྔའི་གཡབ་མོ་འདོར་ཏེ་སྒྲུབ་པའི་རྟེན་ལ་བྱིན་དབབ། ཛཔ྄་དབྱངས་བྱ་ཞིང་ཚོགས་གྲོལ་བས་ཐུན་དང་པོ་གྲུབ། ཐུན་གཉིས་པར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་སོགས་སྔོན་འགྲོ་རྒྱུད་དག་པར་བྱེད་པ་ནས་བྱིན་དབབ་པ་ཡན་ཆད་སྔ་མ་ཇི་ལྟ་བར་བསྐྱར། ཐུན་གསུམ་པར་ཡང་དེ་དང་འདྲ་བ་ལས་སྐོང་ཆེན་དག་འགྱུར་བཅས་པའི་རྗེས་སུ་སྤྲོ་ན་བདག་འཇུག་བླང་། མ་གྲུབ་ཀྱང་འགལ་བ་མེད། དེ་ནས་དམ་ཅན་སྤྱི་གཏོར། སྔགས་སྲུང་མའི་བསྟོད་པའི་མཐར་བསྡུ་ན་སྐོང་བ་སྦྲེལ་བ་དང་། གཏེར་གཞི། ལས་རྡོར་གྱིས་གསོལ་གདབ་བཅས་ཚོགས་བྱིན་རླབས་ནས་སྦྱོར་མཆོད་ཀྱི་བར་བཏང་ལ་ཚོགས་འབུལ་དྲང་བྱ། རྒྱས་པར་སྤྲོ་ན་གོང་དུ་སྐོང་བ་མི་གཏང་བར་སྐབས་འདིར་བྱིན་རླབས་སྔོན་འགྲོས་སྔགས་སྲུང་མའི་སྐོང་བ། བཤགས་པ་ཕྲིན་བཅོལ་བཅས་སྦྱར། གང་ལྟར་འདིར་ཆ་གསུམ་བཏང་ལ་སྨོན་ལམ་ཚིག་བཞིའི་མཐར་ལས་རྡོར་གྱིས་གསོལ་གདབ་བཅས་ལྷག་མ་བསྔོས་ལ་བཙོན་དུ་འཛིན། དམ་ཅན་སྤྱི་གཏོར་གྱི་གཏོར་འབུལ་ནས་བཀྲ་ཤིས་བར་མཐར་དབྱུང་། དེ་ནས་ཆད་མདོ་དང་བརྟན་མ་འབུལ་མཚམས་བསྡུ་ན་གོང་གསལ་ལྟར་ཉུ་ལེ་ལ་ཕུར་གདབ་བྱ། ཅུང་ཟད་རྒྱས་པར་སྤྲོ་ན་རྗེས་སུ་བཀྲ་ཤིས་གྲུབ་ཀྱི་བར་མི་བྱ། གོང་ལྟར་མཆོད་པ་བྱིན་བརླབ། རྗེས་ཆོག་མཆོད་བསྟོད། ནོངས་བཤགས། རྡུལ་ཚོན་རས་བྲིས་སྐབས་ཕྱེད་པའི་བརྟན་བཞུགས་སྤྱི་མཐུན། བསྡུ་ལྡང་བསྔོ་སྨོན། བཀྲ་ཤིས་བཅས་གྲུབ་ནས་གོང་དུ་མ་སོང་ན་ཉུ་ལེ་གཟིར་བ་སྔར་སྨོས་པ་ལྟར་རམ་སྤྱི་འགྲོའི་རྒྱས་པ་སྦྱར་ཡང་རུང་ལ་ཕུར་གདབ་གྲུབ་པའི་མཚམས་སུ་བཀའ་བརྒྱད་ལྟར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་ལ་ཐུན་བྲབ། བྱིན་འབེབས་གོང་སྨོས་ལྟར་རམ། རིག་འཛིན་ཐུགས་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་འབེབས་ཉིད་སྦྱོར་ནའང་སྐབས་སུ་འཚམས་པར་འགྱུར་རོ། །འདི་ནས་བརྩམ་སྟེ་ཛཔ྄་རྒྱུན་འཛུག་པ་དང་། ཐུན་དང་པོའི་བསྙེན་པའི་སྐབས་ནས་སྔགས་རྒྱུན་ལེན་པ་གཉིས་སུ་སྣང་བ་གང་ལྟར་བྱས་ཀྱང་འགལ་བ་མེད་མོད། ད་ལྟ་ཕྱག་ལེན་ཕྱི་མ་ལྟར་བྱེད་ཅིང་དེ་ནས་བརྩམ་ཡི་གེ་བརྒྱ་པའི་ཛཔ྄་སྔགས་གསུང་མི་ཆད་དུ་བཟླ། ཐུན་བརྗེ་ལེན་སྐབས་སྔ་མ་རྣམས་ཀྱིས་མཆོད་བསྟོད་བསྡུས་པ་རེའང་བྱ་བར་གསུངས་སོ། །མཚན་ཐུན་རྣམས་ལའང་སྔོན་འགྲོ་རྒྱུད་དག་ནས་བྱིན་འབེབས་ཡན་ཉིན་ཐུན་གཉིས་པ་དང་འདྲ་བ་ལས་མདུན་བསྐྱེད་མཆོད་ཚིག་རྒྱས་པ་མ་ལྕོགས་ན་བདག་བསྐྱེད་ལྟར་བྱ་བ་དང་། སྐོང་ཆེན་ལྔའང་མ་ལྕོགས་ན་བཞག་ཏུ་རུང་ངོ་། །དེ་ལྟར་ཐུན་དྲུག་ལྕོགས་ན་ཤིན་ཏུ་ལེགས་ཤིང་ཅིས་ཀྱང་མ་འཁྱོངས་ན་ཉིན་ཐུན་གཉིས། མཚན་ཐུན་གཉིས་ཏེ་ཐུན་བཞིར་བྱས་ཀྱང་ཆོག་གོ །གསུམ་པ་རྗེས་སྒྲུབ་པ་གྲུབ་པའི་ཉིན་ཐ་མའི་བྱ་བ་ནི། ཚོགས་ཐ་མ་བསྟབ་པའི་དུས་ཉུ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབ། བདག་འཇུག་ངེས་པར་བླང་བའི་རྗེས་ཙམ་དུ་ཁ་སྐོང་ལ་ཞི་བ་དང་དངོས་གྲུབ་ཆེན་པོའི་དོན་དུ་མཆོག་གི་སྦྱིན་སྲེག་ཅི་རིགས་པ་བསྙེན་སོང་གི་སློབ་དཔོན་གཞན་པ་དང་གྲྭ་པ་གྲངས་བཅད་ཀྱིས་བསྒྲུབ། དེའི་སྦྱོར་དངོས་ཀྱི་བྱ་བ་གཞུང་གསལ་ལྟར་ལ་འདས་པའི་མེ་ལྷ་མཆོད་པའི་བསྐྱེད་ཆོག་སྐབས། བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་བཀྲ་ལམ་གྱིས་གསལ་བར་གྱུར། ཨོཾ༔ ཕྱོགས་བཅུ་ཀུན་ན་སོགས་བརྗོད་ཅིང་ལས་ཀྱི་རྡོ་རྗེས་སྤོས་རོལ་གྱིས་མཚོན་པར་ཚོམ་བུ་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ ཡིག་བརྒྱ་ལན་གཅིག །ཐབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་ནི་བླ་མ་དང་གཉིས་སུ་མེད་པའི་སོགས་ནས་གསལ་བར་གྱུར། དེ་ནས་ཕྱག་དང་མཆོད་བསྟོད་དཀྱུས་བཞིན་ལ། རྗེས་གཤེགས་གསོལ་སྐབས། བཛྲ་མུཿ མེ་ཐབ་ཀྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་པའི་ཐུགས་ཀར་གཤེགས་པར་གྱུར། ཞེས་སྦྱར་ལ་ལས་རྡོར་གྱིས་ཚོམ་བུ་སླར་སྤྱན་དྲང་བ་ནི་ཁྱད་པར་རོ། །ལྷག་ཆོག་གི་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་ཀྱང་སྒྲུབ་ཁང་གི་ཕྱི་རོལ་ལྷོ་ནུབ་གོམས་པ་བདུན་ཅུའི་སར་སྤུངས། བརྟན་མ་བསྐྱང་གྲུབ་པའི་རྗེས་སུ་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་མདུན་དུ་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་རྒྱས་པའམ། བསྡུ་ན་ཚེ་རིལ་ཚེ་ཆང་ཙམ་བཤམ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་མེའི་འོད་ཟེར་འཕྲོ་བས་བར་མཚམས་མེད་པར་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམས་ལ་སྲུང་འཁོར་བསྒོམ། འཕགས་མཆོག་ཐུགས་རྗེ་མས་བྱིན་དབབ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཀྱིས་བཤགས་པ་བྱ། དཀྱིལ་འཁོར་པའི་གནས་གསུམ་ལས་སྤྲོས་པའི་འོད་ཟེར་རང་གི་གནས་གསུམ་དུ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་བཅུད་དང་དྭངས་མ་དངོས་གྲུབ་རྣམ་པ་གཉིས་མ་ལུས་པ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར་པར་མོས། ཡིག་བརྒྱའི་ཤམ་དུ། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཡང་མྱང་གྲོལ་སྒྲུབ་པ་དང་འབྲེལ་ན། སྒྲུབ་རྫས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་གྱུར་པར་བསམས་ལ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨམྲྀ་ཏ་སརྦ་སིདྡྷི་ཧཱུྃ། ཞེས་སྦྲེལ་བ་བརྒྱ་སྟོང་སོགས་བཟླ་ཞིང་། མཐར་སྨན་གཏོར་རཀྟས་མངའ་གསོལ་བ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔ སོགས་དང་། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔ སོགས་ཀྱིས་རྒྱས་པར་མཆོད་ནས། སྒྲུབ་རྟེན་བནྡྷ་ཁ་སྦྱོར་གནས་བཞིར་གཏུག་ཅིང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་དངོས་གྲུབ་བླང་ཞིང་། ལྷ་འོད་དུ་ཞུ་བའི་དམ་རྫས་བདུད་རྩིར་གྱུར་པར་མོས་ལ་ཐབས་ཤེས་ཀྱི་རྫས་རྣམས་གཡས་བསྐོར་གཡོན་བསྐོར་དུ་སྟོབ་ཅིང་ལོངས་སྤྱོད། དེ་ནས་དཀྱིལ་འཁོར་རྗེས་ཆོག་མཆོད་པ་བྱིན་རླབས། མཆོད་བསྟོད་ཡན་ཆད་དཀྱུས་བཞིན་ལ། རྡུལ་ཚོན་ཡིན་ན་བརྟན་བཞུགས་བོར་ནས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་གསལ་དུ་བསྡུ། སླར་ཐུན་མཚམས་ཀྱི་ལྷར་ལྡང་ལ་གོ་བགོ་ལུས་བསྲུང་བྱ། ཕྱི་རོལ་དུ་སོང་ནས་རྒྱལ་ཐོ་བཞི་ལ། མཆོད་གཏོར་བཤམས་ནས་བྱིན་རླབས་བསྐྱེད་བསྟིམ་མཆོད་གཏོར་འབུལ་བ་རྣམས་ཐོ་སྡོམ་ལྟར་ལས། བསྟོད་པའི་རྐང་པ་ཐ་མ་ཤར་ཕྱོགས་བགེགས་སོགས་ཀྱི་ཚབ་ཏུ། བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སྦྱར་བའི་མཐར་བཛྲ་མུཿས་གཤེགས་སུ་གསོལ། སྒོ་བྱང་ལ། མཆོད་གཏོར་བཤམ་བཀོད་རློབ་པ་བསྐྱེད་དྲངས་བསྟིམ་དབུལ་རྣམས་སྡོམ་པ་ལྟར་ལ། བཛྲ་མུཿས་གཤེགས་སུ་གསོལ། དེ་ནས་ནང་དུ་ལོག་སྟེ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཊྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་ར་ན་ཨཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཧོཿ ཞེས་ཧཱུྃ་བཞི་པའི་སྔགས་བཟླ་ཞིང་རྐང་པ་གཡོན་ཀྱང་དང་ལག་སྐམ་པའི་རྒྱས་ཕུར་བུ་རྣམས་མས་རིམ་ནས་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཕུར་ཁུང་ལའང་གཏོར། རྡུལ་ཚོན་གྱི་དཀྱིལ་འཁོར། ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེས་དབང་ལྡན་གྱི་རྩིག་པ་ནས་བརྩམ་སྟེ་ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཅིང་ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང་དོན་དུ་གཉེར་བ་རྣམས་ལའང་ཅུང་ཟད་བྱིན་པའི་ལྷག་མ་རྣམས་ཕྱགས་ལ་བུམ་པ་སོགས་སྣོད་དུ་བླུག །དྲི་བཟང་གི་ཆུས་ཐིག་རྣམས་ཀྱང་མཐའ་ནས་རིམ་བཞིན་བསུབ། དེ་ནས་ཅུང་ཟད་རྒྱས་པར་སྤྲོ་ན་མར་མེ་ཐོགས་ལ། ཧཱུྃ། བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སྙིང་པོ་བྱང་ཆུབ་ལམ་ལ་ཞུགས་པ་ཡིས། །འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང་། །ཆགས་སྡང་གཅོང་རོང་གནས་སུ་མི་སྐྱེ་དང་། །ལོག་ལྟ་དམྱལ་བའི་ཟངས་ཁར་རྦབ་མི་འགྲིལ། །འཁོན་འཛིན་གཅན་གཟན་གདུག་པའི་སྐད་མི་ཐོས། །ཉོན་མོངས་མཚོན་རྩེ་གདུག་པའི་ཟེར་མི་འཕོག །དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་། །སྲོག་གིས་སྦྲེལ་བའི་མཆེད་དང་ལྕམ་དྲལ་དང་། །གསུམ་པའི་དབང་གིས་སྦྲེལ་བའི་རིག་མ་གསུམ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མི་འབྲལ་རྩེ་གཅིག་འགྲོགས་པའི་ཏིང་འཛིན་གྱིས། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པར་ཤོག །ནམ་ཞིག་ཚེ་འཕོས་ལུས་བརྗེའི་དུས་བྱུང་ནས། །འཁོར་བའི་གཡང་སར་ལན་གཅིག་ལྟུང་སྲིད་ཀྱང་། །སྣང་བའི་གོ་འབྱེད་ཞུན་མར་མདངས་གསལ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིང་། ཀུན་ཏུ་འོད་ཀྱི་ས་ལ་རྒྱུད་སྦྱངས་ནས། །པདྨ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ། །འཁོར་ལོ་ཚོགས་ཆེན་ས་ལ་གཤེགས་པའི་ཚེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མདུན་བསུས་ཤིག །ཡི་དམ་ལྷ་ཡིས་རྒྱབ་ནས་སྲོག་བརྟེན་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐའ་སྐྱོར་ཅིག །མཆོད་པའི་ལྷ་མོ་རྣམས་ཀྱིས་སྣ་དྲོངས་ཤིག །མ་ཚོགས་དབང་མོ་རྣམས་ཀྱིས་རྗེས་སྐྱོངས་ཤིག །ལྕང་ལོ་ཅན་གྱི་ས་ལ་ཕྱིན་པའི་ཚེ། །མི་ལྡོག་པ་ཡི་ས་ལ་གནས་ནས་ཀྱང་། །རྡོ་རྗེ་ཁྲོ་རྒྱལ་ཁྱོད་ཀྱི་ཞལ་མཐོང་ནས། །རིག་འཛིན་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་བཀའ་བརྒྱད་སྒྲུབ་ཁོག་ལྟར་མར་མེ་སྨོན་ལམ་དབྱངས་སྙན་བོར་ལེན་ཚུལ་དུ་བྱ། མཐར། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས་བསྔོ་སྨོན་དང་། ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད། རྡུལ་ཚོན་ཆུ་བོར་གཤེགས་པ་སོགས་དངོས་སུ་མ་གསལ་བ་རྣམས་གསང་བ་སྤྱི་ཆོག་ལྟར་ཤེས་པར་བྱའོ། །རིགས་འདུས་རྒྱལ་བ་འདི་གྲུབ་ན། །རབ་འབྱམས་དཀྱིལ་འཁོར་འགྲུབ་པའི་ཕྱིར། །རྙེད་དཀའ་དོན་ཆེའི་ལམ་བཟང་ལ། །ཆམ་གཅིག་ཞུགས་པའི་སྐལ་ལྡན་ཤོག །འདིས་ཐོབ་དགེ་བའི་ཆ་གང་དེས། །འབྲེལ་ཚད་འཁོར་བ་དོང་ནས་སྤྲུགས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་རིགས་ཀུན་བདག་གྱུར་ཅིག །ཅེས་པ་འདིའང་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པའི་སྡེ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་ཆེན་སྐུ་མཆེད་ཀྱི་གསུང་རབ་ལས་ལེགས་པར་བཏུས་ཏེ་བྲིས་པ་དགེ་ལེགས་འཕེལ།། །།

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ་ (Volume 3, Text 7)

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མྱང་གྲོལ་རིལ་བུའི་སྒྲུབ་ཐབས་ངག་འདོན་སྙིང་པོར་དྲིལ་བ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་སཏྭ་ཡ། དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་མན་ངག །མ་བསྒོམ་སངས་རྒྱས་གྲོལ་ལམ་གསུམ་གྱི་ཡ་གྱལ། མྱང་གྲོལ་བདུད་རྩི་རིལ་བུ་སྒྲུབ་པའི་ལག་ལེན་ནི། གཞུང་རྩ་བ་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལྔ༔ མཆོག་གྲུབ་གདུང་དང་རིང་བསྲེལ་དང༔ བདུད་རྩི་སྒྲུབ་རྫས་སྨན་ཕབས་རྣམས༔ རྩ་བའི་རྫས་ཏེ་སྟོབས་བསྐྱེད་པ༔ བཟང་དྲུག་འབྲས་བུ་གསུམ་ལ་སོགས༔ བདུད་རྩི་མཆོག་རྒྱུད་བཞིན་སྦྱར་ནས༔ ཡུངས་ཀར་འབྲུ་དགུའི་ཚད་དུ་དྲིལ༔ མཚན་ལྡན་ཕོ་མོའི་ཐོད་པར་བླུག༔ ཅེས་གསུངས་པ་ལྟར་ལག་ལེན་དུ་བསྟར་བ་ནི། འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚེ་ན། ཨ་རུ་གསེར་མདོག་རྡོག་བཅུ་ལ། སྐྱུ་རུ་ར་སུམ་ཅུ། བ་རུ་ར་རྡོག་བཅུ། ཛཱ་ཏི། ལི་ཤི །སུག་སྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་ཙམ་རེ་དང་། ཙནྡན་དཀར་དམར། གིའུ་ཝང་། ཁ་ཆེ་རྣམས་ཞོ་རེ་ཙམ། དེ་ཕྱིན་སྨན་གཞན་མང་པོ་བཏང་ཡང་རོ་ནུས་ལ་གནོད་པས། བདུད་རྩི་སྨན་གྱི་སྒྲུབ་པའི་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་བདུད་རྩི་ཆོས་སྨན་ཕོན་ཆེ་བ་ཙམ་བཏབ་ཕྱིན་དེ་ལ་མ་འདུས་པ་མེད་ཅིང་། ཕབ་གཏའ་ནི། མཆོག་གི་དངོས་གྲུབ་བརྙེས་པ་རིག་འཛིན་བླ་མའི་གདུང་རུས་རིང་བསྲེལ་རྣམ་སྣང་མི་བསྐྱོད། དེ་བཞིན་གཤེགས་པའི་འཕེལ་གདུང་། སེལ་མེད་ཀྱི་གོང་མ་དག་གི་སྒྲུབ་རྫས་རིལ་བུ་རྣམས་སོ། །ཤ་ལྔ་བདུད་རྩི་ལྔ་ནི། བདུད་རྩི་ཆོས་སྨན་ལ་ཡོད་པ་དེས་འཐུས་པར་མཛད་པས་གསར་དུ་མི་དགོས། དེ་ལྟར་རྫས་དེ་རྣམས་ཞིབ་ཏུ་བསྣུར་ཞིང་འདྲེས་པར་སྦོལ་བའི་ཕྱེ་མ་ལས་ཟན་གཡོས་ཏེ། རིལ་བུ་ཡུངས་ཀར་འབྲུ་དགུ་གཅིག་ཏུ་དྲིལ་བ་ཙམ་གྱི་ཚད་དུ་དྲིལ་ལ། གྲིབ་སྐམ་བྱས་ནས་མཚལ་གྱིས་ཁ་དོག་དམར་པོར་བསྒྱུར། དེ་ཉིད་དར་གྱི་ཁུག་མར་བླུགས་པ་མཚན་ལྡན་ཕོ་མོའི་ཐོད་པ་སྟེང་འོག་ཁ་སྦྱོར་གྱི་བར་དུ་བཅུག །ཕྱི་ནས་དཀར་མཐིང་སེར་དམར་ལྗང་བའི་དར་ཚོན་སྣ་ལྔས་དྲིལ། ཚོན་སྐུད་སྣ་ལྔའི་སྲད་བུས་རྒྱ་གྲམ་དུ་བཅིངས་ལ་བགེགས་བསྐྲད་པ་དང་། ཁྲུས་གསོལ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ། རང་དང་ཁ་སྤྲོད་དུ་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་སམ་རྡུལ་ཚོན་གང་རུང་གི་རེ་ཁཱ་དཀར་པོས་པདྨ་འདབ་མ་བརྒྱད་པ་ཞིག་བྲིས་པའི་དབུས་སུ་མཉྫི་ལ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར་ལ་སྤྲོ་ན་རྒྱན་བཀོད་སོགས་མཐོང་བརྒྱུད་བཞིན་བྱའོ། །དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གཞི་བགེགས་ཀྱི་གཏོར་མ་གཏང་བ་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་པའི་མཇུག་གི་བྱ་བ་གསོལ་གདབ། ཉེར་བསྡུ། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་ཆོ་ག་རྣམ་གྲོལ་ལམ་བཟང་ལྷན་ཐབས་དང་བཅས་པ་ལས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གྲུབ་ནས། མདུན་རྟེན་ལ་བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པར་གྱུར། །དེ་ངང་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པའི་སྣོད་ནང་དུ། །པདྨ་འདབ་བཞིའི་སྙིང་པོ་ལ། །དབུས་སུ་ཨཱོཾ་མཱུཾ་དཀར་གསལ་འཚེར། །ཤར་དུ་ཧཱུྃ་ལཱཾ་མཐིང་སྔོན་འབར། །ལྷོ་རུ་ཏྲཱྃ་མཱཾ་གསེར་མདོག་ཅན། །ནུབ་ཏུ་ཧྲཱིཿཔཱཾ་ལེ་བརྒན་མདངས། །བྱང་དུ་ཨཱཿཏཱཾ་མ་རྒད་མདོག །འོད་འབར་ས་བོན་བཅུ་པོ་ཉིད། །རིམ་བཞིན་ཡོངས་གྱུར་ལྟེ་བའི་དབུས། །བ་ལང་ཤ་དང་བྱང་ཆུབ་སེམས། །ཤར་དུ་མཆོག་ཆེན་མི་ཤ་དང་། །བདུད་རྩི་དྲི་ཆེན་ལྷོ་ཕྱོགས་སུ། ཁྱི་ཤ་དང་ནི་ཤ་ཆེན་པོ། །ནུབ་ཏུ་རྟ་ཤ་མཚན་ལྡན་མའི། །པདྨའི་རཀྟ་བྱང་དུ་ནི། །གླང་ཆེན་ཤ་དང་དྲི་ཆུ་དང་། །སོ་སོའི་ས་བོན་གྱིས་མཚན་པའི། །སྟེང་དུ་དཀར་གསལ་ཟླ་དཀྱིལ་ལ། །རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་དེ་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ པང་དུ་སྙེམས་མ་གྲི་གུག་དང༔ ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ དར་དཔྱངས་རིན་ཆེན་ཅོད་པན་སོགས༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ ཞེས་དམ་ཚིག་པ་བསྐྱེད་ནས། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སོགས། གནས་གསུམ་བྱིན་རླབས། སྤྱན་འདྲེན། དབང་བསྐུར། མཆོད་བསྟོད་རྣམས་བདག་བསྐྱེད་བཞིན་བྱས་ནས། མྱང་གྲོལ་ལ་གཟུངས་ཐག་གཏད་ལ་ཛཔ྄་དམིགས་ནི། རང་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ། །སོང་པས་འོག་གི་རླུང་གཡོས་ཤིང་། །མེ་སྦར་ཐོད་པའི་དམ་རྫས་ཁོལ། །དཀར་དམར་འོད་ཀྱི་གོང་བུར་ཞུ༔ རླངས་པས་ཡབ་ཡུམ་ཆགས་པ་བསྐུལ༔ མཉམ་སྦྱོར་དགའ་བའི་འོད་དང་སྒྲས༔ སངས་རྒྱས་ཚད་མེད་སྤྱན་དྲངས་ནས༔ ཞལ་ཞུགས་ཐིག་ལེར་ཞུ་བ་ཉིད༔ མཁའ་གསང་ལས་ནི་བདུད་རྩི་ལ༔ མཚོ་ལ་ཁ་བ་བབ་པ་བཞིན༔ ཐིམ་ནས་རྗེས་ཆགས་མཉམ་སྦྱོར་བས༔ ཡབ་ཡུམ་ཐིག་ལེའི་ངོ་བོར་ཞུ༔ དམ་ཚིག་རྫས་དང་རོ་གཅིག་གྱུར། །ཞེས་པའི་དམིགས་པའི་འཕྲོ་འདུ་དང་བཅས་སྙིང་པོ་ཡི་གེ་བརྒྱ་པའི་མཐར། ཨོཾ་ཛྙཱ་ན་ཨ་མྲྀཏ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ་ཞིང་། ཐུན་འཇོག་པ་ན། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་སྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་རོལ་མོའི་སྒྲ་དང་རྐང་གླིང་ཐོད་རྔ། བཤུག་གླུ །དར་སྣ་ལྔའི་གཡབ་དར་སོགས་ཀྱིས་སྒྲུབ་པའི་ཡོ་བྱད་རྣམས་ལ་བྱིན་དབབ་བོ། །དེ་ལྟ་བུས་ཉིན་ཐུན་གཉིས་དང་། མཚན་ཐུན་གཉིས་སམ། ཡང་ན་ཐོ་རེངས། སྔ་གྲོ །དགོང་ཀ །སྲོད་དེ་ཐུན་བཞི་ལ་གོང་ལྟར་བྱེད་ཅིང་སྔགས་སྒྲ་རྒྱུན་མ་ཆད་པར་བཟླ་བས་ཞག་བདུན་སོགས་དུས་དང་། ཁྲི་འབུམ་སོགས་ཀྱི་གྲངས་རང་གི་ནུས་པ་དང་འཚམས་པ་བྱའོ། །དེའི་ཚེ་གྲུབ་པའི་རྟགས་ནི། རྫས་ལ་འོད་འཕྲོ་བ་དང་། དྲི་བཟང་པོ་འཐུལ་བ་དང་། སྒྲ་སྙན་པར་སྒྲོག་པ་དང་། མང་པོར་འཕེལ་ཞིང་རིལ་བུའི་གྲངས་འཕར་བ་སོགས་ཀྱི་རྟགས་བཟང་པོ་འབྱུང་ངོ་། །དེ་ལྟར་གྲངས་དུས་མཚན་མ་གསུམ་གང་གི་ཚེ་ནའང་སྒྲུབ་པ་ཐེམས་ནས་དངོས་གྲུབ་བླང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ། ཞེས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་རོལ་མོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་མེའི་འོད་ཟེར་འཕྲོ་བས་བར་མཚམས་མེད་པར་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པར་བསམས་ལ་སྲུང་འཁོར་བསྒོམ། འཕགས་མཆོག་ཐུགས་རྗེ་མས་བྱིན་དབབ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །སོགས་ཀྱིས་བཤགས་པ་བྱ། དེ་ནས་སྒྲུབ་རྫས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་གྱུར་པར་བསམས་ལ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨམྲྀཏ་སརྦ་སིདྡྷི་ཧཱུྃ༔ ཞེས་སྦྲེལ་བ་བརྒྱ་སྟོང་སོགས་བཟླ་ཞིང་། མཐར་སྨན་གཏོར་རཀྟས་མངའ་གསོལ་བ་ནི། གཙང་དམེའི་དྲི་རྟོག་ཀུན་བྲལ་བའི༔སོགས་དང་། ཤ་ལྔ་བདུད་རྩིའི་སྙིང་པོ་ཅན༔སོགས་ཀྱིས་རྒྱས་པར་མཆོད་ནས། སྒྲུབ་རྟེན་བནྡྷ་ཁ་སྦྱོར་གནས་བཞིར་གཏུགས་ཤིང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཆེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་དངོས་གྲུབ་བླང་ཞིང་། ལྷ་འོད་དུ་ཞུ་བའི་དམ་རྫས་བདུད་རྩིར་གྱུར་པར་བསམས་ལ་ལོངས་སྤྱོད་པར་བྱའོ། །དེ་ནས་མཆོད་པ་རྣམས་ཁ་གསོས་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ནོངས་པ་བཤགས། ཡེ་ཤེས་པ་རྣམས་རྟེན་ལ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་བསྡུས་ལ་ཐུན་མཚམས་ཀྱི་ལྷར་ལངས་ཏེ། གོ་བགོ་ལུས་སྲུང་བསྔོ་སྨོན་ཤིས་བརྗོད་རྣམས་ལྷན་ཐབས་ཡན་ལག་མཛེས་རྒྱན་ལྟར་མཐའ་རྒྱས་སུ་བྱའོ། །དེ་ལྟ་བུའི་དམ་རྫས་དེ་ཉིད་སེར་སྣ་མེད་པའི་སེམས་བསྐྱེད་བཟང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་བརྡལ་དུ་སྤེལ་ཞིང་སྦྱིན་པར་བྱ་སྟེ། གཞུང་ལས། དེ་ལྟ་བུ་ཡི་དམ་རྫས་དེ༔ གང་གིས་ཟོས་པས་ཉམས་ཆག་སྦྱོང༔ དམ་ཚིག་དངོས་གྲུབ་ཀུན་ཐོབ་ནས༔ འཕོ་མེད་བདེ་ཆེན་འགྲུབ་པར་འགྱུར༔ ཞེས་གནས་སྐབས་སུ་དམ་ཚིག་ཉམས་ཆག་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བྱང་ཞིང་། ཕྲིན་ལས་བཞི་དང་། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པ་དང་། མཐར་ཐུག་བདེ་བ་ཆེན་པོར་ཁ་སྦྱོར་ཡན་ལག་བདུན་ལྡན་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་དཀའ་བ་མེད་པར་འགྲུབ་པས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་དག་ནི་གཙོ་བོ་མྱོང་གྲོལ་ཆིག་དྲིལ་ཏུ་སྒྲུབ་ཚུལ་ཙམ་ཡིན་ལ། གལ་ཏེ་སྒྲུབ་མཆོད་དང་སྦྲེལ་ན། སྦྱོར་བ་ཡོ་བྱད་བཤམ་པའི་སྐབས་སུ། མྱང་གྲོལ་གྱི་ཐོད་པ་ཁ་སྦྱོར་རྣམས་དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་བཀོད་ཅིང་། གཞན་སྒྲུབ་པའི་ཡོ་བྱད་ཐམས་ཅད་གཞུང་ལྟར་ཚོགས་པར་བྱ། དངོས་གཞིར་བསྙེན་པའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཚོགས་གསག་སྒྲུབ་པའི་རྣལ་འབྱོར་གྱི་ཚོགས་ཞིང་དམ་ཚིག་པ་བསྐྱེད་ཟིན་པའི་མཚམས་མདུན་རྟེན་བསང་སྦྱང་ནས་བརྩམས་ཏེ། མཐའ་ཡས་འོད་ཟེར་སྤྲོ་བ་འོ༔ཞེས་པའི་བར་གོང་དུ་སྨོས་པ་ལྟར་གྲུབ་རྗེས། དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སོགས་གནས་གསུམ་བྱིན་རླབས་ནས་བཟུང་དཀྱུས་གཅིག་ཏུ་བྱས་ལ། བུམ་བཟླས་འོད་ཞུའི་བར་ཆོ་གའི་གཞུང་དང་ལྷན་ཐབས་སྦྱར་ཏེ་བཟླས་པ་འོས་མཚམས་དང་བཅས་བྱ། དེ་ནས་མྱང་གྲོལ་ལ་གཟུངས་ཐག་གཏད་ལ། རང་ཉིད་ལྷར་གསལ་ཐུགས་ཀ་ནས། སོགས་ཛཔ྄་དམིགས་གསལ་བཏབ་སྟེ་བཟླས་པ་ཐུན་དུ་བཅད་པའི་མཚམས་བྱིན་འབེབས་བཅས་གོང་ལྟར་དང་། ཐུན་མཚམས་སུ་ཡེ་ཤེས་སྐུ་མཆོག་ནས་བཟུང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆོ་གའི་གཞུང་དང་ལྷན་ཐབས་སྦྱར་ཏེ་རྒྱས་པར་ཉམས་སུ་བསྟར་ཞིང་། སྐབས་སུ་ཉུ་ལེའི་བགེགས་ལ་ཕུར་པ་གདབ་པ་དང་། ཁོར་ཡུག་ཏུ་གསུང་མི་ཆག་པའི་བཟླས་པ་བྱ་ཚུལ་སོགས་མཐོང་བརྒྱུད་ལྟར་ཤེས་པར་བྱ། སྒྲུབ་པའི་ཞག་གྲངས་རྫོགས་པའི་ཐུན་ཐ་མའི་ཚེ་བརྟན་མ་སྐྱོང་བའི་བར་གྱི་ཆོ་ག་རྣམས་གྲུབ་རྗེས་དངོས་གྲུབ་བླང་བ་གོང་དུ་སྨོས་པ་ལྟར་བྱ་ཞིང་དམ་ཚིག་གི་རྫས་ལ་ལོངས་སྤྱད། དོན་དུ་གཉེར་བ་རྣམས་ལའང་དངོས་གྲུབ་ཀྱི་སྐལ་བ་ཅི་རིགས་པ་སྦྱིན་ཅིང་། དམིགས་བསལ་དབང་བསྐུར་བ་སོགས་དགོས་ནའང་སྐབས་འདིར་བྱས་ལ། གཏང་རག་གི་མཆོད་བསྟོད་ནས་བརྩམ་སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམས་གཞུང་ལྟར་རྒྱས་པར་བྱའོ། །ཞེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རྗེ་བཙུན་བླ་མ་དམ་པ་ཞི་བར་གཤེགས་པ་རྣམས་ཀྱི་ཟབ་དགོངས་འོད་གསལ་གྱི་དབྱིངས་སུ་རྫོགས་ཤིང་། ད་ལྟར་ཞལ་བཞུགས་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། ཚེ་འདིའི་ཕ་མས་གཙོ་བྱས་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་རིན་པོ་ཆེར་དབུགས་འབྱིན་པའི་ལྷག་བསམ་གཅིག་ཏུ་དཀར་བས་གཞི་བཟུང་། རང་བྱུང་པདྨའི་སྒྲུབ་གནས་མདོ་ཁམས་མཁའ་འགྲོ་ཕུག་གི་བསམ་གཏན་བསྒོམ་པའི་འདུས་སྡེ་ཨོ་རྒྱན་འོད་གསལ་ཐེག་མཆོག་གླིང་དུ་ཚུལ་འདི་ལྟ་བུའི་མྱང་གྲོལ་སྒྲུབ་མཆོད་དང་འབྲེལ་བར་འཛུགས་པའི་སྐབས་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་སྨིན་གླིང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེས་མཛད་པའི་གྲོལ་ལམ་གསུམ་གྱི་མན་ངག་ལྷན་ཐབས་ལས་ཟུར་དུ་ཕྱུངས་ཏེ་ཅུང་ཟད་གསལ་བདེར་སྤེལ་བའི་དགེ་བས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ་བྷ་བ་ཏུ།། །།

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་ (Volume 3, Text 8)

ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ༁ོཾ༁ོཾ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་རིག་འཛིན་ཐུགས་ཐིག་ལས༔ བྱིན་འབེབས་རིམ་པ་བསྟན་པ་ནི༔ ཕྲིན་ལས་ལས་སྦྱོར་གང་བྱེད་ཀྱང༔ འདི་ཉིད་བྱ་བ་གནད་དུ་ཆེ༔ སཱ་མཱ་ཡཱ༔ དེ་ལ་སྨྱུག་རྒོད་ཚིགས་གསུམ་མདའི༔ མགུལ་དུ་དར་ཚོན་ཅོད་པན་བཏགས༔ གུ་གུལ་སྐྲ་སེན་སྦྱར་སྤོས་བསྲེགས༔ རོལ་མོ་སྦིར་ཞིང་མདའ་དར་གཡོབ༔ གདུང་དབྱངས་སྙན་པོས་འདི་སྐད་བརྗོད༔ ཧྲཱི༔ ཆོས་དབྱིངས་ཁྱབ་བརྡལ་ཡངས་པ་རྒྱལ་བའི་ཞིང༔ འཇའ་འོད་ཟེར་མདངས་འཁྲུགས་པའི་གུར་ཁང་ནས༔ དགོངས་བརྡའ་སྙན་བརྒྱུད་རྩ་བ་བརྒྱུད་བཅས་ཀྱི༔ རིག་འཛིན་བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག༔ འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་ནས༔ བདེ་གཤེགས་རིགས་ལྔ་ཕྱི་ནང་ཞི་ཁྲོ་དང༔ ཐེག་དགུའི་ཡི་དམ་ལྷ་ཡི་ཚོགས་རྣམས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཉི་ཤུ་རྩ་བཞི་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་གིང་དང་ལངྐ་དང༔ ཆོས་སྲུང་བསྟན་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་བྱིན་ཕོབ་ཅིག༔ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང༔ ཡི་དམ་མཁའ་འགྲོ་ཆོས་སྲུང་འཁོར་དང་བཅས༔ རབ་འབྱམས་ཕྱོགས་བཅུའི་ཞིང་ནས་སྐུར་བཞེངས་ལ༔ ཐུགས་རྗེས་བརྩེར་དགོངས་དབང་སྐུར་བྱིན་ཕོབ་ཅིག༔ སྣང་སྲིད་ཕྱི་ནང་གསང་བའི་མཆོད་པ་འབུལ༔ བརྗོད་བྲལ་དག་པ་རབ་འབྱམས་ཀློང་ཕྱག་འཚལ༔ རྣམ་དག་རང་བྱུང་རིག་པའི་ལྷ་ཚོགས་རྣམས༔ མ་གཡེལ་འདིར་གཤེགས་དབང་སྐུར་བྱིན་ཕོབ་ཅིག༔ གནས་ཁང་འདི་ལ་བྱིན་ཕོབ་གཟི་བརྗིད་སྩོལ༔ ཚོགས་གཏོར་ལོངས་སྤྱོད་འདི་ལ་བཅུད་ཅིག་ཕོབ༔ སྲིད་ཞིའི་ཡོན་ཏན་ཀུན་སྤུངས་རྫས་འདི་ལ༔ ཚེ་བཅུད་ནུས་སྤོར་དངོས་གྲུབ་ཆར་ཆེན་ཕོབ༔ འདི་ཉིད་རེག་མྱང་མཐོང་བ་ཙམ་གྱིས་ཀྱང༔ འགྲོ་ཀུན་ཟག་མེད་དྭངས་མ་འོད་སྐུར་ཡལ༔ ས་ཕྱོགས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ལྡན༔ མཆོག་ཐུན་དངོས་གྲུབ་མ་ལུས་གྲུབ་པ་ཡི༔ བྱིན་རླབས་ནུས་པ་ད་ལྟ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་བྱིན་དབབ་པར་བྱའོ༔ ཕེབས་རྟགས་བདེ་གསལ་རྟོགས་པ་སྐྱེ༔ ཉམས་འུར་བརྡ་དང་གླུ་དབྱངས་ལེན༔ འཁྲབ་ལྡིང་གསང་བའི་བརྡ་སྐད་སྨྲ༔ སྒོ་གསུམ་འཇུག་འགྱུར་གནས་ཁང་རྣམས༔ བྱིན་ཆེ་གཟི་འབར་བག་དྲོ་འབྱུང༔ སྱི་མྱི་ཡྱི༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ རིག་འཛིན་ཐུགས་ཐིག་ཆ་རྐྱེན་དུ༔ བྱིན་འབེབས་ཆོ་ག་འདི་ཉིད་བཀོད༔ མ་འོངས་འགྲོ་བ་འདྲེན་པར་ཤོག༔ སཱ་མཱ་ཡཱ༔ སློབ་དཔོན་གྱི་གསུང་བཞིན་ལོ་ཙཱ་བ་བདག་གིས་ཡི་གེར་བྲིས་ནས་གཏེར་དུ་སྦས་པ་དམ་ཅན་དྲག་པོ་ལྔ་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྱུར་མེད་རྡོ་རྗེས་བྲག་དམར་གཡའ་མ་ལུང་ནས་སྤྱན་དྲངས་པའོ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། གྲོལ་ལམ་གསུམ་གྱི་མན་ངག་ལག་ཏུ་བླང་བའི་གསལ་བྱེད་རྣམ་གྲོལ་ཤིང་རྟ་ (Volume 3, Text 9)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། གྲོལ་ལམ་གསུམ་གྱི་མན་ངག་ལག་ཏུ་བླང་བའི་གསལ་བྱེད་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲཱ་ཀྵ་ར་སཏྭཱ་ཡ། གྲོལ་ནས་དངོས་གྲུབ་སྦྱིན་པའི་མཐུ། །མགོན་པོ་རྒྱལ་བ་ཀུན་ལས་རྨད། །གང་ཉིད་བླ་མའི་སྐུར་སྣང་བ། །དེ་ལ་ལུས་ངག་ཡིད་ཀྱིས་འདུད། །སྒྲིབ་པའི་འཆིང་ལས་རྩོལ་མེད་དུ། །འགྲོལ་བྱེད་ཐབས་ཀྱིས་ཆེ་བའི་ལམ། །ཀུན་གྱི་ཡང་སྙིང་རྣམ་པ་གསུམ། །ལག་ལེན་གོང་མའི་གསུང་བཞིན་འགོད། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ཆོས་ཚུལ་བཀའ་གཏེར་རྒྱ་མཚོའི་ཡང་སྙིང་བཅུད་དུ་དྲིལ་བ་འདི་ལ་གྲོལ་ལམ་གསུམ་དུ་གསུངས་པ་དེའི་ལག་ལེན་གནད་འདྲིལ་དུ་བསྟན་པ་ལ་དོན་ལྔ། གྲོལ་ལམ་བསྟན་པའི་དགོས་པ། མཐོང་གྲོལ་མེ་ལོང་། བཏགས་གྲོལ་རྟེན་གསུམ། མྱང་གྲོལ་དམ་རྫས། ཞར་བྱུང་སྒྲིབ་སྦྱོང་ཁྲུས་ཀྱི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། གཞུང་ལས། ཐུན་མོང་འགྲོ་བ་མཐའ་དག་གིས༔ ལམ་ལ་སློབ་པར་མི་ནུས་པས༔ མ་བསྒོམ་གྲོལ་བ་ཐོབ་པའི་གནད༔ འདི་ལྟའི་རིམ་པ་བཞིན་དུ་བསྒྲུབ༔ ཅེས་གསུངས་ཏེ་ལམ་ལ་མ་ཞུགས་པའམ་ཞུགས་ཀྱང་བརྩོན་པར་མི་ནུས་པའི་འགྲོ་བ་མཆོག་དམན་བར་མ་སྤྱི་དང་། ཁྱད་པར་སྙིགས་དུས་ཀྱི་སྐལ་དམན་མཐའ་དག་གདོད་མའི་ས་ལ་བདེ་བླག་ཏུ་གྲོལ་བར་བྱེད་པའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ཞིང་། ལམ་ལ་བརྩོན་ཀྱང་འབྲས་བུ་མཐར་མ་ཕྱིན་པའི་གང་ཟག་རྣམས་རྐང་འཕྱེ་རྟ་མཆོག་ལ་བསྐྱོན་པ་དང་མཚུངས་པས་ཅིས་ཀྱང་བསྒྲུབ་པར་བྱ་བ་ཉིད་དོ། །གཉིས་པ་ནི། ཐོག་མར་གཡའ་མེད་པའི་མེ་ལོང་མཐོ་སྐོར་ཆེ་བ་ཞིག་ལ། བཟང་པོ་དྲུག་དང་། གྷི་ཧཾ། ག་པུར། ཙནྡན་དཀར་དམར། ཁ་ཆེ་སོགས་དྲི་བཟང་གི་ཕྱེ་མ་བ་དཀར་མོའི་འོ་མ་ལ་བཏབ་པའི་ཁུ་བས། དབུས་སུ་ཧཱུྃ་དང་དེའི་མཐར་གཡས་བསྐོར་དུ་ཡིག་བརྒྱ་མགོ་ཕྱིར་བསྟན་ཆད་ལྷག་མེད་པར་བྲི་བ་ཙམ་གསུངས་ཀྱང་། ཡིག་འབྲུ་མི་ཡལ་བར་འདོད་ན་དེ་ལྟར་གཟོང་རིས་ཀྱིས་བྲིས། དེའི་སྟེང་དུ་རྫས་དེ་རྣམས་ཀྱིས་མནན་ན་ལེགས་པ་འབྱུང་ངོ་། །གང་ལྟར་དེ་ཉིད་ཚགས་སུ་ཚུད་པ་དང་། སྒྲུབ་པ་པོ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གྲངས་དུས་མཚན་མ་གང་རུང་གི་བསྙེན་སྒྲུབ་ཀྱིས་དྲོད་ཐོབ་པའི་རྣལ་འབྱོར་པས་ཡར་ངོའི་དུས་སུ་གནས་དབེན་པར། རང་དང་ཁ་སྤྲོད་དུ་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་སམ། རྡུལ་ཚོན་གང་རུང་གིས་རེ་ཁཱ་དཀར་པོའི་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་མེ་ལོང་དེ་ཉིད་མགོ་མཇུག་མ་ལོག་པར་བཀོད། མཐའ་སྐོར་དུ་སྨན་གཏོར་རཀྟ། ཕྱི་ནང་གི་མཆོད་པ་རྣམས་དང་། གཞན་ཡང་རྡོར་དྲིལ་ཐོད་རྔ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བརྒྱུད་པའི་གསོལ་འདེབས། བསང་ཆུ་སྒྲུབ་པ་ནས་བརྩམ། ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་གྱིས་བདག་ལྷར་བསྐྱེད་པའི་ཆོ་ག་ལས་བྱང་རྣམ་གྲོལ་ལམ་བཟང་དང་ཟུར་འདེབས་ལྟོ་སྦྱར་ལ་ཚང་བར་བཏང་ཞིང་བཟླས་བསྙེན་ཡང་འོས་བསྟུན་བྱས་པས་ཆོག །དེ་ནས་མདུན་རྟེན་ལ་བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་བསང་སྦྱང་། མདུན་རྟེན་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་སེང་ཁྲི་དང་། །པད་དཀར་འདབ་བརྒྱད་ཟླ་བའི་སྟེང་། །རིག་པ་ཧཱུྃ་ལས་རྡོ་རྗེར་གྱུར༔ སྤྲོ་བསྡུས་དེ་ཉིད་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞི་ཚུལ་མཚན་དང་དཔེ་བྱད་འབར༔ སོགས་མདུན་རྟེན་ལྷར་བསྐྱེད་པ་ནས་མཆོད་པ་དང་བསྟོད་པའི་བར་བདག་བསྐྱེད་ལྟར་མཐར་ཆགས་སུ་བཏང་། དེ་ནས་བཟླས་པ་བྱ་བ་ནི། ཡབ་ཀྱི་ཐུགས་ཀར་འོད་ལྔའི་ཀློང༔ ཟླ་སྟེང་རང་འདྲའི་ཡེ་ཤེས་པའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ དཀར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་བུ་ཡུག་འཚུབས་པ་བཞིན། །སྤྱན་དྲངས་ཐུགས་ཀའི་ས་བོན་དང་། །སྔགས་ཕྲེང་ལ་ཐིམ་འོད་ལྔ་ཡི། །འཕྲོ་འདུ་བར་མཚམས་མེད་པར་གྱུར། །ཞེས་དོན་བསྒོམ་ཞིང་། ཡི་གེ་བརྒྱ་པ་ཐུན་རེར་སུམ་བརྒྱས་ཉུང་མཐའ་བྱས་པ་སོགས་ཅི་ནུས་སུ་བཟླའོ། །ཐུན་འཇོག་པ་ན། ལྷ་ཉིད་འོད་ཞུ་མེ་ལོང་ལ། །ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི། །མི་འགྱུར་མི་འགག་མི་རྟོག་པའི། །སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར། །ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད། ཐུན་མཚམས་གང་འོས་སུ་ཚོགས་ཀྱི་འཁོར་ལོ་དང་སྲུང་མའི་གཏོར་བསྔོས་སོགས་ཀྱང་བྱའོ། །སྤྲོས་པ་ལ་དགའ་ན་ཆོ་ག་གཞུང་གི་མདུན་བསྐྱེད་མཆོད་བསྟོད་སོགས་རྒྱས་པར་བཏང་ལ་བཟླས་དམིགས་ཁ་བསྒྱུར་ཡང་ཆོག །གང་ལྟར་ཡང་དེ་ལྟ་བུའི་ཐུན་བཞིའམ་དྲུག་ཏུ་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་གིས་མཐའ་རྟེན་པ་བཟླ་ཞིང་། སྒྲུབ་པའི་གྲངས་ཐེམས་པ་ན་རྟེན་འབྲེལ་སྙིང་པོ་དང་། བཀྲ་ཤིས་ཀྱིས་རབ་ཏུ་གནས་པར་མངའ་གསོལ་ནས། དེ་ཉིད་བཀུར་སྟི་ཆེན་པོས་ལམ་གྱི་བཞི་མདོའམ་མཆོད་རྟེན་གྱི་སྒོ་ཁྱིམ་ལྟ་བུར་བཞུགས་སུ་གསོལ་ན་འགྲོ་བ་གང་གིས་མེ་ལོང་དེ་ཉིད་མཐོང་བ་ཙམ་གྱིས་ལས་ཀྱི་སྒྲིབ་པ་མཐའ་དག་བྱང་ནས་བདེ་བ་ཆེན་པོའི་ས་ཐོབ་པར་འགྱུར་ཏེ། གཞུང་ལས། གང་ཞིག་མཐོང་བའི་འགྲོ་བ་དེའི༔ ལས་སྒྲིབ་བྱང་ནས་བདེ་ཆེན་ཐོབ༔ ཅེས་གསུངས་སོ། །གསུམ་པ་ནི། དར་རས་དཀར་པོ་དྲི་མ་མེད་པ་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་མཚན་ཉིད་དང་ལྡན་པའི་ཐུགས་ཀར་ཧཱུྃ་གི་འོག་སྙིང་པོ་འབྲུ་དྲུག་ཕྲེང་དུ་བྲི། སྐུའི་རྒྱབ་ངོས་ཀྱི་དབུས་སུ་ཨཱོཾ་དང་མཱུཾ་ཞལ་སྤྲོད། ཤར་དུ་ཧཱུྃ་ལཱཾ། ལྷོར་ཏྲཱྃ་མཱཾ། ནུབ་ཏུ་ཧྲཱིཿཔཱཾ། བྱང་དུ་ཨཱཿཏཱཾ། མཐའ་སྐོར་དུ། འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་འཁོར་བར་བྲི། འདིར་ཞལ་སྤྲོད་ནི་ཡིག་འབྲུ་མཇུག་སྤྲོད་དུ་བྲི་བ་ཡིན་ཞིང་། དེས་ན་ཕྱོགས་བཞིའི་སྔགས་ཡབ་རྣམས་ཡིག་མགོ་ཕྱིར་བསྟན་དང་ཡུམ་རྣམས་ནང་བསྟན་དུ་འབྱུང་ཞིང་། མཐའ་སྐོར་གྱི་སྔགས་མགོ་ཕྱིར་བསྟན། རང་བྱུང་མན་ཤེལ་ཟུར་དྲུག་པ་ཞིག་གི་རྩེ་མོར་ཧཱུྃ་མཱུཾ། ལོགས་དྲུག་ལ་སྦྱང་བྱ། ཨ་ སུ་ ནྲྀ་ ཏྲི་ པྲེ་ དུ་རྣམས་ཀྱི་སྟེང་དུ། སྦྱོང་བྱེད། འ་ ཨ་ ཤ་ ས་ མ ་ཧ། རྣམས་བརྩེགས་པའི་སྦྱོང་བྱེད་སོ་སོའི་མཇུག་ཏུ། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་འབྲུ་རེ་རེ་བཏགས་པ་རྣམས་གསེར་རམ་དངུལ་གྱིས་བྲི། ཡང་དར་དཀར་པོའམ། གྲོ་གའམ། ཤོག་བུ་དྲི་མེད་ལ། རིན་པོ་ཆེ་སྣ་ལྔའི་ཁུ་བས་ཡི་གེ་བརྒྱ་པ་ཚར་བདུན་ལྷག་ཆད་མེད་པར་བྲིས་པའི་མཇུག་ཏུ། འདི་འཆང་བ་པོ་མཐོང་ཐོས་དྲན་རེག་གི་འགྲོ་བ་དང་བཅས་པ་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཁྱད་པར་དམ་ཚིག་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་ལྷག་མེད་མྱུར་བ་ཉིད་དུ་དག་ཅིང་བྱང་བར་མཛད་དུ་གསོལ། ཞེས་པ་ལྟ་བུའི་སྤེལ་ཚིག་ཀྱང་གདགས། བདུད་རྩི་ཆོས་སྨན་དང་དྲི་བཟང་སྦྱར་བས་བྱུགས་ནས་སྔར་གྱི་མན་ཤེལ་དེ་ལ་དབུ་ཞབས་མ་ལོག་པར་གཡས་བསྐོར་དུ་དཀྲིས། དེ་དང་ལྷན་དུ་སྔར་གྱི་སྐུ་རྟེན་དང་བཅས་དར་ཚོན་ཁ་དོག་སྣ་ལྔའི་ན་བཟས་ལེགས་པར་བཅིངས་ཏེ་སྦྱོང་ཁྲུས་རྒྱས་པ་སྤྱི་ལྟར་རམ། བསྡུ་ན་བི་ཤྭའི་སྔགས་དང་ཐུན་བྲབ་གུ་གུལ་གྱིས་བདུག་པས་བགེགས་བསྐྲད། ཇི་ལྟར་བལྟམས་པས་ཁྲུས་གསོལ་ནས་གཞུང་གསལ་དཀྱིལ་འཁོར་བཞེངས་པའམ། མ་གྲུབ་ན་མཐོང་གྲོལ་གྱི་སྐབས་ལྟར་མཎྜལ་པད་འདབ་བརྒྱད་པའི་དབུས་སུ་བཀོད། མཆོད་གཏོར་སོགས་འདུ་བྱས་ལ། བདག་བསྐྱེད་བཟླས་པ་ཉེར་བསྡུ་ལྷར་ལྡང་བའི་བར་དང་མདུན་གྱི་སྒྲུབ་རྟེན་བསྐྱེད་ཆོག །སྤྱན་འདྲེན། དབང་བསྐུར་མཆོད་བསྟོད་རྣམས་ཀྱང་སྔར་བཞིན་བྱས་ལ། ཛཔ྄་དམིགས་ནི། མདུན་རྟེན་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་འགྲོ་ཀུན་ལས་སྒྲིབ་སྦྱངས༔ བྱང་ཆུབ་གནས་བཀོད་དེ་དག་དང༔ རབ་འབྱམས་རྒྱལ་ཀུན་འོད་དུ་ཞུ། །ཚུར་འདུས་སྒྲུབ་རྟེན་ཉིད་ལ་ཐིམ། །བདེ་གཤེགས་ཀུན་གྱི་སྙིང་པོར་གྱུར། །ཞེས་པའི་དོན་བསྒོམ་ཞིང་། ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ འ་ཨ་ཤ་ས་མ་ཧ༔ དྷརྨ་ཀཱ་ཡ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་དང་། སྙིང་པོ་ཡིག་དྲུག །ཡང་སྙིང་ཡི་གེ་བརྒྱ་པ་སོ་སོ་ནས་ཁྲི་ཚོ་རེས་ཉུང་མཐའ་བྱས་པ་རེ་བཟླ། ཐུན་གཅོད་ཚུལ་སོགས་སྔར་དང་འདྲ། ཚོགས་མཆོད་གཏོར་འབུལ་སོགས་ཀྱང་མ་ཆག་པར་བྱ། མཐར་བསྙེན་གྲངས་རྫོགས་ནས་རྗེས་ཆོག་གི་སྐབས་མདུན་རྟེན་ལ་བརྟན་བཞུགས། རྟེན་སྙིང་བཟླས་པའི་མེ་ཏོག་འཐོར་ཞིང་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ལ་རབ་ཏུ་གནས་ཤིང་མངའ་གསོལ། དེ་ལྟར་བསྒྲུབས་པའི་རྟེན་དེ་ཉིད་རིན་པོ་ཆེའི་ཟ་མ་ཏོག་ལ་སོགས་པར་བཅུག་སྟེ་མགུལ་ལམ་སྙིང་གར་བཏགས་ན་སྡིག་པ་གཞན་ལྟ་ཅི་སྨོས་ཏེ་མཚམས་མེད་ལྔའི་སྒྲིབ་པའང་མྱུར་དུ་བྱང་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གོ་འཕང་སྐད་ཅིག་ལ་ཐོབ་པ་སྟེ། གཞུང་ལས། གང་གི་མགོ་འམ་སྙིང་གར་གདགས༔ མཚམས་མེད་སྒྲིབ་བྱང་བྱང་ཆུབ་ཐོབ༔ ཅེས་གསུངས་སོ། །བཞི་པ་མྱང་གྲོལ་དམ་རྫས་སྒྲུབ་པའི་ཚུལ་ནི་ཁྱབ་བདག་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རབ་གཞན་ཕན་མཁའ་ཁྱབ་ལྟར་ཉམས་སུ་བླང་བར་བྱ་ཞིང་། དེའང་སྤྲོས་བཅས་བསྙེན་རྒྱུན་སོགས་རྒྱས་པར་གྲུབ་ན་ཁོ་བོས་བྱས་པའི་སྒྲུབ་ཁོག་རྣམ་གྲོལ་སྙེ་མ་དང་སྦྲེལ་བས་ལེགས་པར་འགྱུར་རོ། །ལྔ་པ་ནི། གྲོལ་ལམ་གསུམ་གྱི་ཆ་ལག་ཏུ་སྦྲེལ་དགོས་པ་མིན་ཡང་དགོས་པ་ཆེ་ཞིང་ཉེ་བར་མཁོ་བས་ཞར་བྱུང་དུ་བཤད་ན། མདུན་བསྐྱེད་དཀྱིལ་འཁོར་དང་འབྲེལ་ན་བཤམ་བཀོད་དེ་ལྟར་བྱས་པས་འཐུས། འདི་ཉིད་སྒེར་དུ་བྱེད་ན་མཎྜལ་ལ་པད་དཀར་འདབ་བརྒྱད་བྲིས་པའི་དབུས་སུ་རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུ་དང་ཉེར་ལྔའི་རྫས་ཀྱིས་བཀང་ཞིང་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཀོད། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པས་བསྐོར། དུང་ཞལ་དང་གཟུངས་ཐག་སོགས་ཉེར་མཁོ་འདུ་བྱས། ཐོག་མར་བསྙེན་ཅིང་སྒྲུབ་པ་ནི། ཆོ་གའི་གཞུང་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་ནི༔ མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ༔ པདྨ་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་ཡིག་ཡོངས་གྱུར་བཅོམ་ལྡན་འདས༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཅེས་སོགས་ལྷ་བསྐྱེད་པ་ནས། སྤྱན་འདྲེན་དབང་བསྐུར་མཆོད་བསྟོད་ཀྱི་བར་བདག་གི་རྣལ་འབྱོར་ལྟར་བྱ། དེ་ནས་གཟུངས་ཐག་བླངས་ལ། བདག་གི་ཐུགས་ཀའི་སྔགས་ཕྲེང་ཉིད༔ བུམ་ནང་ལྷ་ཡི་ཐུགས་ཀར་ཞུགས༔ དེ་ལས་འོད་ཟེར་དཀར་པོ་ནི༔ གྲངས་མེད་འཁོར་འདས་ཀུན་ཏུ་སྤྲོས༔ དོན་བྱས་ཚུར་འདུས་ལྷ་ལ་ཐིམ༔ མཉམ་སྦྱོར་བདུད་རྩི་དཀར་པོའི་རྒྱུན༔ བུམ་པའི་ཆུ་དང་འདྲེས་པར་གྱུར༔ ཅེས་མོས་ལ་ཡང་སྙིང་དང་ཡིག་བརྒྱའི་མཐར། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་སྟོང་ཕྲག་ལ་སོགས་པ་ཅི་ནུས་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་ཆུ་ཕུལ་བས། ཡབ་ཡུམ་བདེ་བ་ཆེན་པོས་འོད་དུ་ཞུ་ནས་བུམ་ཆུ་བྱང་སེམས་བདུད་རྩིའི་ངོ་བོར་གྱུར། ཅེས་མོས། དེ་ནས་ལས་སྦྱོར་ཁྲུས་ཀྱི་བྱ་བ་དངོས་ལ་གཉིས། གཞུང་གི་དངོས་བསྟན་གྱི་དགོངས་པ་དང་། ཉེར་མཁོ་སྤྱི་འགྲོའོ། །དང་པོ་ནི། རང་ལ་བྱེད་ན་བདག་བསྐྱེད་བསྡུ་ལྡང་བྱས་ལ། རང་ཐ་མལ་དུ་གནས་པའི་ཞེས་དང་། གཞན་ལ་བྱེད་ན་བསྒྲུབ་བྱའི་ཞེས་བསྒྱུར་བའི། རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་སྔོ་ནག །སྙིང་གར་མིའི་ས་བོན་ནྲྀ་ལྗང་གུ །མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་རྣམས་ལ་གནས་དེ་དག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་འདུས་པས་ལྗི་ཞིང་མོག་པའི་རྣམ་པ་ཅན་དུ་གྱུར། བླ་མ་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པ་རྣམས་ཀྱི་ཕྱག་གིས་བུམ་པའི་བདུད་རྩི་སྤྱི་བོ་ནས་བླུགས་པས་ལུས་ཀྱི་ནང་གང་། རྐང་མཐིལ་གྱི་དུ་ནག་པོ། རྨེག་མེད་དུ་བཀྲུས་ཤིང་སྦྱངས་པས། དམྱལ་བར་སྐྱེ་བའི་བག་ཆགས་ས་བོན་དང་བཅས་པ་བྱང་ཞིང་དག་པར་གྱུར། བུམ་ཆུས་བཀྲུས་ལ། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཡང་སྙིང་དང་ཡིག་བརྒྱའི་ཤམ་དུ། དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡི་དྭགས་སོགས་གཞན་ལྔ་ལའང་དེས་འགྲེ །གལ་ཏེ་རྒྱས་པར་མི་ནུས་པའམ་གྲངས་གསོག་པར་འདོད་ན། ལུས་ཀྱི་ནང་གང་། འགྲོ་བ་དྲུག་གི་ས་བོན་རྨེག་མེད་དུ་བཀྲུས་པས་རིགས་དྲུག་ཏུ་སྐྱེ་བའི་སོགས་སུ་བསྒྱུར། རྒྱས་པ་ལ་དགའ་ན། གཞུང་གི་གནས་ལུང་ལས་འབྱུང་བ་ལྟར། དཀོན་མཆོག་གསུམ་དང་། འབྱུང་བཞི་སོ་སོའི་དུག་སྦྱོང་བ་རྣམས་འདིར་སྦྱར་ཡང་རུང་ལ། མཐར། དེ་ལྟར་སྡིག་སྒྲིབ་བག་ཆགས་མ་ལུས་པ་བཀྲུས་ཏེ་དག་པས་རྣམ་སྨིན་གྱི་ཕུང་པོའང་ཡོངས་སུ་བྱང་ནས་འོད་ཀྱི་གོང་བུར་གྱུར། ཨོཾ་བཛྲ་སཏྭ་ཨཱཿ སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས། མཁའ་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པ་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་གནས་གསུམ་དུ་ཐིམ་པས་བྱིན་གྱིས་བརླབས། ཕྱིན་ཆད་རིགས་དྲུག་གི་སྐྱེ་སྒོ་བཅད་དེ་སྲིད་པའི་གཡུལ་ངོ་ལས་གཏན་ཏུ་རྒྱལ་བར་གྱུར། ཅེས་མོས་ལ། བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །ལུགས་འདིའི་ལྷོ་སྒོའི་ཆོ་གའི་སྐབས་སུའང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་ལྷན་ཐབས་སྦྱར་ན་དེ་ལ་དོན་འདུས་ཤིང་། མི་སྦྱོར་ན་ཕྱིན་དྲུག་ཁྲུས་ཀྱི་སྐབས་སུ་དམིགས་པ་འདི་བཞིན་བྱས་ན་འདི་ཉིད་ཀྱི་སྒོས་ཆོས་སུ་སྣང་བས་ལེགས་པར་སེམས་སོ། །གཉིས་པ་ནད་པ་སོགས་རྗེས་སུ་བཟུང་ན་སྒྲུབ་ཚུལ་གོང་སྨོས་ལྟར་ལ། སྦྱོང་བ་སྔོན་དུ་འགྲོ་བའི་བཀྲུ་བྱབས་སྲུང་བའི་ཆོ་ག་སྤྱི་ལྟར་བྱས་པས་འགྲུབ། གཉིས་ཀ་ལའང་རྗེས་བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་བྱའོ། །རྡོར་སེམས་ཁྲུས་ཀྱི་ལྷར་ཡོངས་སུ་གྲགས་པ་མ་ཟད། འདི་ཉིད་ལས། བུམ་ཆུས་བཀྲུ་ཞིང་འཐུང་བར་བྱ༔ ནད་གདོན་སྡིག་སྒྲིབ་ཀུན་བྱང་ནས༔ རྣམ་དག་ཡེ་ཤེས་རྒྱུད་ལ་སྐྱེ༔ ཞེས་ཆེད་དུ་བསྔགས་པར་མཛད་པ་དང་། རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་རྒྱུད་ཕྱི་མ་ལས། སློབ་མའི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་བཀོད་དེ། །རང་བྱུང་ཡེ་ཤེས་བུམ་པའི་ཆུས། །སྡིག་སྒྲིབ་བག་ཆགས་སྦྱང་བར་བྱ། །ཞེས་གསུངས་པའི་དགོངས་དོན་དུ་སྣང་བས་ཁུངས་ཤིན་ཏུ་ཆེ་བ་ཡིན་ནོ། །འཕྲལ་ཡུན་སྡུག་བསྔལ་འབྱུང་བའི་རྒྱུ། །སྒྲིབ་བཅས་ཡེ་ཤེས་ཐབས་ཆེན་གྱིས། །རྩད་ནས་བཀྲོལ་ཏེ་རིགས་བརྒྱའི་བདག །འབད་མེད་མྱུར་དུ་འགྲུབ་པར་ཤོག །ཅེས་པའང་ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊི་ཡེ་ཤེས་ཀྱི་གནས་མཆོག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སློབ་མ་རྗེས་འཛིན་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཕྲིན་ལས་རབ་རྒྱས་ (Volume 3, Text 10)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སློབ་མ་རྗེས་འཛིན་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཕྲིན་ལས་རབ་རྒྱས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་ཀུ་ལ་པ་ཏ་ཡེ། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །སེམས་དཔའ་སྲིད་གསུམ་གཅིག་པུ་པ། །རིགས་ཀུན་ཁྱབ་བདག་དེར་བཏུད་ནས། །དབང་བསྐུར་མཚམས་སྦྱོར་བཅས་པ་བྲི། །དཀྱིལ་འཁོར་རབ་འབྱམས་ཁྱབ་བདག་གཅིག་འདིར་འདུ། །དེ་སྒྲུབ་བཀའ་གཏེར་ཟབ་དགུའི་སྙིང་པོའང་འདི། །གཞན་མཆོག་འཕགས་བོད་ཀུན་ཏུ་བཙལ་མེད་པའི། །རྒྱུ་མཚན་ཤེས་པས་གུས་པས་བླང་བར་བྱོས། །གང་ཞིག་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྣོད་ལྡན་སྐལ་པ་བཟང་པོའི་འགྲོ་བ་དཀྱིལ་འཁོར་འདིར་གཞུག་པར་འདོད་ན། གཞུང་ལས། གང་ཞིག་རྡོ་རྗེའི་གསང་བ་འདིར༔ སྨིན་འདོད་བྱིན་རླབས་རིམ་པ་བྱ༔ ཞེས་པ་ལྟར་སྒྲུབ་པ་ལ་གསུམ། སྔོན་དུ་བྱ་བའི་རིམ་པ། དངོས་གཞི་བྱིན་རླབས་དབང་བསྐུར། རྗེས་མཐའ་རྒྱས་སུ་བྱ་བའི་ཚུལ་ལོ། །དང་པོ་ནི། དཀྱིལ་འཁོར་དང་དབང་རྫས་བཀོད་པའི་ཚུལ་ཕྲིན་ལས་རྣམ་གྲོལ་ལམ་བཟང་དུ་གསལ་བ་ལྟར་ལས། རྡུལ་ཚོན་མི་འགྲུབ་ན་ས་སློང་དང་དེའི་བྱིན་རླབས་དོར་ལ་རས་བྲིས་བཀྲམ་པའམ་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་བཀོད་པས་ཀྱང་རུང་། དབང་དོན་སྒྲུབ་མཆོད་ནི་གཞུང་དང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་ལྷན་ཐབས་ལྟོ་སྦྱར། ལོངས་ཁྱབ་དབེན་པའི་མགྱོགས་དབང་ལྟ་བུར་ལྷན་ཐབས་མེད་པའི་ཕྲིན་ཆོག་ཁོ་ནས་ཀྱང་འཐུས་ལ་དེའི་ཚེ་ནའང་བརྒྱུད་འདེབས་འཕྲོས་སུ་ལས་བུམ་མམ་བསང་ཆུ་སྒྲུབ་པ་སྦྱོར་དགོས་སོ། །གང་ལྟར་བརྒྱུད་འདེབས་ནས་བརྩམ་སྔོན་འགྲོ་རྣམས་དང་། བདག་མདུན་བུམ་བཟླས་བཤགས་པ་སོགས་ནས་རྒྱས་ན་བདག་འཇུག་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་བ་ཡན་གྲུབ་པར་བྱའོ། །གཉིས་པ་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། གྲལ་དུ་འཁོད་ནས་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ སརྦ་བྷཱུ་ཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་སྒྲ་དང་ལྷན་ཅིག །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང་། ཨོཾ་སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱི་རོལ་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་དང་བཅས་པ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་མཚམས་བཅད་པར་གྱུར། ཞེས་མོས། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་ཏེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་རྒྱ་ཆེན་པོ་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུའམ། དེའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ལ་ཡང་གསང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ། ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་ལྷའི་ངོ་བོ་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དང་བརྒྱུད་པའི་བབས་སོའི་དབང་གིས་དེ་གཉིས་ཀའི་ཡང་རྩ་བར་གྱུར་པ་ཡིན། སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པ་ལས་འདི་ནི་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེ་སྟེ། ཇི་སྐད་དུ། ངམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔ ཞེས་སོགས་གཏེར་གནས་དང་འདོན་པའི་དུས་རྟགས་རྟེན་འབྲེལ་སོགས་ཇི་ལྟར་ལུང་བསྟན་པ་བཞིན་ངམ་ཤོད་བྱིང་མདའ་གནམ་ལྕགས་བྲག་གི་གུ་རུའི་གསང་ཕུག་གོང་མ་ནས་ཨོ་རྒྱན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ལ་སྔགས་སྲུང་རག་གདོང་མས་མངོན་སུམ་དུ་ཕུལ་བའི་ཆོས་སྐོར་ཏེ། དེ་ལྟར་ཡང་། ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་ཟབ་དོན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཞེས་གསུངས་པའི་ཆོས་སྐོར་གྱི་ནང་ཚན་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་སྨིན་བྱེད་སྒྲུབ་པ་སྐབས་སུ་བབས་པ་ཡིན། བསྡུ་ན། འདི་མཚམས་འོག་གི །དེ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་རིམ་པ་སོགས་ལ་འཇུག །ཟབ་ཆོས་འདི་ལ་ཀུན་ལས་ངོ་མཚར་རྨད་དུ་བྱུང་བའི་ཁྱད་འཕགས་ཀྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་རྒྱུད་དང་རིག་སྔགས་ཀྱི་སྦྱོར་བ་མཐའ་དག་རྩ་བ་འདི་ལས་འཕྲོས་ཤིང་། འདིར་མ་འདུས་པའི་ལྷ་སྔགས་མེད་པར་མ་ཟད་རྣམ་པ་ཙམ་དུའང་རྣམ་འཕྲུལ་བཀོད་པའི་ཡོན་ཏན་ཚད་མེད་པས། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་རྒྱལ་བ་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དག་ཡིན་ནོ། །མངོན་པར་ཤེས་པ་དག་དང་ལྡན་པ་ཡིན་ནོ། །སངས་རྒྱས་ཀྱི་སྲས་སུ་ངེས་པ་དག་ཡིན་ནོ། །ལྷག་མཐོང་གི་མིག་དང་ལྡན་པ་དག་ཡིན་ནོ། །ཞེས་སོགས་རྒྱུད་སྡེ་རྒྱ་མཚོར་མགྲིན་གཅིག་ཏུ་བསྔགས་པས་བསྒྲུབ་བྱའི་ལྷ་ཁྱད་པར་དུ་འཕགས་པ་དང། ངག་ཏུ་བརྗོད་པར་བྱ་བའི་སྔགས་ཚིག་ལ་རྡོར་སེམས་ཡི་གེ་བརྒྱ་པ་ལས་དགོས་པ་དང་ཕན་ཡོན་ཆེ་བ་མེད་དེ། རྟ་མཆོག་རོལ་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང། །སྡིག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་ཐམས་ཅད་འགྲུབ་པར་གསུངས། །ཞེས་སོགས་བཀའ་དང་བསྟན་བཅོས་ཀུན་ཏུ་མཐའ་ཡས་པ་འབྱུང་ཞིང་། ལུགས་འདིའི་ཡང་སྙིང་ཡིག་དྲུག་ཀྱང་ཡིག་བརྒྱའི་ཐོག་མཐའ་བསྡུས་པ་ཡིན་པས་ཆེས་ཟབ་ལ། རྒྱུ་མཚན་དེ་དག་གིས་སྔགས་ཀྱི་ཆོ་ག་ཡི་གེ་བརྒྱ་པ་དང་མི་འབྲེལ་བ་ནི་མ་མཆིས་པས་སྒྲུབ་ཐབས་ཀྱི་སྔགས་ཁྱད་པར་དུ་འཕགས་པ་དང་། དེ་ལའང་དམ་པ་རིགས་བརྒྱ། ཞི་བ་ཞེ་གཉིས། དེ་ཉིད་རིགས་ལྔ། གསང་ཆེན་རིགས་གཅིག་སོགས་སུ་སྒྲུབ་པའི་ཚུལ་རྒྱ་ཆེར་འབྱུང་བ་ལས་འདིར་ནི་རྩ་རྒྱུད་གསང་བ་སྙིང་པོ་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཞེས་གསུངས་པ་ལྟར་རྩ་རྒྱུད་ཀྱི་ཁུངས་ཀྱིས་ཟིན་ཅིང་ལྷ་གཅིག་བསྒོམས་པས་དཀྱིལ་འཁོར་ཐམས་ཅད་བསྒོམས་པར་འགྱུར་བ་ཡིན་པ་མ་ཟད། འདིར་བསྐྱེད་རིམ་གྱི་ཆ་རྣམས་མ་ཧཱ། རྫོགས་རིམ་ཐུན་མོང་བ་རྣམས་རྒྱུད་ལུང་གཉིས་ཀ་ལྟར་སྟོན་ཅིང་། ཁྱད་པར་ཐུན་མོང་མ་ཡིན་པའི་རྫོགས་རིམ་ཨ་ཏི་ཡོ་ག་ལྟར་སྟོན་པས་བསྐྱེད་རྫོགས་གསུམ་དྲིལ་གྱི་མན་ངག་ཤིན་ཏུ་ཟབ་ཅིང་འདྲིལ་བ་འོ་མའི་ནང་གི་རྩི་མར་ལྟ་བུ་ཡིན་པས་སྒྲུབ་ཚུལ་ཁྱད་པར་དུ་འཕགས་པ་དང་། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཐོག་མ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ལས་གྲུབ་པ་བརྙེས་པ་རྒྱལ་པོ་ཛཿལས་རིམ་པར་བརྒྱུད་པ་ཤིན་ཏུ་དཀོན་ལ་རྩིས་ཆེ་བ་སྔ་འགྱུར་བཀའ་མའི་རྡོར་སེམས་ཀྱང་འདིར་ཆུ་བོ་གཅིག་འདྲེས་སུ་བཞུགས་ཤིང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། བི་མ་ལ། རྡོ་རྗེ་ཧཱུྃ་མཛད་གསུམ་གྱི་ཐུགས་བཅུད་གཅིག་ཏུ་དྲིལ་བའི་གདམས་ཟབ། ཁྱད་པར་རྡོ་རྗེ་སེམས་དཔའ་དངོས་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེའི་སློབ་མ་མཁས་པ་ཤྲཱི་སིཾ་ཧ་ལས་ལོ་ཆེན་བཻ་རོ་ཙ་ནས་གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཐོབ་པའི་དགོངས་བཅུད་བསྡུས་པ་ཉིད་གང་ཟག་གིས་བར་དུ་མ་ཆོད་པའི་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བར་སྤྱན་དྲངས་པ་མ་ཟད། རྡོར་གླིང་དང་ཀུན་སྐྱོང་གླིང་པ་སོགས་ཟབ་གཏེར་གཞན་ལས་བྱོན་པའི་བྱིན་རླབས་ཀྱི་ཆུ་བོ་མཐའ་དག་ཀྱང་འདྲེས་པས་བཀའ་སྲོལ་ཁྱད་པར་དུ་འཕགས་པ་དང་། པདྨ་བཀའི་ཐང་ཡིག་དང་། མངའ་བདག་ཉང་རིན་པོ་ཆེ། རྡོ་རྗེ་གླིང་པ་སོགས་ཀྱི་ལུང་ལས་གསལ་བར་བསྟན་ཅིང་། ཁྱད་པར་མངའ་རིས་པཎ་ཆེན་གྱི་གཏེར་ལུང་དུ། ང་དང་བཻ་རོ་ཙ་ནའི་སྨོན་ལམ་ལས། །བྱ་ཡོས་ལོ་པ་བྱིས་སྤྱོད་ཧུར་འདྲོག་ཅན། །བསམ་ཡས་འདི་ནས་ཤར་ལྷོ་ནུབ་ཕྱོགས་འབྱུང་། །ང་ཡི་ཟབ་གཏེར་རྫོགས་ཆེན་བསྟན་པ་སྤེལ། །མཐར་ནི་ཨོ་རྒྱན་མཁའ་འགྲོའི་ཞིང་དུ་བདེ། །ཞེས་དང་། ཁྲག་འཐུང་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ཡང་ཅིག་བཻ་རོ་ཙ་ནའི་སྤྲུལ་པ་ནི། །ལུང་པ་དོར་མ་བརྐྱངས་འདྲ་བསམ་ཡས་ལྷོར། །ངག་གམ་རྡོ་རྗེའི་མིང་འཛིན་ཤེས་རབ་ཅན། །ཤ་འུག་ལ་སོགས་གཏེར་ཁ་མང་དུ་འདོན། །བོད་ཡུལ་བདེ་བའི་རིམ་གྲོ་སྒྲུབ་པར་བྱེད། །ཅེས་དང་། མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེ། ཨོ་རྒྱན་ཆོས་རྗེ་གླིང་པ་སོགས་ཀྱི་ལུང་དུའང་གསལ་བར་འབྱུང་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད། ཀུན་དགའ་བོ། ཐུ་མི་སཾ་བྷོ་ཊ། བཻ་རོ་ཙ་ན། ཟུར་ཆེན་དང་རོང་ཟོམ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ས་སྐྱ་པཎ་ཆེན། འགྲོ་མགོན་ཞང་ཚལ་པ་སོགས་བསྟན་པ་ཡོངས་སུ་རྫོགས་པའི་མཁས་གྲུབ་འབའ་ཞིག་པའི་སྐྱེ་བའི་ཕྲེང་བ་བཟུང་ཞིང་། སྐུ་ཚེ་འདིར་ཡང་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། མཛད་པའི་ཕྱག་རྗེས་རྣམས་ཕྱོགས་རེར་མ་ཡིན་པར་ཕྱོགས་སྒོར་མོ་ནས་ལྷུན་གྱིས་གྲུབ་ལ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་སྔ་འགྱུར་རྙིང་མ་བཀའ་གཏེར་གྱི་བསྟན་པའི་མེ་རོ་རྨངས་ནས་གསོས་ཏེ་འཆི་ཀ་མའི་སྲོག་མཐུད་པ་ལྟ་བུར་གྱུར་པས་བཀའ་སྲོལ་འབྱེད་པའི་ཤིང་རྟ་ཁྱད་པར་དུ་འཕགས་པ་དང་། ཀུན་དང་མཐུན་ཅིང་ཀུན་ལས་ཁྱད་པར་དུ་འཕགས་པའི་གདམས་པ། དོན་གསང་རྒྱུད་མཐའ་དག་གི་སྙིང་པོ་འདུས་པ་ལ་ཚིག་གི་ཚོགས་ཉུང་ཞིང་གསལ་བས་མཁས་བླུན་བར་མའི་འགྲོ་བ་མཐའ་དག་གིས་ཁྱེར་བདེ་ཞིང་ཕན་ཐོགས་པ་གྲོལ་བ་བཞི་ལྡན་མཚན་དོན་མཐུན་པའི་ཆོས་སུ་གྱུར་པས་གྲུབ་མཐའི་ཁྱད་པར་མེད་པར་གསར་རྙིང་གི་དཔྱོད་ལྡན་སུས་ཀྱང་ཡིད་ཆེས་གུས་པས་དང་དུ་ལེན་པས་ཕྲིན་ལས་ཁྱད་པར་དུ་འཕགས་པ་དང་། འདི་ཉིད་ཀྱི་བསྐྱེད་རྫོགས་རྩེ་གཅིག་ཏུ་བརྩོན་པ་མཐར་ཕྱིན་པ་ཀུན་ལ་དབང་པོ་དང་སྐལ་པར་འཚམས་པ་ཚེ་འདིའམ་བར་དོར་གྲོལ་བའི་རྟགས་ངོ་མཚར་བ་བྱུང་ཞིང་འབྱུང་ལ་འབྱུང་བར་འགྱུར་བས་བྱིན་རླབས་ཁྱད་པར་དུ་འཕགས་པ་དང་། བརྒྱུད་སྲོལ་ཆུ་བོ་ཀུན་འདུས་ཀྱི་ཤིང་རྟ་པ་ཆེན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ནས། བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ། དབང་ཆེན་སྤྲུལ་པ་པདྨ་བསྟན་འཛིན། གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་རྒྱལ། དེ་ལས་གཏེར་ཆེན་ཉིད་ཀྱི་རྣམ་འཕྲུལ་ཁྲི་ཆེན་པདྨ་དབང་གི་རྒྱལ་པོ་དང་། ལྕམ་གྲུབ་པའི་དབང་མོ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ཟུང་ལ་བརྒྱུད་པ་སྟེ་སྨྱོས་རིགས་རྡོ་རྗེ་འཛིན་པའི་ཁྲི་བརྒྱུད་བར་མ་ཆད་པ་དང་། སྔ་མ་ལས་གཏེར་ཆེན་ཉིད་དང་ཐུགས་རྒྱུད་གཅིག་པའི་ལོ་ཆེན་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་པ་དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོས་གསན་ཅིང་། དེས་ཁོ་བོ་ལ་སྨིན་བྱེད་ཟབ་མོས་རྗེས་སུ་བཟུང་པ་དང་། ཕྱི་མ་ལས་གངས་ཅན་ཙམ་ན་མཁས་ཤིང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསན་ཅིང་། རྗེ་འདིས་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཀྱིས་རྗེས་སུ་བཟུང་བ་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་དབུགས་ཆེན་འབྱིན་པ་རྡོར་སེམས་ཉིད་ཀྱིས་བརྡའི་སྒོ་ནས་ལུང་བསྟན་པ་བརྙེས་པ་སྟེ། དེ་ཉིད་ལས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་བྱོར་བསྩལ་པ་ཐོབ་པས་བརྒྱུད་པ་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟར་ན་ཁྱད་པར་དུ་འཕགས་པའི་ངོ་མཚར་བཀྲ་ཤིས་པའི་གྲངས་དང་ལྡན་པ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན། དེ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བའི་རིམ་པ་བདག་མདུན་བུམ་པ་བསྒྲུབས་ཤིང་བདག་ཉིད་འཇུག་པ་སོགས་ཚང་ལ་མ་འཁྲུལ་བ་སྔོན་དུ་གྲུབ་པ་ཡིན་པས། ཁྱེད་རང་རྡོ་རྗེ་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་ཕུལ་བར་ཞུ། མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་འབུལ་བ་སོང་ནས་གསོལ་བ་འདེབས་པ་ལ་འདུན་པ་འདི་བཞིན་དུ་མཛོད། གནས་ཀྱི་ཁང་པ་འདི་ཉིད་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དུ་དབང་ཞུ་བའི་ཡུལ་གྱི་སློབ་དཔོན་ཉིད་དཔལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སྐྱེ་རྒ་ན་དང་འཆི་བ་སོགས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་ལས༔ མགོན་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག༔ སྡིག་པ་ཀུན་ལས་རྣམ་གྲོལ་ཞིང༔ ཡང་དག་ཡེ་ཤེས་སེམས་དཔའ་ཆེའི༔ སྐུ་གསུང་ཐུགས་སུ་བདག་སྒྲུབས་ཤིག༔ ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་སད་པའི་སྤྱན་སྔར་ཚོགས་གསག་པར་བྱ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ལན་གསུམ་གྱིས་རྒྱུད་སྦྱོང་བ་སོང་ནས། སྐབས་འདིར་སྡོམ་བཟུང་རྒྱས་པར་སྤྲོ་ན། རྒྱུད་སྡོམ་ལྡན་དུ་བསྒྲུབ་པ་ལས་གཞན་གནོད་གཞིར་བཅས་སྤོང་བ་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་སྲོག་གཅོད་མི་བྱ་སོགས་ལྷན་ཐབས་སུ་གསལ་བ་ཉིད་འདིར་བླང་ངོ་། །གཞན་ཕན་གཞིར་བཅས་བསྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དག་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས། རིགས་ལྔ་སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གིས་བསྡུས་པའི་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ཡང་དག་པར་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་སོགས་དེ་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱ། དེ་ལྟར་བླངས་པའི་སྡོམ་པ་གསུམ་པོ་སླར་ཡང་མདོར་བསྡུས་ཏེ་ནན་ཏན་ཏུ་བཟུང་བའི་ཚུལ་གྱིས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་སོགས་རྗེས་ཟློས་བྱས་ནས་སྡིག་སྦྱོང་ལ་འཇུག་གོ །དཀྱུས་ཀྱི་དངོས་བསྟན་ལྟར་ན་གོང་གི །རྒྱུད་སྦྱོང་བ་སོང་ནས། ཞེས་པའི་འཕྲོས་སུ། སྤྱི་དང་ཁྱད་པར་གྱི་སྡོམ་པ་མ་ལུས་པ་ཡོངས་སུ་བཟུང་བར་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ལན་གསུམ། སྤྲོ་ན་སྐབས་འདིར། དེ་ནས་བྱིན་རླབས་ཀྱི་བཅུད་ཆགས་པའི་ཐབས་ཁྱད་པར་དུ་འཕགས་པ་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བསྐུར་བ་ལ་དམིགས་པ་རྣམས་རིམ་བཞིན་གསལ་འདེབས་པར་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཆུང་མེ་རི་མཚོན་ཆའི་ཚོགས་ཀྱིས་དབང་སྐུར་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ལྷག་མེད་དུ་བཅོམ་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་བརྗོད་ལ་ཡུངས་ཐུན་གཏོར། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་སོགས་ངན་འགྲོའི་ས་བོན་གསལ་འདེབས་ཤིང་སློབ་དཔོན་གྱི་ལག་པ་བྱིན་རླབས་ནས་བརྩམ་སྦྱོང་བ་དབང་བསྐུར་ལན་གསུམ་དང་མཐར་གཟུངས་སྔགས་ཤིས་བརྗོད་བཅས་ལྷན་ཐབས་ནས་འབྱུང་བ་ཇི་ལྟ་བར་བྱ། དེ་ལྟར་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གིས་ཁྱེད་རང་རྣམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པ་དབང་གི་སྣོད་རུང་དུ་གྲུབ་ནས། དངོས་གཞི་ཡོན་ཏན་ཡར་འཕེལ་གྱི་དབང་བསྐུར་བའི་ཐོག་མར་དབང་གི་གཞི་བཅའ་བ་སོགས་ལ་འཇུག །དཀྱུས་ཀྱི་དངོས་བསྟན་ལྟར་ན་གོང་གི་སྡོམ་པ་བཟུང་བའི་རྗེས་ཐོག་དེ་ཀར། དེ་ནས་དབང་གི་གཞི་བཅའ་བ་ཡེ་ཤེས་དབབ་པ་ཡིན་པས། དེའི་སླད་དུ་ལུས་གནད་ཆོས་བདུན་ལྡན་དུ་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། ཡིད་ཀྱི་གནད་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གི་གདོས་བཅས་འདིས་མཚོན་མ་དག་པའི་དངོས་འཛིན་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་སོགས་མདུན་བསྐྱེད་ལྟར་ལ། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་སྙིང་གར་འོད་ལྔའི་ཀློང་དུ་ཟླ་བའི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ཁ་ནས་སིབ་སིབ་ཐིམ་པའི་ཐུགས་མོས་གནང་བར་ཞུ། ཁྱད་པར་གྱི་རྫས་བདུག །ཌཱ་དྲིལ་དང་རོལ་མོའི་སྒྲ་སྦྱར་ལ་ཡིག་བརྒྱའི་མཐར། ཨོཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར་ཙཱ་ལ་ཡ་ལཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾཿ ཞེས་བཟླ་ཞིང་དབབ་ནས། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཀོད་ནས། ཨོཾ་ཏིཥྛ་བཛྲཿ དེས་འཇུག་པའི་ཆོས་རྣམས་སོང་ནས་སླར་ཡང་དབང་དངོས་གཞི་ཞུ་བའི་སླད་དུ་མཎྜལ་ཕུལ་མཛོད། སློབ་མས་ཀྱང་མཎྜལ་ཕུལ་ནས། དེས་མཎྜལ་ཕུལ་བའི་རིམ་པ་སོང་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་དེ་ཉིད་ལ་སློབ་དཔོན་གྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། ཨོཾ༔ སྟོང་གསལ་ཆོས་དབྱིངས་བུམ་པ་ན༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བག་ཆག་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་བསམ། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་གསང་དབང་བསྐུར་བ་ནི། ཐོད་པ་ཐོགས་ལ། བླ་མ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་ཏུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨཱ༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་པའི་བྱང་སེམས་གནས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་ལྟར་གསང་བའི་དབང་བསྐུར་པས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། མེ་ལོང་ཐོགས་ལ། བདེ་སྟོང་དབྱེར་མེད་མཚོན་བྱེད་མེ་ལོང་སིནྡྷུ་རའི་མཎྜལ་ཅན་ཁྱོད་རང་གི་ལག་ཏུ་གཏད་ཅིང་སིནྡྷུ་རའི་ཐིག་ལེ་སྙིང་གར་བཀོད་པས་གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྙེམས་མའི་ངོ་བོ་ཅན་པང་དུ་འཁོད་པའི་མོས་པ་མཛོད། ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་བྱང་ཆུབ་མཆོག་གི་ལམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧཱུྃ༔ དེ་ལྟར་གཏད་པའི་གཟུངས་མ་ཉིད་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོ་དང་ཁྱེད་རང་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱོར་བས་དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བསམས་ལ་ལག་གཉིས་འཁྱུད་རྒྱ་དང་བཅས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ནས་དབང་བཞི་པ་བསྐུར་བ་ནི། ཁྱེད་རང་རྣམས་ལུས་གནད་མི་གཡོ། ངག་རླུང་རང་བབ། སེམས་གང་ཤར་གྱི་ངོ་བོར་ལྟོས་ལ་རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་ཁྲིག་གེར་ཞོག །དེ་ཡང་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་དེ་ཉིད་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་པ་ཡིན་པས་བརྡ་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲད་པའི་དོན་གོ་བར་གྱིས་ཤིག །ཤེལ་རྡོ་ཐོགས་ལ། ཧོ༔ ཐོག་མཐའ་མེད་པ་རིག་པའི་གཤིས༔ གཟུང་འཛིན་གང་དུའང་མི་དམིགས་ཤིང༔ སྟོང་པའི་ཡེ་ཤེས་བདེ་བར་འཆར༔ དྲི་མེད་ཤེལ་ལ་འཇའ་ཚོན་བཞིན༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ ཞེས་གསུམ་པའི་མཐར་རྟོགས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ངང་མདངས་བསྐྱངས་ལ་ཅུང་ཟད་མཉམ་པར་ཞོག་མཛོད། ཅེས་ངོ་བོ་ལ་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་གི་མཐའ་རྟེན་དུ་ཡིག་བརྒྱའི་བཟླས་ལུང་སྦྱིན་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན་ཏེ་ཁྱེད་རང་གི་སྙིང་གའི་ཧཱུྃ་ཡིག་གི་མཐར་པར་བཏབ་པ་ལྟར་འཁོད་པའི་མོས་པ་མཛོད་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། ཡིག་བརྒྱ་ལན་གསུམ་དང་ཡིག་དྲུག་ལན་བདུན་རྗེས་ཟློས་བྱར་གཞུག །དེ་ལྟར་གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་དང་རྣམ་སྣང་ལོ་ཙཱ་བ་ཆེན་པོའི་ཐུགས་ཀྱི་ཐིག་ལེ་བཀའ་གཏེར་ཆུ་བོ་དུ་མ་གཅིག་ཏུ་འདྲེས་པ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལེགས་པར་གྲུབ་པ་ཡིན་པས། ཇི་སྐད་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པའི་ཚུལ་རྣམས་ལ་བསྲུང་སྡོམ་བགྱི་ཞིང་རིགས་ཀུན་གྱི་ཁྱབ་བདག་འདི་ཉིད་ལྷག་པའི་ལྷར་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བཞི་ཟབ་མོ་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འཕུལ་དུ་གཞུག །མཎྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བ་འདིས་མཚོན་ཏེ་རང་གཞན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ཀྱང་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གསུང་ཞིང་ཆོས་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་པ་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གསུམ་པ་རྗེས་མཐའ་རྒྱས་སུ་བྱ་བ་ནི། སློབ་དཔོན་གྱིས་དམ་ཅན་སྤྱི་དང་བྱེ་བྲག་ལ་གཏོར་མ་འབུལ། ཚོགས་བྱིན་གྱིས་བརླབ་པ་ནས་བརྩམ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་གཞུང་དོན་མ་འཆོལ་བར་བསྒྲུབ་པར་བྱའོ། །རྡོ་རྗེ་སེམས་དཔའི་གསང་ལམ་འདིར། །རྒྱལ་བ་སྲས་བཅས་བགྲོད་པ་གཅིག །འབྲས་བུ་ཀུན་ཀྱང་དེར་བསྙག་པས། །མཐར་ཐུག་ཆོས་སུ་གཅེས་པར་ཟུངས། །ཐབས་ཤེས་ཟུང་འཇུག་བདེ་ཆེན་རོལ་མོ་ཡིས། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲོ་བསྡུ་མཁན། །འཁོར་འདས་མཉམ་ཉིད་འོད་གསལ་ཐིག་ལེ་ཆེ། །རིགས་བརྒྱའི་ཁྱབ་བདག་མཆོག་དེ་མྱུར་འགྲུབ་ཤོག །ཅེས་པའང་ལོ་ཆེན་རིན་པོ་ཆེའི་ཡིག་ཆ་ལུང་རྒྱུན་མ་བཞུགས་པས་ཅུང་ཟད་གསལ་བར་བྱས་ཏེ་ལྷ་སྔགས་འདི་ལ་རྩེ་གཅིག་ཏུ་མོས་པས་གཡར་དམ་འཆའ་ཞིང་རིག་སྔགས་འཆང་བའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།

དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་ཡིག་མདོར་དྲིལ་བ་ཡེ་ཤེས་རང་གསལ་ (Volume 3, Text 11)

༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་ཡིག་མདོར་དྲིལ་བ་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། སྟོང་ཉིད་རྡོ་རྗེས་གཉིས་འཛིན་བཅོམ། །དམིགས་མེད་སྙིང་རྗེའི་སེམས་རབ་དཔའ། །ཟུང་འཇུག་བདེ་ཆེན་ཕྱག་རྒྱ་ཆེ། །དྭངས་མའི་ཐིག་ལེར་འབྲལ་མེད་བསྟི། །དེའང་འཁོར་བ་དང་ངན་སོང་དུ་འཁྱམས་པའི་རྒྱུ་རྐྱེན་གཟུང་འཛིན་འཁྲུལ་པའི་རྟོག་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་ཞིང་མྱུར་དུ་སངས་རྒྱས་སྐུ་གསུམ་གྱི་མཆོག་དངོས་དོན་དུ་གཉེར་བའི་གང་ཟག་གསང་སྔགས་ཟབ་མོའི་སྒོར་ཞུགས་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལྷ་མཆོག་གཅིག་པུ་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡིན་ལ། དེ་ཉིད་སྒྲུབ་ཐབས་བཀའ་སྲོལ་རྒྱས་བསྡུས་མཐའ་ཡས་པ་རྣམས་ཀྱི་ནང་ནས་རྩ་བའི་གཞི་དང་སྙིང་པོའི་ཡང་ཞུན་དུ་གྱུར་པ། གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་གྱི་ཐུགས་བཅུད་གཅིག་དྲིལ་བཀའ་གཏེར་ཆུ་བོ་བཞི་འདུས་ཀྱི་གདམས་ཟབ་འདིའི་ལུགས་ཀྱི་སྒྲིབ་སྦྱོང་བསྙེན་པའི་མན་ངག་ཉམས་སུ་ལེན་པ་ལ། དབང་གིས་རྒྱུད་ལེགས་པར་སྨིན་ཅིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། དབེན་ཞིང་བར་ཆད་མེད་པ་ལ་ཡིད་དང་མཐུན་པའི་གནས་སུ། བར་གཅོད་སེལ་ཞིང་དངོས་གྲུབ་འགྲུབ་པའི་བསོད་ནམས་ཀྱི་དཔུང་བསྐྱེད་དང་སྔོན་འགྲོའི་རིམ་པ་ཇི་ཙམ་འགྲུབ་པས་བསྙེན་སྒྲུབ་ཀྱི་རྒྱབ་སྐྱོར་དང་རྒྱུད་རྣམ་པར་དག་པར་བྱས་ནས། ཉའམ་བརྒྱད་ལ་སོགས་པའི་དུས་ཚེས་བཟང་པོར་ཐོག་མར་དཀར་གཏོར་དང་གསེར་སྐྱེམས་བཤམ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་གསལ་བས་བྱིན་གྱིས་བརླབས་ཏེ་བསྔོ་བའི་ཚིག་བརྗོད་ལ་ས་བདག་གནས་བདག་མཆོད་ཅིང་བར་གཅོད་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་བཅོལ། རྒྱས་པར་སྤྲོ་ན་གཏོར་མ་ཆ་གསུམ་ཡང་བཏང་། སྒོ་དྲུང་དུ་ཐོ་དཀར་པོ་ལ་རྒྱལ་ཆེན་གྱི་སྐུའམ་སྔགས་བྱང་གཟུག །མཆོད་གཏོར་བཤམས་ལ་རྒྱལ་པོ་སྡེ་བཞི་བསྐྱེད་བསྟིམ་ཕྲིན་བཅོལ་བརྟན་བཞུགས་བྱ། སྒྲུབ་ཁང་གི་ཕུག་ལོགས་སུ་དམ་ཚིག་གི་བྲིས་སྐུ་ཡོད་ན་དམིགས་པ་གསལ་བའི་རྟེན་དང་ཕྱོགས་འཐུས་སུ་བཀྲམ། དེ་མདུན་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བླ་གཏོར་ཟླུམ་པོ་པད་འདབ་ཅན་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ་གི་སྣོད་རྫས་ལྡན། ཆུ་གཉིས་ཉེར་སྤྱོད་བྲེང་ཚར་དུ་བཤམ། ཁྲུས་བུམ། བསང་ཆུའི་སྣོད་ཀུ་ཤ་བཅས། གཏོར་གསོས་མཐེབ་ཀྱུ་དང་མཆོད་འབྲུ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །དེ་དང་ཞལ་སྤྲོད་དུ་སྒྲུབ་པ་པོའི་གདན་བཏིང་པ་ལ་འཁོད་དེ། བུམ་པར་རྡོར་སེམས་དང་རྣམ་འཇོམས་སྨེ་བརྩེགས་གང་རུང་བསྐྱེད་བཟླས་འོད་ཞུ་བྱས་པའི་ཆུས་ཁྲུས་དང་ཁ་གཤལ་ལ་ཁོང་དུ་བཏང་། གདན་གོས་ཡོ་བྱད་སྒྲུབ་ཁང་ཀུན་ལ་འཐོར་ཞིང་དམ་གྲིབ་མི་གཙང་བའི་ཉེས་སྐྱོན་བསལ། རྗེས་སུ་ནངས་རེ་བཞིན་བསྐྱེད་བཟླས་ཁྱུག་ཙམ་བྱས་ལ་ཁྲུས་བཤལ་དང་བཅའ་ག་ཁྱེར་ལེན་ལའང་འཐོར། དེ་ནས་བསྙེན་པའི་དབུ་ཕྱི་ཐུན་ནས་ཚུགས་པའི་དབང་དུ་བྱས་ཏེ། ཐོག་མར་ཚིག་བདུན་སོགས་གསོལ་འདེབས་དང་བརྒྱུད་འདེབས་བཏང་ལ་སྙིང་ཁུངས་རུས་པའི་གཏིང་ནས་མོས་གུས་དྲག་ཏུ་བསྐྱེད་ལ་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པར་གསོལ་བ་གདབ། རང་ཉིད་རྡོ་རྗེ་ཧེ་རུ་ཀའི་སྐུར་གསལ་བས་སྔགས་རྒྱ་ཏིང་འཛིན་དང་ལྡན་པས་བསང་ཆུ་བྱིན་གྱིས་བརླབས་ཏེ། གནས་དང་མཆོད་རྫས་ལ་འཐོར་ཞིང་བགེགས་དང་དྲི་མའི་ཚོགས་བསང་གཏོར་བྱ། བགེགས་གཏོར་བྱིན་རླབས་སྔར་བཞིན་བྱས་ལ་སྔགས་ཀྱིས་བསྔོ། བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་གྱིས་བསྐྲད། གུ་གུལ་དུད་པས་ཁྱབ་པར་བདུག །ཐུགས་ཀའི་འོད་ཟེར་ལས་སྤྲུལ་པའི་རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་སྲ་ཞིང་བརྟན་པར་བསྒོམས་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་དོན་དམ་སྲུང་འཁོར་ཅིས་ཀྱང་མི་ཤིགས་པས་རྒྱས་གདབ། བསྙེན་སྒྲུབ་གྲོལ་གྱི་བར་དུ་མི་བསྡུ་བར་ཐུན་འགོ་རྣམས་སུ་གསལ་འདེབས་བསྐྱར་མ་རེ་བྱ། བསྒྲུབ་པའི་གཞི་རང་བྱུང་ཀུན་ཁྱབ་ཀྱི་རིག་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གདོད་ནས་བཞུགས་པ་ཉིད་མངོན་དུ་འགྱུར་བའི་སྒྲུབ་བྱེད་ཀྱི་ཐབས་ཁྱད་པར་ཅན་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་བཅོས་མ་མ་ཡིན་པས་གཞི་བཏིང་སྟེ། ཉམས་ལེན་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་རྒྱུད་སྦྱོང་བ་ནི། རང་གི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དཔལ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་གཙོ་བོར་གྱུར་པའི་བརྒྱུད་པ་གསུམ་གྱི་བླ་མ་རིག་འཛིན་མཆོག་གསུམ་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྐད་ཅིག་གིས་སྤྲིན་ལྡང་བ་ལྟར་སད་ནས་ཐུགས་རྗེས་རྩེ་གཅིག་ཏུ་དགོངས་པར་བསམ། དེའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ། འཇིག་རྟེན་ཁམས་རབ་འབྱམས་རྒྱ་མཚོ་ན་ཡོད་པ་དང་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་དཔག་ཏུ་མེད་པས་མཆོད། སྔར་བྱས་ཀྱི་སྡིག་པ་ལ་སྙིང་ཐག་པ་ནས་འགྱོད་པས་བཤགས་ཤིང་ཕྱིན་ཆད་མི་བྱེད་པར་བསྡམ། ཟག་བཅས་ཟག་མེད་ཀྱི་དགེ་བ་གང་མཆིས་པ་ལ་སྙིང་ནས་དགའ་བས་རྗེས་སུ་ཡི་རངས། འགྲོ་ཁམས་དང་འཚམས་པའི་ཆོས་སྒོ་སྤྱི་དང་ཁྱད་པར་གསང་ཆེན་བླ་ན་མེད་པའི་ཆོས་འཁོར་དུས་རྟག་ཏུ་བསྐོར་བར་བསྐུལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་འཁོད་ཀྱི་བར་དུ་མྱ་ངན་ལས་ནམ་ཡང་མི་འདའ་བར་བཞུགས་པར་གསོལ། དེས་མཚོན་པའི་དུས་གསུམ་གྱི་དགེ་རྩ་མཐའ་དག་རང་གཞན་ནམ་མཁའ་དང་མཉམ་པའི་འགྲོ་ཀུན་བླ་ན་མེད་པའི་བྱང་ཆུབ་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་དུ་ཐོབ་པའི་ཕྱིར་བསྔོ་བ་སྟེ། བསགས་སྦྱོང་སྤེལ་གསུམ་གྱི་གནད་འདུས་པའི་བདུན་རྣམ་དག་ལན་གསུམ་ཚིག་ཙམ་དུ་མ་སོང་བར་བྱས་ལ་རྡོ་རྗེ་བསྡུ་རྒྱ་དང་ལྷན་ཅིག་ཚོགས་ཞིང་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རྒྱུད་རྣམ་པར་དག་པར་བྱིན་གྱིས་བརླབས་པར་མོས་ལ་འཁོར་གསུམ་མི་རྟོག་པའི་དབྱིངས་སུ་མཉམ་པར་བཞག །དེ་ནས་གནས་དང་ཡོ་བྱད་རྣམས་བྱིན་གྱིས་རློབ་པའི་བསྒོམ་དོན་གཞུང་གསལ་ལྟར་ལ། མཆོག་གི་མ་ད་ན་བདུད་རྩི་རླུང་མེ་ཐོད་སྒྱེད་ལ་གནས་ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་ཡིག་འབྲུ་ལྔས་མཚན་པ། རླུང་མེས་བསྐོལ་པས་ཉེས་སྐྱོན་སྦྱངས། ཉི་མ་འཆར་ཀའི་མདངས་ལྟ་བུར་ཞུ་བས་དམ་ཚིག་གི་བདུད་རྩིར་རྟོགས། འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་འདྲེས་པས་གཉིས་མེད་དུ་སྦར། རུ་དྷི་ར་རཀྟའི་སྣོད་བྷནྡྷ་ལྕང་ལོ་ཅན་དུ་ཁམས་གསུམ་གྱི་ཆགས་པའི་བཅུད་བསྡུས་པའི་ཁྲག་མཚོ་རྦ་རླབས་འཁྲུགས་པ་ལ་གཱིརྟི་དམར་མོའི་མཁའ་གསང་ནས་བབས་པའི་བདེ་རྒྱུན་གཅིག་ཏུ་འདྲེས་པ་དང་། བཟའ་བཅའ་ལྡག་མྱོང་གི་གཏོར་མ་བདུད་རྩི་ལྟར་ལ་འདོད་ཡོན་རྣམ་ལྔའི་མཆོད་སྤྲིན་ཟད་མེད་དུ་འཕྲོ་བར་བསམས་ལ་སོ་སོའི་སྔགས་ལན་གསུམ་རེ་བརྗོད་པ་དང་། བཛྲ་སྥ་ར་ཎ་ཁཾ་གི་སྔགས་རྒྱས་མཆོད་པ་དེ་ཐམས་ཅད་མཁའ་ཁྱབ་འཛད་པ་མེད་པའི་གཏེར་དུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ་རྣལ་འབྱོར་གསུམ་གྱི་སྒོ་ནས་ཉམས་སུ་བླང་སྟེ། སྐུ་བསྐྱེད་པའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་འཇུག་ལྡང་གི་རྣལ་འབྱོར་རོ། །དང་པོ་ལ་གསུམ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་གཞུག་པ། ཡན་ལག་རྫོགས་པར་བྱེད་པའོ། །དེའི་དང་པོ་ལ་གཉིས། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་དེ་ཏིང་ནི། འདི་ལྟར་རང་གཞན་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ལ་ཅུང་ཟད་བཞག་རྗེས། ཤཱུནྱ་ཏཱའི་སྔགས་བརྗོད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ངའོ་སྙམ་པའི་ང་རྒྱལ་བསྒོམ། ཀུན་སྣང་ནི། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར། དེ་ཏིང་དབྱིངས་སྤྲོས་བྲལ་གྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་ཀུན་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་ཁྱབ་པར་སྣང་བས། བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། རྒྱུ་ཏིང་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རིག་ཧཱུྃ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་ཞིང་དེ་ལ་སེམས་བཟུང་ངོ་། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། རྒྱུའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་གཞོམ་མེད་རྡོ་རྗེའི་ས་གཞི་རྭ་གུར་མཐོ་ཞིང་ཡངས་པའི་ནང་དུ་རྡོ་རྗེའི་བླ་བྲེ་དང་། ཕྱིར་རྡོ་རྗེའི་དྲྭ་བ་འཕྱང་ཞིང་། རྡོ་རྗེའི་ཕྲེང་བས་བཅིངས་པ་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། དེ་དག་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་ནང་དུ་རྒྱུའི་ཧཱུྃ་ཡིག་ལས་ཨེ། ཡཾ། རཾ། བཾ། ལཾ། སུཾ་རྣམས་འོག་ཏུ་འཆད་པ་ལས། ནམ་མཁའ་རླུང་མེ་ཆུ་སའི་དཀྱིལ་འཁོར་རི་རབ་དང་བཅས་པ། དེའི་སྟེང་དུ་རྡོ་རྗེའི་ས་རྡུལ་ཆགས་པས་རྡོ་རྗེའི་ར་བའི་ནང་ཚུན་ཆད་ཀྱི་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བརྡལ་བའི་དབུས་སུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་གྱེས་པའི་ལྟེ་བར་ཟླུམ་པོ་ལེབ་ཆགས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བ་གྲུ་བཞི་པའི་སྟེང་དུ། རྒྱུའི་ཧཱུྃ་ལས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྒྱུ་དང་འབྲས་བུའི་རྟ་བབས་བརྒྱད་བརྒྱད་དང་། དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ་སོགས་མཚན་ཉིད་ཐམས་ཅད་རྫོགས་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཆོ་ག་གསུམ་གྱིས་ལྷ་བསྐྱེད་པ་སྟེ། དེའང་རྒྱུའི་ཧཱུྃ་ཡིག་གདན་སྟེང་བབས་པ་གསུང་ཡིག་འབྲུའི་ཆོ་ག །དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་བསྒོམ་པ་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། འོད་ཀྱི་གོང་བུར་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། དེའང་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་གསལ་འཚེར་བ་སྒེག་ཅིང་འཛུམ་པའི་ལང་ཚོ་ཅན་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་ཅིང་མཉམ་པར་སྦྱོར་བ། གཉིས་ཀའང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་གསལ་གདབ་བོ། །གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པ་ནི། སྙིང་གའི་འོད་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ་ཉིད་ཚིགས་བཅད་དང་སྔགས་བརྗོད་པས་མདུན་གྱི་ནམ་མཁར་སྤྱན་དྲངས། རྒྱ་བཞིས་ཆུ་ལ་ཆུ་བཞག་པ་ལྟར་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམས་ནས་དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤང་ངོ་། །གསུམ་པ་རྫོགས་བྱེད་ཀྱི་ཡན་ལག་དབང་བསྐུར་ཞིང་རིགས་བདག་གི་རྒྱས་གདབ། སྤྲུལ་པའི་ལྷ་མོས་ཐུན་མོང་ཁྱད་པར་གྱི་མཆོད་བསྟོད་ཕུལ་ནས་མཆོད་ལྷ་རང་ལ་བསྡུ་བ་བཅས་གཞུང་ཚིག་ལྟར་གསལ་གདབ། དེའང་རྩ་གཞུང་དུ་བསྙེན་པ་ལ་མཆོད་བསྟོད་མ་བཤད་པས། དབང་བསྐུར་རྒྱས་གདབ་འཕྲོས་སུ་བཟླས་པ་ལ་འཇུག་ཀྱང་ཆོག་གོ །འདིར་ཏིང་ངེ་འཛིན་ལ་གོམས་པ་ཆུང་ན་བསྐྱེད་པའི་གསལ་སྣང་ཅུང་ཟད་མ་ཐོབ་བར་བཟླས་པ་ལ་འཇུག་ཀྱང་དོན་མེད་པས། ཐོག་མར་ལྷའི་སྣང་ཞེན་ལ་བསླབ་སྟེ་རྣམ་པ་སྤྱི་གདན་ཁྲི་ནས་གཙུག་ཏོར་གྱི་བར་དུ་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ་ཅིང་། དེ་ཡང་མེ་ལོང་ནང་གི་གཟུགས་བརྙན་གྱི་དཔེ་གསལ་ལ་དེར་འཛིན་མེད་པའི་ལྷ་སྐུ་གསལ་སྟོང་དེ་ལ་རྩེ་གཅིག་ཏུ་བཞག་སྟེ། ལྷ་སྐུ་རགས་པའི་གསལ་སྣང་ལས་རྣམ་རྟོག་འཕྲོག་ཏུ་མེད་པ་མ་བྱུང་གི་བར་དུ་བསྒོམ། དེ་ནས་སྤྱན་སོགས་སྐུའི་ཆ་ཤས་དང་། དབུ་རྒྱན་སོགས་རྒྱན་ཆ་རྣམས་སོ་སོར་རྣམ་པ་ཕྲ་ཞིང་ཕྲ་བའི་བར་རེ་རེ་ནས་གསལ་བཏབ་པས་ཐ་མལ་གྱི་སྣང་བ་ལྡོག །རྒྱལ་བ་ཀུན་གྱི་སྤྱི་གཟུགས་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་། ལྷ་སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་ཞིང་ཐ་མལ་གྱི་ཞེན་པ་ལྡོག །དེ་ཉིད་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་དག་པ་དྲན་ཏེ། དོན་སངས་རྒྱས་ཆོས་ཀྱི་སྐུ་ལ་ཞལ་ཕྱག་སོགས་མཚན་འཛིན་གྱིས་མ་གོས་ཀྱང་། འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་དབྱིབས་ཁ་དོག་སོགས་ཀྱིས་ཕྱག་རྒྱར་བསྟན་ཏེ་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་སྐུ་མདོག་དཀར་པོ། ཐིག་ལེ་ཉག་གཅིག་མཚོན་པའི་དབུ་གཅིག །དབྱིངས་དང་ཡེ་ཤེས་མཚོན་པའི་ཕྱག་གཉིས། ཐབས་ཤེས་རབ་ཀྱི་སྒོ་ནས་འགྲོ་དོན་མཛད་པའི་བརྡར་ཕྱག་མཚན་རྡོར་དྲིལ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅིངས་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་རོལ་པའི་བརྡར་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སོགས་རྟེན་བརྟེན་པ་ཐམས་ཅད་ལ་དག་དྲན་ཇི་ལྟར་ནུས་པ་སྦྱར་ཏེ་བསྒོམ། མདོར་དྲིལ་ན། གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དང་གང་ཞིག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་གདོད་ནས་དག་པ་དེར་ཏིང་ངེ་འཛིན་སྒོམ་པའི་རྟེན་དང་བརྟེན་པའང་རྣམ་པར་དག་པར་མོས་དགོས་པ་ཡིན་ནོ། །དེར་མ་ཟད་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བདེ་དྲངས་ཏེ། ལུས་སེམས་བདེ་བར་ཤར་བའི་ཚེ། དེའི་ངང་ལས་ལྷ་སྐུའི་རྣམ་པ་གསལ་ལམ་པ་དང་ང་རྒྱལ་ལམ་མེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་བསྒོམས་པས། དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། རང་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ་ཟླ་བ་ལ་གནས་པའི་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་ལངས་ཀྱི་ལྟེ་བར་ཧཱུྃ་ཡིག་དཀར་པོ་གསལ་ལ་འབར་བ། དེའི་མཐར་བཟླ་བྱའི་སྔགས་ཕྲེང་དཀར་གསལ་གཡས་བསྐོར་དུ་གནས་པར་བསམས་ལ་སྔགས་ཟློས་པའི་ཚེ་སྔགས་ཕྲེང་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམས་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པའོ། །ཡང་ཐུགས་ཀའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བཀོད། འོད་ཟེར་ཚུར་འདུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་མོས་པ་ནི་གཞན་དོན་འཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་གཉིས་ཕྲུགས་གཅིག་གམ། མི་ལྕོགས་ན་རེས་མོས་ཀྱིས་གསལ་བཏབ་ལ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་ཁྱེར་སོ་དང་མ་བྲལ་བའི་ངང་ནས། ཐུན་གྱི་དངོས་གཞི་ཡི་གེ་དྲུག་པ་དང་། ཐུན་མཐར་ཡིག་བརྒྱ་ཅི་འགྲུབ་བཟླ། ཐུན་འཇོག་པའི་ཚེ་ཐལ་མོ་སྦྱར་ལ་ཐུགས་དམ་སྐུལ་བའི་ཚིགས་བཅད་བརྗོད་ལ་གསོལ་བ་གདབ། དབྱངས་གསལ་དང་ཡིག་བརྒྱས་ཁ་བསྐང་ཞིང་ཡེ་དྷར་གྱིས་བྱིན་རླབས་བརྟན་པར་བྱའོ། །གསུམ་པ་ཐུགས་འོད་གསལ་འཇུག་ལྡང་གི་རྣལ་འབྱོར་ནི། དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ནས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་ནང་བཅུད་ལྷར་དག་པ་ཐམས་ཅད་སྦྱངས་ནས་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་བདག་ཉིད་དམ་ཚིག་རྡོ་རྗེ་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ། དེ་རྡོ་རྗེ་ལ། དེ་ཧཱུྃ་ལ། དེའང་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་རང་ངོ་ལ་ཆེར་བལྟས་པས་སྣང་རིག་ངོས་བཟུང་དང་བྲལ་བའི་རྗེན་ནེ་བ་དེ་ཁའི་ངང་ལ་སོ་ཁད་དེ་མཉམ་པར་བཞག །དེའི་ངང་ལས་སྙིང་པོ་བརྗོད་པའི་རྐྱེན་གྱིས་ཟུང་འཇུག་གཉུག་མའི་རྡོ་རྗེ་སེམས་དཔའི་སྐུར་ལྡང་ལ་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་བསྲུང་། གོ་ཆའི་སྔགས་རྒྱ་བཅིངས་ཏེ་ལུས་ལ་རྡོ་རྗེའི་གོ་བགོ །སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་ཁྱེར་སོ་དང་མ་བྲལ་བར་བྱ། གསུམ་པ་རྗེས་ཀྱི་རིམ་པ་ནི། བསྔོ་སྨོན་དང་ཤིས་པ་བརྗོད། སྲོད་ཐུན་ལ་འཇུག་པ་ན་གཏོར་མཆོད་རྣམས་ཁ་གསོས་ལ། སྔོན་འགྲོ་རྒྱུད་སྦྱང་ཞིང་མཆོད་པ་བྱིན་རླབས་པ་ནས་མཇུག་གི་བསྔོ་སྨོན་ཤིས་བརྗོད་ཀྱི་བར་སྔར་ལྟར་བྱས་པས་འགྲུབ་ཅིང་། ནུབ་དང་པོ་དང་དུས་བཟང་རྣམས་ལ་ཚོགས་མཆོད་རེ་གྲུབ་ན་གལ་ཆེ་བས། དེ་ལྟར་ན་བཟླས་པ་གསོལ་གདབ་གྲུབ་པ་དང་། ཚོགས་རྫས་བཤམ། བྱིན་རླབས་ནས་ལྷག་མའི་བར་བཏང་ལ་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་མཚམས་གྲོལ་ཁ་མ་གཏོགས་མི་དགོས་ཀྱང་གཏེར་བདག་སྔགས་སྲུང་མའི་གཏོར་འབུལ་རེ་ཅི་ནས་གལ་ཆེ་བས། དགོང་སྲོད་ནམ་བདེར་བཏང་། གཏང་རག་མཆོད་བསྟོད་ནོངས་པ་བཤགས། ཚོགས་མགྲོན་རྣམས་རྟེན་ལ་བརྟན་བཞུགས་བྱ། དེ་ནས་བསྡུ་ལྡང་ལ་འཇུག །ཉལ་བའི་ཚེ། ལྷ་སྐུ་མི་དམིགས་པའི་ངང་ལ་བསྡུས་ནས་བསམ་མེད་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱ་ཞིང་། གཉིད་མ་བྱུང་ནའང་བསྐྱར་བས་ཆོག །ནངས་པར་ལྡང་བའི་ཚེ་ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱིས་སྔགས་སྒྲས་གཉིད་སད་པར་མོས་ཏེ་ལྷར་ལམ་གྱིས་ལངས་ནས། ཁྲུས་དང་བསྒོམ་བཟླས་ཀྱི་རྣལ་འབྱོར་ལ་འཇུག་གོ །ཕྱིར་ཉིན་ཐོར་ཐུན། སྔ་ཐུན། དགོངས་ཐུན། སྲོད་ཐུན་བཅས་བཞིའམ། གསུམ་དང་གཉིས་ལྟ་བུ་གང་བྱེད་ཀྱང་དེའི་འགྲེས་སྦྱོར་བས་ཆོག་ཅིང་། ཐུན་ཐོག་མ་ལ་བརྒྱུད་འདེབས་ལྷག་པར་སྦྱར། ཐུན་མཚམས་སུ་ཁྲུས་དམིགས་དང་སྦྱར་བའི་རྡོར་སེམས་སྒོམ་བཟླས་ཀྱང་གྲུབ་ན་ལེགས་སོ། །དེ་ལྟ་བུའི་ཚུལ་གྱིས་ཡི་གེ་དྲུག་པ་འབྲུ་འབུམ་སྟེ་འབུམ་ཕྲག་དྲུག །དེ་ལན་བཞིར་བལྡབ་པ་འབུམ་ཕྲག་ཉེར་བཞི། ཡིག་བརྒྱ་དེའི་དྲུག་ཆ་སྟེ་འབུམ་ཕྲག་གཅིག་གམ་བཞི་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་བསྙེན་ཡིན་ལ། དུས་བསྙེན་ནི་ཟླ་བ་གསུམ་ནས་དྲུག་གི་བར་དང་། མཚན་མའི་བསྙེན་པ་ལ་དྲོད་རྟགས་སྤྱི་དང་མཚུངས་ཤིང་དུས་གྲངས་མཐའ་གཅིག་ཏུ་མ་ངེས་ཏེ་ལས་འཕྲོ་དང་ཏིང་འཛིན་བརྟན་མི་བརྟན་གྱི་ཁྱད་པར་ལྟར་འགྱུར་བའི་ཕྱིར་རོ། །བཟླས་སྒོམ་ཅུང་ཟད་བྱས་པས་ཀྱང་ཕན་ཡོན་ཚད་མེད་པར་གསར་རྙིང་རྒྱུད་གཞུང་མན་ངག་ཀུན་ལས་རྒྱ་ཆེར་གསུངས་ཤིང་། གཞུང་འདི་ཉིད་ལས་ཀྱང་། དེ་ལྟར་བཟླས་པའི་ཡོན་ཏན་གྱིས༔ མཚམས་མེད་ལྔ་ཡི་སྒྲིབ་བྱང་ཞིང༔ སངས་རྒྱས་ཀུན་གྱིས་སྲས་སུ་དགོངས༔ ཞེས་འབྱུང་ངོ་། །དེ་ལྟར་བསྙེན་པའི་རིམ་པ་ལེགས་པར་གྲུབ་པའི་རྗེས་སུ། དཀྱིལ་འཁོར་བུམ་ཐོད་མེ་ལོང་ཤེལ་རྡོ་སོགས་རྟེན་དང་མཆོད་པའི་ཡོ་བྱད་ཅི་འབྱོར་རྒྱས་པར་བཤམས་ལ། ཚོགས་གསག་སྒྲུབ་པའི་རྣལ་འབྱོར་ལྟར་རབ་བདུན་གསུམ། འབྲིང་བདུན་གཉིས། ཐ་མ་བདུན་ཕྲག་གཅིག་ཙམ་དུ་ཐུན་སྔ་མ་ལྟར་བཅད་པའམ། མི་ལྕོགས་ན་སྔ་དྲོ་བརྒྱུད་འདེབས་སྔོན་གཏོར་བཏང་བ་ནས་བརྩམ་བདག་མདུན་བུམ་བཟླས། ཡན་ལག་ལྷག་མ་དམ་བཅའི་བར་དུ་བཏང་། ཕྱི་དྲོ་རྒྱུད་སྦྱང་ཡན་ལག་བདུན་པ་ནས་བཟུང་ཆོ་ག་བསྐྱར་ཏེ་བཏང་ལ་བཟླས་པ་ཅི་འགྲུབ་དང་བཤགས་པ་ཕྱིན་སྐོང་ཆེན་ཚོགས་མཆོད་སོགས་རྗེས་ཀྱི་རིམ་པ་ཆ་ཚང་བྱ། འདི་སྐབས་བདག་བསྐྱེད་བསྙེན་པ་ཁྱུག་ཙམ་དང་བཟླས་པའི་གཙོ་བོ་མདུན་བསྐྱེད་ལ་བྱ་ཞིང་བུམ་བཟླས་ཀྱང་ལོངས་སྐབས་དང་བསྟུན། སྒྲུབ་པ་གྲུབ་པའི་སྔ་དྲོ་སྐོང་བའི་རྗེས་སུ་བདག་འཇུག་བླངས་པས་དངོས་གྲུབ་ལེན་ཆོག་གི་དགོས་དོན་འགྲུབ་ཅིང་། ཚོགས་མཆོད་མཐར་ལྷག་མ་སྔ་ཕྱི་ཐམས་ཅད་ཕྱི་རོལ་དུ་ཕུལ་ལ་གཏོར་སྐྱོང་སོགས་མཐའ་རྒྱས་སུ་བྱ། ཁ་སྐོང་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆ་འགྲོ་ངེས་རྗེས་ཐོག་དེར་གྲུབ་པར་བྱས་ལ། ཐོ་འགྲོལ་གནས་སྲུང་རྣམས་དང་མཚམས་ཀྱི་སྤང་བླང་གཞན་ཐམས་ཅད་ཀྱང་བསྙེན་སྒྲུབ་སྤྱིའི་ལག་ལེན་གྱི་རྒྱུན་ལྟར་བྱའོ། །ཐོག་མེད་སྒྲིབ་པའི་མུན་ཁང་བརྟོལ། །ཡེ་ཤེས་སྣང་བ་མཁའ་ཁྱབ་བརྡལ། །སེམས་དཔའ་རྡོ་རྗེའི་གསང་གསུམ་དང་། །གཅིག་གྱུར་འཁོར་བ་དོང་སྤྲུགས་ཤོག །ཅེས་ཁྲིད་གཞུང་ཉམས་སུ་མི་ལོན་པའི་བསྙེན་རྐྱང་ཙམ་བྱེད་པའི་བློ་དམན་ལ་ཕན་པར་མཐོང་ནས་ཀློང་ཡངས་ཀྱི་རྣལ་འབྱོར་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེར་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོའི་སྙིང་པོ་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ་ (Volume 3, Text 12)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྲིད་ཡིག་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། ། དཔལ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ཡིག་རབ་གསལ་སྣང་བ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་འགྱུར་རང་རིག་བྱང་ཆུབ་སེམས། །བླ་མེད་སྟོང་ཉིད་རྡོ་རྗེར་སྡོམ། །ཟུང་འཇུག་བདེ་ཆེན་རོལ་པ་ཅན། །གཏེར་ཆེན་བླ་མའི་ཞབས་ལ་འདུད། །ཤིན་ཏུ་རྙེད་པར་དཀའ་བའི་ཆོས། །ཟབ་ལམ་གདམས་པའི་ཤིང་རྟ་ཡིས། །སྐལ་ལྡན་རྣམ་དག་སྐུ་བཞིའི་སར། ཁྲིད་ཐབས་རབ་གསལ་སྣང་བ་སྤྲོ། །འདིར་མདོ་རྒྱུད་ཐམས་ཅད་ཀྱི་ཡང་ཞུན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་མཆོག །ཐར་འདོད་མ་ལུས་པའི་འཇུག་ངོགས། ཚེ་འདི་ཉིད་ལ་འཚང་རྒྱ་བའི་མྱུར་ལམ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་ཁྲིད་པ་ལ་དོན་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་གཉིས་ཏེ། ཐུན་ལ་འཇུག་པའི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས། དང་པོ་ནི། དབེན་པའི་གནས་སུ་སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་ཞིང་སེམས་རྣལ་དུ་ཕབ་སྟེ། རླུང་རོ་ལན་གསུམ་བསལ་བས་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་པ་དང་། རང་གི་སྤྱི་བོར་རྩ་བའི་བླ་མ་བསྒོམས་ཏེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམས་ལ་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་ལྟོས་ལིང་སྐྱུར་གྱིས་གསོལ་བ་བཏབ་རྗེས་བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་པར་མོས་ཏེ། འོག་གི་དམིགས་པ་གང་སྒོམ་ཡང་ཐུན་གྱི་སྔོན་དུ་འདི་ངེས་པར་གཏོང་ངོ་། །གཉིས་པ་ལམ་གྱི་སྣོད་རུང་དུ་བྱ་བའི་སྔོན་འགྲོ་ནི། མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ ཞེས་གསུངས་པས་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་གསུམ་སྟེ། ངེས་འབྱུང་གིས་བློ་བཅོས་པ། ཐེག་པ་སྤྱིའི་རྨངས་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་དོ། །དང་པོ་ནི། ཁྲིད་གསར་པ་ཡིན་ན། དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་ལ་བསམ་པ། འཁོར་བའི་ཉེས་དམིགས་ལ་བསམ་པ་རྣམས་རེ་རེ་ནས་ཞིབ་མོར་བཤད་ནས། རྒྱུད་ལ་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་སྲིད་སྒོམ་དུ་འཇུག་དགོས་ཤིང་། འདིར་སྔར་བློ་འབྱོངས་ཟིན་གྱི་དབང་དུ་བྱས་ཏེ། དེ་ཉིད་ཅུང་ཟད་གསལ་འདེབས་ཀྱི་ཚུལ་དུ་དམིགས་པ་དེ་རྣམས་གཅིག་ཏུ་དྲིལ་ན། ཡང་ཡང་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ད་རེས་རྙེད་པའི་དུས་འདིར་གཏན་བདེའི་འདུན་མ་དམ་པའི་ཆོས་ཁོ་ན་སྒྲུབ་དགོས་པར་འདུག །དེ་ཡང་ཚེ་འདི་བར་སྣང་གི་གློག་འགྱུ་བ་ལྟར་ནམ་འཆི་ཆ་མེད་པས་ཆོས་ཕྱི་བཤོལ་དུ་མ་ལུས་པར་ད་ལྟ་ཉིད་རང་ནས་བསྒྲུབ། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་དགྲ་གཉེན་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་ཞིང་ཕན་གནོད་སྤུ་ཙམ་ཡང་མེད། རྒྱལ་ཕམ་སྐྱིད་སྡུག་གང་བྱུང་ནའང་བྱུང་སྟེ་འདི་ལྟོས་ཀྱི་བྱ་བ་ལ་ཅིས་ཀྱང་དགོས་པ་མེད། དགེ་སྡིག་གི་ལས་གཉིས་པོ་ནི་ལུས་ཀྱི་གྲིབ་མ་ལྟར་ཤི་ནས་ཀྱང་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་འཁོར་བ་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་པས་སྐྱིད་མེད། ངན་སོང་གསུམ་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདིང་ནི་མེད། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད། དགེ་བ་ལ་ནན་ཏན་དུ་བསླབ་པར་བྱ། གལ་ཏེ་ཟག་བཅས་ཀྱི་དགེ་བས་བདེ་འགྲོའི་གནས་སུ་སྐྱེས་ནས་ཕྲལ་བདེ་བདེ་ལྟར་སྣང་བ་ཅུང་ཟད་ཡོད་པ་རྣམས་ཀྱང་གཉིད་འཐུམས་རེའི་རྨི་ལམ་བཟང་བ་དང་འདྲ་སྟེ་འགྱུར་ཞིང་འགྲོ །འཁོར་བའི་རྒྱལ་ཕམ་སྐྱིད་སྡུག་ཐམས་ཅད་ཀྱང་རེ་མོས་ལས་རྟག་ཐུབ་པ་གཅིག་ཀྱང་མེད་པས། འཁོར་བའི་བདེ་འབྱོར་ཇི་ལྟར་བཟང་ཡང་སྙིང་པོ་མེད། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོ་ལས་མ་འདས་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བསམ་ཞིང་། ལག་ལེན་དུ་ཐེབས་པ་གལ་ཆེ་བ་ཡིན་ནོ། །གཉིས་པ་ཐེག་པ་སྤྱིའི་རྨངས་རྡོ་སྐྱབས་སུ་འགྲོ་བ་ནི། འཇིགས་རུང་འཁོར་བའི་སྡུག་བསྔལ་མེའི་འོབས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་སྐྱབས་དཔུང་ར་མདའ་དེ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཞུ་སྙམ་པས། རང་གར་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་ས་གཞི་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པར་གྱུར་པའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་འདབ་མེ་ཏོག་འབྲས་བུས་དུད་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་དབུས་མ་ལ་གདན་ཁྲིའི་བཀོད་པ་མཐོ་ཞིང་ཡངས་པར་རྩ་བའི་བླ་མ། དེའི་སྟེང་ནས་ཡར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ། ཕྱོགས་བཞིར་གྱེས་པའི་ཡལ་ག་ལས། མདུན་མར་ཁྱད་པར་གྱི་སངས་རྒྱས་ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས། གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན། གཡོན་དུ་ཐུན་མོང་གི་དགེ་འདུན་བྱང་སེམས་དང་ཉན་རང་འཕགས་པ། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་མོས་ལ། རང་དང་ལྷན་ཅིག་ཏུ་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འདུས་ནས། སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་དུ་རེ་ལྟོས་ལིང་སྐྱུར་གྱི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ནས། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་ཏེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བརྗོད་ཅིང་། ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་ལ་བསྟིམ་སྟེ་བསྔོ་བ་བྱ། ཉལ་བའི་ཚེ་སྐྱབས་ཡུལ་རྣམས་མ་བསྡུས་པར་དེ་ཉིད་ལ་མགོ་ཕྱོགས་པར་ཉལ་བར་བསམས་ལ། མོས་གུས་དུང་ངེ་བའི་ངང་ནས་གཉིད་དུ་འགྲོ་བར་བྱའོ། །གསུམ་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་ནི། ཕྱོགས་བཅུ་གང་ནས་གཞལ་ཀྱང་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཏེ། ལེགས་པར་བསྐྱངས་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་སྒྲུབ་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཀུན་ཅི་ཙུག་བྱ། ད་སྙིང་རྗེ་ཟེར་ནས་བཞག་པས་ཅི་ཕན། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། ཐར་པའི་མཆོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། ད་ལྟ་དེའི་ནུས་པ་བདག་ལ་མེད་པས་བདག་གིས་འགྲོ་ཀུན་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་བསྒོམ་པར་བགྱིའོ་སྙམ་དུ་བསམས་ནས། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ཞེས་ཕ་མ་འགྲོ་དྲུག་གི་སེམས་ཅན་རྣམས་སྙིང་ཁོང་དུ་བཅངས་པའི་ལྷག་བསམ་དྲག་པོས་ཅི་ནུས་བརྗོད་ཅིང་། ཐུན་མཐར་ཡུལ་སེམས་ཅན་མི་དམིགས་པའི་ངང་ལ་དར་གཅིག་བཞག་ནས་བསྔོ་བ་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་ཁྲིད། ཚོགས་གསག་པ་མཎྜལ་གྱི་ཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། རང་གི་སྤྱི་བོར་པད་ཟླའི་གདན་ལ་ཧཱུྃ་ཡིག་དཀར་པོ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བླ་མ་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དར་དང་རིན་པོ་ཆེའི་རྒྱན་ཅན། ཡབ་སེམས་སྐྱིལ་དང་ཡུམ་པད་སྐྱིལ་གྱིས་ཕན་ཚུན་འཁྲིལ་བ། ཐུགས་ཀར་པད་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་འགྲེང་སྟབས་སུ་ལངས་པའི་ལྟེ་བར་ཧཱུྃ་དཀར་པོ་ཡིག་བརྒྱའི་སྔགས་ཕྲེང་གིས་བསྐོར་བར་དམིགས་ཏེ། སྔར་བྱས་ཀྱི་སྡིག་ལྟུང་ལ་གནོང་འགྱོད་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་བརྟན་པོས། བླ་མ་དཔལ་རྡོ་རྗེ་སེམས་དཔས་བདག་གཞན་འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་མཛད་དུ་གསོལ་སྙམ་པའི་འདུན་པ་དྲག་པོས། ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་དཀར་ཆི་ལི་ལི་བབས་པ་ཚངས་བུག་ནས་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་། སྲོག་ཆགས་ཕྲ་མོ་དང་། དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཤམ་ཤམ་ཐོན་ཏེ། ལུས་ཤེལ་སྒོང་ལྟར་དག་པའི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་དཀར་མེར་གྱིས་གང་། ཉམས་རྟོགས་དང་ཡོན་ཏན་རང་གཞན་གྱི་རྒྱུད་ལ་སྐྱེས་པར་བསམ་ཞིང་། ཐུན་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཤགས་པ་ཕུལ་བས། རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱེད་རྣམས་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ཞིང་། སྡིག་སྒྲིབ་ཀྱི་ངོ་བོར་ཆེར་གྱིས་བལྟས་ལ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་བཞག་ནས་བསྔོ་བ་བྱ་སྟེ། སྡིག་སྒྲིབ་འདག་པའི་རྟགས་མ་བྱུང་གི་བར་དུ་འབད་དོ། །གཉིས་པ་ཚོགས་གསག་པ་མཎྜལ་གྱི་ཁྲིད་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་གི་མཎྜལ་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ལ། མཆོད་པའི་མཎྜལ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་ལམ་མེད་ན་ས་གཞི་བྱི་དོར་བྱས་པར་དྲི་དང་བ་བྱུང་གི་ཆུས་བྱུགས་པ་ལ། ལུས་ཀྱི་ལས་སུ་མེ་ཏོག་གི་ཚོམ་བུ་དགོད་ཅིང་། ངག་གི་ལས་སུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། རིན་ཆེན་ས་གཞི་ལྷུན་པོ་ཁོར་ཡུག་བཅས། །གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད། །ལྷ་མའི་འབྱོར་ཚོགས་རྒྱ་མཚོས་ཡོངས་གང་བ། །རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །ཞེས་བརྗོད། ཡིད་ཀྱི་ལས་སུ་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་ལྷུན་པོ་རི་མཚོ་གླིང་བཞི་གླིང་ཕྲན་ཉི་ཟླ་སོགས་སྣོད་བཅུད་ཀྱི་འཇིག་རྟེན་ལྷ་དང་མིའི་འབྱོར་ཚོགས་བཟང་ལ་གྱ་ནོམ་པས་གོ་མཚམས་མེད་ཅིང་ཕྱུར་བུར་བཀང་བར་དམིགས་ནས་ལན་མང་དུ་དབུལ་ལ། ཉམས་རྟོགས་དང་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་མྱུར་དུ་སྐྱེ་བར་གསོལ་བ་གདབ་བོ། །མཐར་ཚོགས་ཞིང་མཆོད་རྫས་ཀྱི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོའི་ངང་དུ་དར་ཅིག་བཞག་ནས་བསྔོ་བ་བྱའོ། །གསུམ་པ་བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། མདུན་གྱི་ནམ་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་སྔར་གྱི་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ཅིང་། དེ་ཐམས་ཅད་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམའ་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པར་ཤར་བས། རང་གཞན་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་པའི་ཚུལ་དུ་གཟིགས་ཤིང་བྱིན་འཐིབས་སེ་སད་པར་བསམས་ལ། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་ཤིན་ཏུ་དད་ཅིང་གུས་པས་ཕྱག་འཚལ་བ་སོགས་བདུན་རྣམ་དག་ཕུལ་བར་བསམ་སྟེ། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་ཅི་ནུས་བརྗོད། དེ་ནས་བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་ཡང་ནས་ཡང་དུ་སྒྲོ་འདོགས་ཆོད་པས་གཅིག་ཆོག་རྒྱལ་པོར་ངེས་པ་གཏིང་ཚུགས་པའི་ཡོན་ཏན་དང་། བཀའ་དྲིན་རྗེས་སུ་དྲན་པས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་སྐྱུར་ལ་གདུང་ཤུགས་དྲག་པོས་ངག་ཏུ། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །ཞེས་སོགས་ཀྱིས་གསོལ་བ་ཡང་ཡང་བཏབ་རྗེས། རྩ་བའི་བླ་མའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་རེག་པས། བརྒྱུད་པའི་བླ་མ་དཀོན་མཆོག་གསུམ་སོགས་འོད་དུ་ཞུ་བ་རིམ་བཞིན་རང་གི་སྐུ་ལ་བསྡུས། དེ་ནས་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམ་པར་མཛོད། །ཅེས་གསོལ་བ་བཏབ་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དབང་བཞི་རིམ་གྱིས་བླང་། སླར་ཡང་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས་བླ་མ་དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངང་ལ་ཅུང་ཟད་མཉམ་པར་བཞག་ཅིང་བསྔོ་བ་བྱའོ། །དེ་ལྟར་སྔོན་འགྲོའི་དམིགས་པ་དེ་རྣམས་ཀྱང་རྒྱུད་ལ་མྱོང་བ་ཐོན་ཐོན་གྱི་བར་དུ་སྒོམ་དགོས་མོད། མགྱོགས་ཁྲིད་ཀྱི་སྐབས་ཞག་རེ་ཞག་གཉིས་ཙམ་ལས་སྒོམ་རྒྱུ་མ་བྱུང་ན། ཁྲིད་ཡོངས་རྫོགས་མ་ཚར་གྱི་བར་དུ་ཐུན་དང་པོ་ལ་ལུས་གནད་ཅི་བདེ་བའི་སྟེང་ནས་སྔོན་འགྲོ་རྒྱས་པ་ཚང་བར་བྱ་ཞིང་། དེའང་བསྡུས་པ་ལ་དགའ་ན། སྐྱབས་ཡུལ་ཉིད་མ་བསྡུས་པར་མཎྜལ་དང་བླ་མའི་རྣལ་འབྱོར་གྱི་རྟེན་དུ་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བ་འོང་། ཕྱི་ཐུན་རྣམས་ལ་སྐྱབས་སེམས་བླ་མའི་རྣལ་འབྱོར་ཙམ་མམ། དེའང་བསྡུ་ན་ཐུན་གྱི་སྔོན་འགྲོ་ཙམ་བྱས་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་དངོས་གཞི་ནི། དེ་ལྟར་སྔོན་འགྲོ་མཐར་ཕྱིན་ནས༔ དངོས་གཞི་བསྐྱེད་བཟླས་རྫོགས་རིམ་གསུམ༔ ཞེས་པ་སྔོན་འགྲོའི་གཞི་མ་ཐིངས་ན། དངོས་གཞི་ཁྲིད་བཏབ་ཀྱང་རྒྱུད་ལ་ཡོན་ཏན་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་མི་བརྟན་ཞིང་མཐར་མི་ཕྱིན་པས། དེ་ལྟར་སྔོན་འགྲོ་རྣམས་ཐོག་མར་མཐར་ཕྱིན་པར་བསླབས། དེ་ནས་སྔར་དབང་མ་ཐོབ་ན་བསྐྱེད་རྫོགས་ཀྱི་ལམ་དངོས་སྒོམ་པའི་སྔོན་དུ་དབང་བསྐུར་བས་རྒྱུད་སྨིན་པར་བྱ་དགོས་ཤིང་། སྔར་དབང་ཐོབ་ཟིན་ཡིན་ནའང་དམ་ཚིག་གསོ་བའི་ཕྱིར། སྐབས་འདིར་ཡང་བླ་མ་ལས་ཞུ་བའམ་མ་འབྱོར་ན་སྡོམ་ལྡན་རང་ཉིད་ཀྱིས་བླང་ཡང་རུང་སྟེ་འགྲུབ་ན་ལེགས་པ་ཡིན་ནོ། །གང་ལྟར་ཡང་དབང་གིས་རྒྱུད་སྨིན་པར་བྱས་ནས་ལམ་སྒོམ་པ་ལ་འཇུག་སྟེ། དེ་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཁྲིད། གསུང་བཟླས་པ་སྔགས་ཀྱི་ཁྲིད། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་དོ། །དང་པོ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་སྤྱི་དང་མཐུན་པར་བྱས་ནས། ཇི་ལྟར་སྒོམ་པའི་ཚུལ་ལ་གཉིས་ཏེ། དམ་ཡེ་དབྱེར་མེད་ཀྱི་དཀྱིལ་འཁོར་སྒྲུབ་པ་དང་། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ནི། དང་པོ་སྲུང་འཁོར་བརྟན་དབུས་སུ༔ ལྷ་བསྐྱེད་ཡེ་ཤེས་དགུག་བསྟིམ་རྗེས༔ ཞེས་པས་གཉིས་ཏེ། རྣམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲང་ཞིང་བསྟིམ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། འདི་ལྟར་རང་གཞན་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ་ནས་སེམས་སྣང་མེད་ལ་ཅུང་ཟད་བཞག་རྗེས། ཤཱུནྱ་ཏཱའི་སྔགས་བརྗོད་ཅིང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་ནས་མ་སྐྱེས་པ་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་ངའོ་སྙམ་པའི་ང་རྒྱལ་བསྒོམ། དེ་ཡང་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་དག་རྫོགས་སྨིན་གསུམ་ཚང་དགོས་པས། འདིས་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མ་རྫོགས་རིམ་གྱི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ །འདིར་ཡང་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། ནམ་མཁའ་ལས་འཇའ་ཚོན་ཤར་བ་ལྟར། དེ་ཏིང་དབྱིངས་སྤྲོས་བྲལ་གྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་ཀུན་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའི་ཡུལ་ལ། འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་ཁྱབ་པར་སྣང་བས། བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། འདིས་བར་དོ་སྦྱོང་། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་། གསུམ་པ་རྒྱུ་ཏིང་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རིག་ཧཱུྃ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་ཞིང་། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་གསལ་བརྟན་གྱི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེངས་པའི་གཞི་འདིང་། གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གསུམ་སྟེ། སྲུང་འཁོར་སྒོམ་པ། རྟེན་གྱི་དཀྱིལ་འཁོར་སྒོམ་པ། བརྟེན་པ་ལྷའི་དཀྱིལ་འཁོར་སྒོམ་པའོ། །དང་པོ་ནི། རྒྱུའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་གཞོམ་མེད་རྡོ་རྗེའི་ས་གཞི་རྭ་གུར་མཐོ་ཞིང་ཡངས་པའི་ནང་དུ་རྡོ་རྗེའི་བླ་རེ་དང་། ཕྱིར་རྡོ་རྗེའི་དྲྭ་བ་འཕྱང་ཞིང་། རྡོ་རྗེའི་ཕྲེང་བས་བཅིངས་པ། རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་དེ་དག་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་བསྒོམ། འདིས་སྐྱེ་སྲིད་ཕྱི་མར་འཇུག་པའི་སྐྱེ་གནས་ཀྱི་འགལ་རྐྱེན་བར་ཆད་བྱེད་པ་སྦྱོང་། འབྲས་དུས་སུ་བདུད་བཞི་བཅོམ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་པའི་གཞི་འདིང་། གཉིས་པ་རྟེན་གྱི་དཀྱིལ་འཁོར་སྒོམ་པ་ནི། སྲུང་འཁོར་གྱི་ནང་དུ་རྒྱུ་ཡི་ཧཱུྃ་ཡིག་ལས། ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་འོག་ཏུ་ཆད་པ་ལས། ནམ་མཁའ། རླུང་། མེ། ཆུ། སའི་དཀྱིལ་འཁོར་རི་རབ་དང་བཅས་པ། དེའི་སྟེང་དུ་རྡོ་རྗེའི་ས་རྡུལ་ཆགས་པས་རྡོ་རྗེ་ར་བའི་ནང་ཚུན་ཆད་ཀྱི་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བརྡལ་བའི་དབུས་སུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་གྱེས་པའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་རྣམས་རེ་རེ་ནས་རིམ་བཞིན་བསྒོམ། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་བཅས་གྲུབ་པ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཞིང་དུལ་བའི་གཞི་འདིང་། སྣ་ཚོགས་རྡོ་རྗེའི་སྟེང་དུ་རྒྱུའི་ཧཱུྃ་ལས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྒྱུ་དང་འབྲས་བུའི་རྟ་བབས་བརྒྱད་བརྒྱད་དང་། དབུས་ཕྱུར་བུའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ་སོགས་མཚན་ཉིད་ཐམས་ཅད་རྫོགས་པའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་ཁྲི་པད་ཟླའི་གདན་དང་བཅས་པ་བསྒོམ་ཞིང་། གཞལ་ཡས་ཁང་གིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་དང་། གདན་པད་ཟླས་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་མའི་མངལ་ཁུ་ཁྲག་དང་བཅས་པ་དང་། གཞན་གཉིས་ཀྱིས་དྲོད་གཤེར་དང་། གནས་ལུས་ལ་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་གྲུབ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གིས་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་ནི་སྤྱི་བོའི་རྩ་འཁོར། ཟླ་བ་ནི་དེར་ཁུ་བ་ལུགས་ལྡོག་ཆ་བཅུ་དྲུག་པ་རྫོགས་པ་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་འདིང་། གསུམ་པ་བརྟེན་པ་ལྷའི་དཀྱིལ་འཁོར་སྒོམ་པ་ལ། ལྷ་བསྐྱེད་པ་དང་། བྱིན་གྱིས་རློབ་པ་གཉིས་ལས། དང་པོ་ནི། ཆོ་ག་གསུམ་བསྐྱེད་དེ། རྒྱུ་ཡི་ཧཱུྃ་ཡིག་གདན་སྟེང་བབས་པ་གསུང་ཡིག་འབྲུའི་ཆོ་ག །དེ་རིགས་ཀྱི་ཕྱག་མཚན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་ཡིག་གིས་མཚན་པར་སྒོམ་པ་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཏེ། འོད་ཀྱི་གོང་བུར་གྱུར་པ་ལས། ཨོཾ་བཛྲ་སཏྭ་ཨཱ༔་ཞེས་བརྗོད་པས་རྡོ་རྗེ་སེམས་དཔའི་སྐུར་བཞེངས་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་སྟེ། འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་པ་ཞུགས་པ། ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ། རླུང་བཅུས་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པ་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པ་ན་ལྷུམས་ཞུགས་དང་བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ས་བོན་ཕྱག་མཚན་ནི་རླུང་སེམས་དྷཱུ་ཏིར་ཐིམ་པ། སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེ་ཡང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་འཚེར་བ་སྒེག་ཅིང་འཛུམ་པའི་ལང་ཚོ་ཅན། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་ཅིང་མཉམ་པར་སྦྱོར་བ། གཉིས་ཀའང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་བའི་སྐུར་སྒོམ་པ་ཡིན་ནོ། །གཉིས་པ་བྱིན་གྱིས་རློབ་པནི། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ། འདིས་བྱིས་པ་དེ་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགགས་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་། གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དྲང་ཞིང་བསྟིམ་པ་ནི། སྙིང་གའི་འོད་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་པ། ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཆུ་ལ་ཆུ་བཞག་པ་ལྟར་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམས་ནས། དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤངས་ཏེ་བསྒོམ་ཞིང་། འདིས་བྱིས་པ་དེ་རང་དང་རིས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་དང་འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ལ་བཞི་ལས། དང་པོ་རྣམ་པ་སྤྱི་ལ་བསླབ་པ་ནི། སྐུ་ཡི་ཆ་བྱད་ཡོངས་རྫོགས་པ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ གསལ་ལ་ཡེངས་པ་མེད་པར་བསྒོམ༔ ཞེས་པས་ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་སྒོམ་པ་སྟེ། གཙུག་ཏོར་ནས་གདན་ཁྲིའི་བར་སྐུ་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བཏབ་ལ། རྫིང་བུ་གསལ་དྭངས་གཡོ་བ་མེད་པའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་རྩེ་གཅིག་ཏུ་མཉམ་པར་འཇོག །དེའང་རྣམ་པ་ཝལ་གྱིས་གསལ་འདེབས་མི་ནུས་ན། ཐང་སྐུ་ལྟ་བུའི་སྐུའི་སྣང་བརྙན་ལ་མིག་རེངས་རེངས་སུ་བལྟས་པས་ཡིད་ལ་གསལ་སྣང་ཤར་བ་དང་། དེ་ལ་དཔེ་བྱས་ནས་རང་ཉིད་ལྷར་ལམ་གྱིས་བསྒོམ་ཞིང་། དེའང་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལྷ་སྐུའི་གསལ་སྣང་དེ་ཀ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་སྟེ། ལྷ་སྐུ་སྤྱི་རྣམ་རག་པའི་གསལ་སྣང་ལ་རྣམ་རྟོག་གིས་འཕྲོག་ཏུ་མེད་པ་མ་བྱུང་བར་སྒོམ་མོ། །གཉིས་པ་རྣམ་པ་བྱེ་བྲག་ལ་བསླབ་པ་ནི། དེ་གོམས་སྐུ་ཡི་ཆ་ཤས་ནས༔ རྒྱན་ཆ་ཕྲ་མོའི་བར་དག་ཏུ༔ རིམ་པ་བཞིན་དུ་གསལ་བར་བསྒོམ༔ ཞེས་པས་ཐ་མལ་གྱི་སྣང་བ་ཕྲ་བ་ལྡོག་པའི་ཕྱིར་སྒོམ་པ་སྟེ། སྤྱན་སོགས་ནས་ཞབས་ཀྱི་བར་སྐུའི་ཆ་ཤས་དང་། སྤྱི་བོའི་ནོར་བུ་ནས་གདན་ཁྲིའི་བར་རྒྱན་གྱི་ཆ་ཤས་རེ་རེ་ཞིང་ནས་གསལ་བཏབ་ཅིང་བསྒོམས་པས། དེ་དང་དེ་རེ་རེ་ལའང་སེམས་ཟིན་ཏེ་སོ་སོའི་གསལ་སྣང་ཁྱད་པར་ཅན་མ་འདྲེས་པར་ཕྲ་ཞིང་ཞིབ་པ་མ་སྐྱེས་ཀྱི་བར་དེ་སྲིད་དུ་འབད་པས་བསྒོམ་ཞིང་། སོ་སོའི་གསལ་སྣང་སྐྱེས་པ་དང་ཡང་ཅིག་ཅར་དུ་གསལ་འདེབས་པའང་གནད་དོ། །གསུམ་པ་ང་རྒྱལ་ལ་བསླབ་པ་ནི། དེ་གོམས་ང་ནི་རྡོ་རྗེ་སེམས༔ དངོས་ཡིན་སྙམ་པའི་ང་རྒྱལ་བཟུང༔ ཞེས་པས་ཐ་མལ་གྱི་ཞེན་པ་ལྡོག་པའི་ཕྱིར་ང་རྒྱལ་སྒོམ་སྟེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། རྒྱལ་བ་ཀུན་གྱི་སྤྱི་གཟུགས་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་ཞིང་། ལྷ་སྐུ་རང་གི་རིག་རྩལ་ལས་གཞན་དུ་མ་གྲུབ་པའི་ངེས་ཤེས་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་སྒོམ་སྟེ། དེའང་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་བ་ཡིན་ནོ། །བཞི་པ་དག་དྲན་ལ་བསླབ་པ་ནི། དེ་གོམས་ཕྱག་རྒྱའི་བྱེ་བྲག་རྣམས༔ རྣམ་མང་འགྲོ་བ་འདུལ་བའི་ཕྱིར༔ བསྟན་སེམས་དག་པ་དྲན་པ་དང༔ སྟོང་གསུམ་ཡུངས་འབྲུར་གཞུག་པ་སོགས༔ གོམས་པ་བརྟན་པོར་མ་གྱུར་བར༔ རྩེ་གཅིག་འབད་དེ་བསྒོམ་པར་བྱ༔ ཞེས་པས་ལྷ་སྐུའི་གསལ་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་བསྒྱུར་བའི་ཕྱིར་བསླབ་པ་སྟེ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུང་འཛིན་གྱི་མཚན་མ་མི་སྣང་ཡང་། འགྲོ་བ་འདུལ་བའི་ཕྱིར་དེ་དང་མཐུན་པའི་ཕྱག་རྒྱའི་རྣམ་པ་སྒྱུ་མ་ལྟ་བུར་མ་འགགས་པར་སྟོན་པ་སྟེ། གཞི་དུས་སུ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་ལ་ཉེས་སྐྱོན་གྱིས་གོས་མ་མྱོང་བས་རང་བཞིན་གྱིས་རྣམ་པར་དག་པ་དང་། འབྲས་དུས་སུ་རང་བྱུང་གི་ཡེ་ཤེས་དེ་རྣམ་འགྱུར་གློ་བུར་གྱི་སྒྲིབ་པ་ཀུན་ལས་གྲོལ་བས་སྐུ་མདོག་དཀར་པོ། གཞི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། འབྲས་དུས་སུ་སྐུ་གསུམ་མམ་སྐུ་དང་ཡེ་ཤེས་རོ་གཅིག་པས་ཞལ་གཅིག་པ། གཞི་དུས་སུ་གདོད་མའི་ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང་ལྡོག་ཆ་ནས་བདེན་པ་གཉིས་དང་། འབྲས་དུས་སུ་ཚོགས་གཉིས་མཐར་ཕྱིན་པའམ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བས་ཕྱག་གཉིས་པ། གཞི་འབྲས་གཉིས་ཀ་ལ་ཡུལ་ཅན་ཡེ་ཤེས་ལྔ་རོ་གཅིག་པ་རང་བྱུང་གི་ཡེ་ཤེས་དང་ཡུལ་སྟོང་ཉིད་སྤྲོས་པ་དང་བྲལ་བ་མཚོན་པའམ། ཁྱད་པར་འབྲས་དུས་སུ་ཐབས་ཤེས་ཀྱི་སྒོ་ནས་འགྲོ་དོན་མཛད་པས་ཕྱག་མཚན་རྡོར་དྲིལ། གཞི་དུས་སུ་གདོད་མའི་གནས་ལུགས་ལ་སྲིད་ཞི་དབྱེར་མི་ཕྱེད་པ་དང་། འབྲས་དུས་སུ་ཤེས་རབ་དང་སྙིང་རྗེ་ཆེན་པོའི་མཐར་ཕྱིན་པས་སྲིད་ཞིའི་མཐའ་ལས་གྲོལ་བས་ཞབས་གཉིས་ཡབ་རྡོར་སྐྱིལ་དང་ཡུམ་པད་སྐྱིལ། གཞི་དུས་སུ་ཉོན་མོངས་པའི་གདུང་བས་རང་བཞིན་ལ་གོས་མ་མྱོང་ཞིང་འབྲས་དུས་སུ་དེ་ལས་རྣམ་པར་གྲོལ་བས་དར་གྱི་ཆས་གོས་ལྔ་དང་། དགེ་བའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་རྫོགས་པས་རལ་པའི་ཐོར་ཚུགས། འདོད་པའི་ཡོན་ཏན་ཐམས་ཅད་ཡེ་ཤེས་ཀྱི་རྒྱན་དུ་རོལ་པས་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཀུན་ཏུ་རྟོག་པ་གཅོད་ཅིང་མི་རྟོག་པའི་བདེ་བ་སྐྱོང་བས་ཡུམ་གྲི་ཐོད་འཛིན་པ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པས་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་སོགས་བརྟེན་པ་ལྷ་དང་། དེས་མཚོན་ནས་རྟེན་གཞལ་ཡས་ཁང་གདན་ཁྲི་དང་བཅས་པ་དང་། གཞི་འབྲས་ཀྱི་དག་པ་ལས་དཔགས་ནས་ལམ་དུས་ལའང་དག་དྲན་ཇི་ལྟར་ནུས་ནུས་སུ་སྦྱར་ཞིང་། མདོ་འགགས་ནི་གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དང་གང་ཞིག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་གདོད་ནས་དག་པ་དེར། ཏིང་ངེ་འཛིན་གྱིས་སྒོམ་པའི་རྟེན་བརྟེན་པ་དེའང་རྣམ་པར་དག་པར་མོས་དགོས་པ་ཡིན་ནོ། །དེ་ཡང་དག་པ་ནི་མངོན་རྟོགས་ནམ་སྒོམ་པའི་ཚེ་དྲན་པར་བྱ་དགོས་མོད། ཁྱད་པར་སྐབས་འདིར་དག་པ་དེ་རྣམས་ལ་དེ་དང་དེར་མོས་པ་ཤུགས་དྲག་པོ་རེ་བཞག་པའི་མཐར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་གོ །དེར་མ་ཟད་ཡབ་ཡུམ་རྗེས་ཆགས་ཀྱིས་ཞུ་བདེ་དྲངས་ཏེ། ལུས་སེམས་བདེ་བར་ཤར་བའི་ཚེ། དེའི་ངང་ལས་ལྷ་སྐུའི་རྣམ་པ་སལ་ལེ་བ་དང་ང་རྒྱལ་ལམ་མེ་བ་དེ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྩིས་བཏབ་ནས་བསྒོམས་པས། དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས། ཆོས་ཀྱི་སྐུའི་རོལ་པར་འཆར་བའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ། །དེ་རྣམས་ལ་གསལ་བརྟན་གྱི་མྱོང་བ་ཐོན་མཚམས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར་ཕྲ་བའི་གནས་ལ་བསླབ་སྟེ། རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་སྟོང་གསུམ་གྱི་འཇིག་རྟེན་ཙམ་དང་། གཞལ་ཡས་ཁང་སྟོང་གསུམ་ཙམ་གྱི་ནང་དུ་ལྷ་ཡུངས་འབྲུ་ཙམ་སྒོམ་པ་སོགས་ཆེ་ཆུང་མ་ངེས་པ་ལ་རྩལ་སྦྱངས་པས། གཞལ་ཡས་ཁང་ཡུངས་འབྲུ་ཙམ་པ་ཆེར་མ་སོང་ཞིང་ལྷ་སྟོང་གསུམ་ཙམ་དུ་སྒོམ་པ་ཡང་ཆུང་དུ་མ་སོང་ཡང་དོག་པ་དང་མི་འཚམས་པའི་སྐྱོན་མེད་པ་དང་། ཡང་རྟེན་སྟོང་གསུམ་ཙམ་པ་ཆུང་དུ་མ་སོང་ཞིང་ལྷ་ཡུངས་འབྲུ་ཙམ་པ་ཆེར་མ་སོང་བར་ཆེ་ཆུང་གི་སྐྱོན་མེད་པར་འཚམས་པ་སོགས་ཇི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་ཏིང་ངེ་འཛིན་གྱིས། སྣང་བ་ཐམས་ཅད་ལྷ་སྐུའི་རོལ་པར་སྤྲོ་བ་སོགས་རྩལ་སྣང་གོང་སྤེལ་གྱིས་བོགས་ཕྱུངས་པས། མ་དག་པའི་ལས་སྣང་འདི་ཐམས་ཅད་དག་པ་ལྷ་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ལ་འབད་པར་བྱའོ། །དེ་ལྟར་ལྷའི་སྣང་ཞེན་ལ་བསླབ་པའི་དམིགས་སྐོར་བཞི་དང་། རྣམ་པ་བྱེ་བྲག་སོ་སོ་ལ་འཛིན་པ་རྣམས་ལ་གོ་རིམ་འདི་ཁོ་ན་ལྟར་མཐའ་གཅིག་ཏུ་དགོས་པ་མ་ཡིན་པས། གང་སེམས་བཟུང་སླ་ས་ནས་བཟུང་བས་ཆོག་ཅིང་། འོན་ཀྱང་སྔར་ཏིང་ངེ་འཛིན་གྱི་མྱོང་བའི་སྣེ་མ་ཟིན་པ་ཡིན་ན། ཐོག་མར་རྣམ་པ་ལ་སེམས་འཛིན་པ་ལ་གཙོ་བོར་བཏོན་ཏེ། དེས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་ཟིན་པས་ཞི་གནས་གྲུབ་པ་ཞིག་དགོས། དེའི་ཚེ་བསམ་གཏན་གྱི་སྐྱོན་ཡང་། གལ་ཏེ་རྣམ་རྟོག་ཆིག་སྐྱེར་བ་འཕྲོ་ན་འཕྲོ་རྦད་ཆོད་ཀྱིས་བསྒོམ། ལུ་གུ་རྒྱུད་དུ་འཕྲོ་ན་རིག་པ་འཇུར་མིག་ནས་འདོན། འདོད་ཡོན་གྱིས་སེམས་གཡེང་ན་ཉེས་དམིགས་བསམ། སྒོམ་པས་སྐྱོ་ཞིང་འཚེར་ན་ཏིང་ངེ་འཛིན་གྱི་ཕན་ཡོན་བསམ་སྟེ་སྤྲོ་བ་བསྐྱེད་པ་སོགས་སྐྱོན་འཕྲལ་འཕྲལ་དུ་བསལ་ནས་བསྒོམ། ལྷ་སྐུའི་གསལ་སྣང་ལ་སེམས་འཛིན་པའི་ཚེ། དེ་ཉིད་ལ་ཐུན་ཆུང་གྲངས་མང་བས་སྣ་མ་ལྡོག་པར་བྱས་ཏེ་མཉམ་པར་འཇོག་ཅིང་། ཞག་བདུན་ཙམ་གྱི་བར་ཞག་རེ་ཞིང་ཐུན་ཇེ་རིང་ལ་གཏོང་བ་དང་། ཐུན་མཚམས་སུའང་ལྷའི་གསལ་སྣང་དེ་ཉིད་སྐྱོང་ཅི་ཐུབ་བྱ། ཡང་ཞག་བདུན་གྱི་བར་ཐུན་ཇེ་ཆུང་ལ་གཏོང་ཞིང་ཐུན་མཚམས་སུའང་གསལ་སྣང་མ་བྲལ་བར་སྐྱོང་བ་སོགས་ཐུན་གྱི་སྐྱེ་འབྲི་ཡང་ཁམས་ཚོད་དང་སྦྱར་ནས་བསླབ། གལ་ཏེ་རྒོད་ཅིང་འཕྲོ་ན། ལྟ་སྟངས་ཟིམ་མེ་བ་ལ་རང་བབས་སུ་བཞག །རིག་པའང་མཐུར་དུ་སྨད་ཅིང་ཤེས་པ་ཁོང་སློད། ཟས་བཅུད་ཅན་དང་ཅུང་ཟད་མང་བ་བརྟེན། ས་དམའ་བའམ་དྲོ་སར་འདུག །ཡང་བྱིངས་ན་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས་ཏེ། རིག་པ་ལ་ཧུར་བཏོན་ནས་མཁའ་ལ་བལྟ། ཁ་ཟས་བསིལ་ཞིང་ཉུང་བ་དང་། གནས་མཐོ་ཞིང་བསིལ་བའི་མཐོངས་དཀར་སར་འདུག་པས་སེལ། སྤྱིར་འཕྲོ་རྒོད་ལ་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམས་ལ་སྐྱོ་བ་བསྐྱེད་དེ་ཅིས་ཀྱང་དགོས་པ་མེད་སྙམ་དུ་ཡང་ཡང་བསམ། བྲིས་སྐུ་ལྟ་བུ་དམིགས་རྟེན་ཡིད་དུ་འོང་བ་ཞིག་ལ་སེམས་བསྒྲིམས་ཏེ་ཅུང་ཟད་བཞག་རྗེས། དེ་ལ་མི་བལྟ་བར་ཤེས་པ་ཁོང་སློད་དེ་བཞག་པས་སེལ། བྱིང་བ་ལ་གྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་ངོ་མཚར་ཅན་མང་པོ་དྲན་པས་སྤྲོ་བ་བསྐྱེད། ལྷ་སྐུའི་ཆ་ཤས་ཀྱི་རྣམ་པ་རེ་རེ་ནས་དམིགས་པ་གཏད་ཅིང་དམིགས་རྟེན་ཡང་ཡང་སྤོས་ནས་བསྒོམས་པས་ངེས་པར་སེལ། བྱིང་རྒོད་མེད་པར་གནས་ན་བཟོ་བཅོས་མེད་པར་བསྐྱང་བར་བྱ། ཡང་སྔ་ཐུན་ནམ་ཐུན་འགོ་ལ་ཉམས་བཟང་ཞིང་། ཕྱི་ཐུན་ནམ་ཐུན་གཤམ་ལ་ངན་ན། ཆུ་ཟད་པའི་རྫིང་ལྟར་ཁམས་ཀྱིས་མ་ལྕོགས་པ་ཡིན་པས། ཁམས་གསོ་ཞིང་གློད་ནས་བསྒོམ། སྔ་ཐུན་ནམ་ཐུན་འགོ་ལ་ངན། ཕྱི་ཐུན་ནམ་ཐུན་གཤམ་ལ་བཟང་ན། ཡུར་བས་ཆུ་མ་འདྲོངས་པ་ལྟར་སྦྱོར་བརྩོན་ཆུང་པ་ཡིན་པས་རིག་པ་འཇུར་མིག་ནས་བཏོན་ལ་ཤེས་པ་གྲུངས་སུ་བཅུག་སྟེ་བསྒོམ་ཞིང་། འདི་དག་གི་གནད་འོག་མ་རྣམས་སུའང་ཤེས་པར་བྱའོ། །དེ་ལྟར་འབད་པས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་དང་། ཕྱི་ནང་གསང་བའི་དྲོད་རྟགས་རྣམས་ཀྱང་ཤར་རིམ་ནས་ངོ་སྤྲད་དེ་བསྐྱང་དུ་གཞུག་གོ། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཁྲིད་ལ་གསུམ་སྟེ། རགས་པ་རླུང་བཟླས། ཕྲ་བ་རྡོར་བཟླས། དེས་སྐྱོ་ན་ངག་གི་བཟླས་པ་ལ་བསླབ་པའོ། །དང་པོ་ནི། གཉིས་པ་ཡེ་ཤེས་ཐུགས་སྲོག་གི༔ ཏིང་འཛིན་ཧཱུྃ་ལ་མ་ཡེངས་བཟུང༔ ཁ་སྦྱོར་རླུང་འཆིང་ཡིད་བཟླས་བྱ༔ ཞེས་པས། ལུས་གནད་སྔར་ལྟར་ལས་རྐང་པ་རྡོར་སྐྱིལ་ལམ་སེམས་སྐྱིལ་དང། ལག་པ་མཉམ་གཞག་གམ་ལག་ངར་བསྲངས་པའི་ཁུ་ཚུར་བརླ་བཞག་གང་བདེ་བྱ། དམིགས་པ་རང་ལྷར་གསལ་བའི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ་ཟླ་བ་ལ་གནས་པའི་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་ལངས་ཀྱི་ལྟེ་བར་ཧཱུྃ་ཡིག་དཀར་གསལ་འབར་བ་བསྒོམ། དེ་ལྟར་གསལ་ཐེབས་པ་ན། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ། རླུང་རོ་དལ་ལ་རིང་བ་གསུམ་བསལ། དེ་རྗེས་སྟེང་རླུང་འཇམ་ལ་རན་པར་རྔུབས་ཏེ་ལྟེ་འོག་ཏུ་མནན། འོག་རླུང་ཡང་ཅུང་ཟད་བསྐུམ་སྟེ་ཁ་སྦྱོར་འཇམ་པར་བཅིངས་ལ། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པའི་ཡིད་བཟླས་བྱ། དེ་ལྟར་མི་བདེ་བ་མེད་མེད་ཀྱི་བར་རླུང་བཟུང་ནས་ཅུང་ཟད་མི་བདེ་སྙམ་བྱེད་པ་ན། སྣ་སྒོ་གཉིས་ནས་ཐོག་མར་སྤུ་མི་འགུལ་བའི་ཚོད་ཙམ་ལས་བར་དུ་ཤུགས་བསྐྱེད་ཅིང་མཐར་སང་གིས་འཕང་ངོ་། །གཉིས་པ་ཕྲ་བ་རྡོར་བཟླས་ནི། དེ་གོམས་འབྱུང་འཇུག་གནས་གསུམ་པོ༔ ཨོཾ་དང་ཨཱཿཧཱུྃ་སེམས་གདངས་སྦྱར༔ སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ༔ ཞེས་རླུང་འཇུག་གནས་ལྡང་གསུམ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་མོས་པ་རླུང་སྔགས་སྟོང་པ་གསུམ་དབྱེར་མི་ཕྱེད་པར་ཤེས་པའི་སྒོ་ནས། ལག་ལེན་ནི། ལུས་གནད་སྔར་ལྟར་ལས། ཐོག་མར་ལྷ་སྐུའི་གསལ་སྣང་ལ་ཡུད་ཙམ་བཞག་ནས། རླུང་རོ་བསལ་རྗེས་དབུགས་རང་བབས་ཀྱི་འཇུག་གནས་ལྡང་གསུམ་ལ་སེམས་མ་ཡེངས་པར་གཏད་དེ། ནང་དུ་འཇུག་པའི་ཚེ་ཨོཾ། གནས་པའི་ཚེ་ཨཱཿ ཕྱིར་ལྡང་བའི་ཚེ་ཧཱུྃ་གི་སྒྲ་གདངས་སུ་ཤེས་པའི་སྒོ་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླ་བར་བྱ་སྟེ། དེའང་རླུང་ནང་དུ་འདུས་ནས་འགག་པ་ལ་ཕྱོགས་པའམ་འགགས་ན་སྤོས་དྲི་ཞིམ་པོས་སློང་བ་སོགས་ཐབས་ཀྱིས་བསལ་བར་བྱ་ཞིང་། དེ་ལ་མྱོང་བ་ཐོན་ནས་རྡོར་བཟླས་བུམ་པ་ཅན་སྦྱོར་བ་བཞི་ལྡན་གྱི་སྟེང་ནས་བྱ་སྟེ། རླུང་རོ་བསལ་ལ་ཕྱིར་ཅུང་ཟད་བཟུང་བའི་སྐབས་འོག་སྒོ་བསྡམས་ནས་ཐུར་སེལ་ཅུང་ཟད་འཐེན། སྟེང་རླུང་ཨོཾ་གྱི་སྒྲར་མོས་ལ་ནར་གྱིས་རྔུབས་ཏེ་ལྟེ་བར་སྐྱུར་ཐབས་སུ་མནན། འོག་རླུང་ཡར་དྲངས་ཏེ་ཁ་སྦྱོར་དུ་འཆིང་ཞིང་བཟུང་ནས་གནས་པའི་བར་ཨཱཿཞེས་པའི་སྒྲ་གདངས་སུ་མོས། ཅུང་ཟད་མི་བདེ་ན་རྔུབས་ཆུང་དང་འཐེན་གནོན་བྱ། མི་ཐུབ་པ་ན་ཧཱུྃ་གདངས་ལ་ཡིད་གཏད་དེ་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་། དེ་ལྟ་བུས་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་འགྲུབ་ཀྱི་བར་དུ་འབད་པར་བྱའོ། །གསུམ་པ་ངག་གི་བཟླས་པ་ལ་བསླབ་པ་ནི། དེས་སྐྱོ་སྔགས་ཕྲེང་སྤྲོ་བསྡུར་བཅས༔ མ་ཡེངས་ངག་གི་བཟླས་པ་ནི༔ དུས་སམ་གྲངས་ཀྱི་ཚད་ལྡན་བྱ༔ ཞེས་པས་རླུང་བཟླས་ཀྱིས་སྐྱོ་ན་ངག་བཟླས་ལ་འཇུག་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་མཐར་སྔགས་ཕྲེང་དཀར་གསལ་གཡས་བསྐོར་དུ་གནས་པར་བསམས་ལ། སྔགས་ཟློས་པའི་ཚེ་སྔགས་ཕྲེང་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པའོ། །ཡང་ཐུགས་ཀའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལ་བཀོད། འོད་ཟེར་ཚུར་འདུས་ནས་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་མོས་པ་ནི་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་སྟེ། དམིགས་པ་དེ་གཉིས་ཕྲུགས་གཅིག་གམ། མི་ལྕོགས་ན་རེ་མོས་ཀྱིས་གསལ་བཏབ་ལ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་ཁྱེར་སོ་དང་མ་བྲལ་བའི་ངང་ནས། ཡི་གེ་དྲུག་པ་དང་། ཡི་གེ་བརྒྱ་པ་ཅི་ནུས་བཟླ་ཞིང་། མགྱོགས་ཁྲིད་མི་བྱེད་པར་སྐབས་འདི་ཉིད་དུ་བསྙེན་པ་བྱེད་ན། གྲངས་བསྙེན་ནི་ཡིག་དྲུག་འབྲུ་འབུམ་དང་། ཡིག་བརྒྱ་དེའི་དྲུག་ཆ་སྟེ་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་བཟླ་ཞིང་། དུས་བསྙེན་ནི་ཟླ་དྲུག་མ་ནས་ཟླ་གསུམ་གྱི་བར་དང་། མཚན་བསྙེན་ལ་དུས་གྲངས་མཐའ་གཅིག་ཏུ་མ་ངེས་སོ། །འདི་དག་གིས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་ངོ་། །དེ་ལྟར་སྐུ་བསྐྱེད་རིམ་དང་གསུང་བཟླས་པའི་ཁྲིད་གཉིས་ཀྱི་དམིགས་ཐུན་གང་དང་གང་ཡིན་ཀྱང་འདྲ་སྟེ། མཇུག་ཏུ་ཐུན་བསྡུ་བའི་ཚེ་དམ་ཡེ་དབྱེར་མེད་ཀྱི་བསྡུ་བྱའི་དཀྱིལ་འཁོར་གསལ་བཏབ་ནས། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་སྣོད་བཅུད་ལྷར་དག་པ་ཐམས་ཅད་སྦྱངས་ནས་སྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ། དེ་རྡོ་རྗེ་ལ། དེ་ཧཱུྃ་ལ། དེའང་གྱེན་རྫོགས་མི་དམིགས་པའི་དབྱིངས་སུ་ཐིམ་པའི་རང་ངོ་ལ་ཆེར་བལྟས་པས། སྣང་རིག་ངོས་བཟུང་དང་བྲལ་བའི་རྗེན་ནེ་བ་དེ་ཀའི་ངང་ལ་སོ་ཁད་དེ་མཉམ་པར་བཞག །དེ་ལས་ཐུན་མཚམས་ཀྱི་ལྷར་ལངས་ལ་བསྔོ་བ་བྱ་ཞིང་སྤྱོད་ལམ་ལ་འཇུག་གོ །བསྐྱེད་བཟླས་ཀྱི་སྐབས་འདིར་ཉལ་བའི་རྣལ་འབྱོར་ནི། ལྷ་སྐུ་མི་དམིགས་པའི་ངང་དུ་བསྡུས་ལ་བསམ་མེད་ཀྱི་ངང་ནས་གཉིད་དུ་འགྲོ་བར་བྱ་ཞིང་། གཉིད་མ་བྱུང་ན་ཡང་ཡང་བསྐྱར་བས་ཆོག །ནངས་པར་ལྡང་བའི་ཚེ་ནམ་མཁར་བཞུགས་པའི་ལྷ་རྣམས་ཀྱི་སྔགས་སྒྲས་གཉིད་སད་པར་མོས་ཏེ་ལྷར་ལམ་གྱིས་ལང་ངོ་། །འདིས་འདུ་བྱེད་ཀྱི་ཐ་མ་འཇིག་ཅིང་ལྡང་བ་སྦྱོང་སྟེ། སྣོད་བཅུད་སྲུང་འཁོར་གཞལ་ཡས་ཁང་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་ནི་རགས་པ་ཐིམ་པ། སེམས་དཔའ་སུམ་བརྩེགས་ཧཱུྃ་ལ་བསྡུ་བའི་བར་སྣང་གསུམ། དེའང་བསྡུ་བ་འོད་གསལ་ཏེ་འཁོར་བར་སྐྱེ་བ་ལས་སླར་ཡང་འཆི་བ་དང་དེ་ལས་བར་སྲིད་དུ་ལྡང་བ་སྦྱོང་། འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་འཆད་པར་འཆར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་དུས་དོན་གྱི་འོད་གསལ་བསྒྲུབས་ནས་ཟུང་འཇུག་གི་སྐུར་ལྡང་བའི་གཞི་འདིང་བའོ། །དེ་ལྟར་ཉེར་བསྡུའི་རྣལ་འབྱོར་འདི་ནི་རྫོགས་རིམ་ཡིན་པས། གསུམ་པ་ཐུགས་རྫོགས་རིམ་གྱི་ཁྲིད་ཀྱི་ས་ཁོངས་འདི་ཉིད་ལ་སྦྱར་ནས་འཆད་ཅིང་ཐུན་མཚམས་ཀྱི་ཁྱེར་སོའི་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་ཉམས་མྱོང་གང་སྐྱེས་དང་བསྟུན་པའི་ངོ་སྤྲོད་ཀྱིས་རྗེས་བསྡུ་བ་རྣམས་ལྷག་པར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་གྱི་ཁྲིད་ཀྱི་དམིགས་རྐང་ཅུང་ཟད་སྤྲོས་ཏེ་བཤད་པ་འདི་ནི། རེ་ཞིག་བསྐྱེད་བཟླས་ཀྱི་རྣལ་འབྱོར་ཙམ་གྱིས་ཡིད་ཚིམ་པར་རྫོགས་རིམ་ལ་འཕྲལ་དུ་མི་འཇུག་པའམ། འཇུག་ཀྱང་གཙོ་བོར་མི་འདོན་པའི་གང་ཟག་ལ་ཕན་ཕྱིར་བཀོད་པ་སྟེ། གཞན་དུ་རྫོགས་རིམ་ཉིད་ལ་གཙོ་བོར་སྒྲིལ་བའི་སྐབས་སུ་ཧ་ཅང་བསྐྱེད་རིམ་གྱི་དམིགས་སྐོར་རྒྱས་དྲགས་ན། རྫོགས་རིམ་ལ་འཕྲལ་དུ་འཇུག་པ་ལས་ཕྱིར་ཕྱོགས་པར་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་བས་ན། ཏིང་ངེ་འཛིན་གསུམ་དང་། དཀྱིལ་འཁོར་བསྐྱེད་བསྟིམ་སོགས་རེ་རེ་ནས་དམིགས་ཐུན་སོ་སོར་གཅོད་པ་དང་། རྫོགས་སྨིན་སྦྱང་གསུམ་བརྩི་ཞིང་གཞི་འབྲས་སྦྲེལ་བའི་ང་རྒྱལ་སྒོམ་པ་རྣམས་དོར་ནས། སྐབས་འདིར་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་གྱི་རྣལ་འབྱོར་བསྡུས་ལ་གནད་འདྲིལ་བ་འདི་ལྟར་བསྒོམ་སྟེ། དེའང་རྒྱུ་ཏིང་ངེ་འཛིན་གསུམ་བསྒོམས་རྗེས། འབྲས་བུ་དཀྱིལ་འཁོར་བསྐྱེད་པ་ལ་སྲུང་འཁོར་གྱི་དབུས་སུ། རྟེན་གཞལ་ཡས་ཁང་སྒོམ་མམ། མི་སྒོམ་ན་སྲུང་འཁོར་གྱི་ནང་དུ་སྟེ། ཆོ་ག་གསུམ་བསྐྱེད་ཀྱིས་དམ་ཚིག་པ་བསྐྱེད་རློབ་དྲང་བསྟིམ་བྱས་རྗེས། ལྷའི་གསལ་སྣང་ཁོ་ན་ལ་སེམས་ཟིན་པ་གཙོ་བོར་འདོན་ཅིང་དེའང་ཞུ་བདེས་དྲངས་པའི་བདེ་བའི་ངང་ནས་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ། དེ་ལས་གཞན་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསླབ། དེས་སྐྱོ་ན་རགས་ཕྲའི་རླུང་བཟླས་གང་རུང་ལ་གཙོ་བོར་དྲིལ་ཞིང་ངག་བཟླས་ཀྱང་ཅུང་ཟད་བྱས་ལ། ལྷ་སྐུ་འོད་གསལ་དུ་བསྡུ་ཞིང་། དེ་ལས་ལངས་ཏེ་བསྔོ་བ་བྱ་བ་ཡིན་ནོ། །གསུམ་པ་ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཁྲིད་ལ་གསུམ་སྟེ། གནས་ལུགས་གཏན་ལ་འབེབས་པ་ལྟ་བས་ཐག་གཅོད་པའི་ཁྲིད། མཉམ་གཞག་ཏུ་སྒོམ་པས་ཉམས་སུ་བླང་བའི་ཁྲིད། དེ་རྗེས་ཐོབ་ཏུ་སྤྱོད་པས་སྐྱོང་བའི་ཁྲིད་དང་གསུམ་ལས། དང་པོ་ནི། སུམ་པ་རྫོགས་པའི་རིམ་པ་ལ༔ དང་པོ་ལྟ་བའི་གཟེར་ཐེབས་གཅེས༔ ཞེས་པས་དང་པོ་ལྟ་བས་ཐག་གཅོད་པའི་ཁྲིད་སྟོན། དེ་ལ་གཉིས་ཏེ། ཕྱི་གཟུང་ཡུལ་གཏན་ལ་འབེབས་པ་དང་། ནང་འཛིན་སེམས་གཏན་ལ་འབེབས་པའོ། །དང་པོ་ནི། སྣང་བ་སྒྱུ་མ་ལྟ་བུར་བལྟ༔ ཞེས་པས། རང་གཞན་སྣོད་བཅུད་དུ་སྣང་བའི་དངོས་པོ་ཐམས་ཅད་ལ་སེམས་གཏད་ནས། ག་རེ་འདི་ཐམས་ཅད་སྣང་བ་ལྟར་བདེན་བདེན་འདྲ་བར་འདུག་ཀྱང་། རང་གི་སེམས་ཀྱི་འཁྲུལ་སྣང་ལས་དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས། འདི་དག་སྣང་ནི་སྣང་། བདེན་ནི་མི་བདེན། སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པ་ཤུགས་དྲག་པོས་སྦྱངས་ཏེ། སྣང་བ་ཐམས་ཅད་སང་སེང་། འལ་འོལ་ཙམ་དུ་བལྟ། དེ་རྗེས་སྒྱུ་མ་ལྟ་བུ་ཡིན། བདེན་པར་མེད་དོ་སྙམ་པའི་བློ་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། སྣང་བ་མ་འགགས་ལ་དེར་འཛིན་གྱི་བློའི་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་དུ་རྗེན་སང་གིས་འཆར་བས། གང་ཤར་དེ་ལ་བཅས་བཅོས་མི་བྱ་བར། དེ་ཀའི་ངང་ལ་ལྷོད་ཀྱིས་གློད་ནས་མཉམ་པར་འཇོག་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང་། །སྨིག་རྒྱུ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། ཡུམ་ལས། ལྷའི་བུ་དག །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་པས་འདི་ལྟར་སྣང་བ་ཐམས་ཅད་རང་སྣང་རིས་མེད་སྒྱུ་མ་ལྟ་བུའི་ཡེ་ཤེས་སུ་ཐག་བཅད་དོ། །གཉིས་པ་ནང་འཛིན་སེམས་གཏན་ལ་འབེབ་པ་ནི། སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ ཞེས་པ་སྟེ། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་ནི། སེམས་མ་སྒྲིམ། མ་གློད། གང་ཡང་ཡིད་ལ་མི་བྱེད་པར། རིག་པ་མ་བཅོས་སོ་མར་ཙེན་གྱིས་འཇོག་ཏུ་བཅུག་ལ། ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རང་གི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས། བལྟ་བྱ་དང་ལྟ་བྱེད། མྱང་བྱ་དང་མྱོང་བྱེད། ཡུལ་དང་ཡུལ་ཅན་སོགས་གཟུང་འཛིན་ཐམས་ཅད་དང་བྲལ་བའི་ཡུལ་མེད་རང་གསལ་སྤྲོས་པའི་མཐའ་དང་བྲལ་བ་ཞིག་འཆར་བས། དེ་ཀའི་སྟེང་དུ་མ་བཅོས། མ་བསླད་མ་བསྒྱུར་བར་སོ་ཁད་དེ་མཉམ་པར་འཇོག་ཏུ་བཅུག །དེ་ནི་དབང་རབ་ཀྱིས་སྒོམ་ཚུལ་ཏེ་རིག་པ་སྤྱི་བླུགས་སུ་འཇོག་པའོ། །གང་ཟག་ཕལ་ཆེ་བ་ཞིག་རྣམ་རྟོག་གིས་དཀྲུགས་ནས་དེ་ལ་ངོ་འཕྲོད་པ་དཀའ་བས། རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བར་བྱ་སྟེ། དེའང་རིག་པ་སྤྱི་བླུགས་སུ་བཞག་པས། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་གྱ་གྱུ། ཐལ་ཐོལ་དུ་འཕྲོ་ན། རྣམ་རྟོག་ཐོལ་གྱིས་སྐྱེས་པ་དེ་ཀ །དང་པོ་གང་ནས་སྐྱེས། ད་ལྟ་གང་ན་གནས། ཐ་མར་གང་དུ་འགག །རྐྱང་འདེད་ཀྱིས་བལྟ། དེར་མ་ཟད་ཡར་འཚང་རྒྱ་མཁན་དང་། མར་འཁོར་བར་འཁྱམས་མཁན་སོགས་བདེ་སྡུག་གི་བྱེད་པ་པོ་དེ་གང་ཡིན། དེ་སེམས་ཡིན་པར་འདུག་སྙམ་ན། སེམས་དེ་ལ་ཐོག་མ་དང་། ཐ་མ་དང་། བར་མ་གསུམ་ཨེ་འདུག །སེམས་ཁོ་རང་དངོས་པོའམ། དངོས་མེད་གང་། དངོས་ཡོད་ཡིན་ན་དབྱིབས་ཁ་དོག་སོགས་ཅི་འདྲ། དངོས་མེད་དོ་སྙམ་ན། ཅང་མེད་ཅིག་འདུག་གམ་ཅི་འདྲ་ཞེས་ཡང་ཡང་དྲི་ཞིང་བྱ་མ་ཤོར་བར་བྱས་ལ་བལྟར་བཅུག་པས། དངོས་པོ་འདི་འདྲ་ཞིག་འདུག་ཅེས་བདེན་འཛིན་ལ་ཨ་འཐས་པ་དང་། ཅང་མེད་སྟོང་པར་འདུག་ཅེས་ཚོད་དཔོགས་དང་། མ་རྙེད་པས་ཡེ་ནས་མེད་པ་ཞིག་གམ་ཡོད་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཨེ་ཡིན་སྙམ་དུ་བློ་ཐག་མ་ཆོད་ན་ད་དུང་འཚོལ་དུ་བཅུག་སྟེ་དྲི་བར་བྱ། བལྟ་བྱ་ལྟ་བྱེད། མཐོང་བྱ་དང་མཐོང་བྱེད་སོགས་གང་ཡང་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པ། ནམ་མཁའི་དབྱིངས་ལ་བལྟས་པས་ཅི་ཡང་མ་མཐོང་བ་འདྲ་བར། སྣང་རིག་འདི་ཀ་ངོ་བོ་ངོས་བཟུང་དང་བྲལ་བ། རྗེན་ནེ་བ་སྨྲ་མི་ཤེས། བསམ་མི་ཤེས། མཐོང་མི་ཤེས་པར་སྟོང་གསལ་ཡུལ་མེད་ཀྱི་རིག་པ་གཅེར་བུ་ལྷིང་པ་ཞིག་འཆར་ན། ཁྲིད་ཆུད་པ་ཡིན་ན་དེ་ཀའི་ངང་དུ་བསལ་བཞག་མེད་པར་བསྐྱང་བར་བྱ་སྟེ། ཀུན་བྱེད་ལས། སེམས་ཀྱིས་སེམས་ལ་བལྟ་རུ་མེད་པའི་ཕྱིར། །བལྟས་པས་མི་མཐོང་ཇི་བཞིན་ཉིད་དུ་ཞོག །ཅེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཇི་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ༔ སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ༔ ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས༔ དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན༔ ཞེས་གསུངས་སོ། །དེ་ཡང་མཉམ་གཞག་ཏུ་རིག་སྟོང་རྗེན་པའི་ཡེ་ཤེས་ལ་ཞེན་འཛིན་གྱིས་མ་བསླད་པར་རང་གསལ་རྒྱ་ཡན་དུ་སློད་ཅིང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་རམ་རྨི་ལམ་གྱི་སྣང་བ་ལྟར་གསལ་སྟོང་འཛིན་མེད་དུ་ཐག་བཅད་དེ་ལམ་དུ་ཁྱེར་བས། མཉམ་གཞག་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཀ་རྩལ་སྣང་མ་འགག་པའི་རོལ་པར་ཤར་ནས་ཡུལ་སྣང་ཐམས་ཅད་མེད་བཞིན་དུ་སྣང་བར་ཐག་ཆོད། དེ་ཀ་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་འཇུག་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་སམ་དངོས་པོའི་གནས་ལུགས་ཡིན་པས། སེམས་ཅན་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་ཀྱང་། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཀྱི་སེམས་མ་འགགས་པར་འཆར་ལ་ཤར་ཙམ་ནས་ཆེད་འཛིན་མེད་པར་གཤིས་འཛིན་མེད་དུ་ཁྲོལ་ལེ་བསྐྱུར་ཏེ་བསྐྱང་བར་བྱའོ། །དེ་ལྟར་མཉམ་རྗེས་དབྱེར་མེད་དུ་བསྲེས་པ་དེས་གང་ཤར་རང་གྲོལ་མངོན་དུ་གྱུར་ནས་རྣམ་རྟོག་སྒོམ་གྱི་གྲོགས་སུ་ཤར་ན་ལེགས། གལ་ཏེ་རྣམ་རྟོག་གིས་གནོད་ན་འགྱུ་དྲན་གྱི་རྟོག་པ་གང་ཤར་དེ་ཀ་ལ་ཅེར་ཅེར་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་དུ་ཡལ་ཏེ། རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཐག་ཆོད་པ་སྐྱེ་བས། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ཡིན་ཞེས་དམ་པ་རྣམས་ཀྱི་ཞལ་ལས་ཐོས་སོ། །གཉིས་པ་མཉམ་གཞག་ཏུ་སྒོམ་པས་ཉམས་སུ་བླང་བའི་ཁྲིད་ནི། དེ་ལྟར་གཏན་ལ་ཕེབས་པ་ན༔ བདེ་དང་གསལ་དང་མི་རྟོག་བསྒོམ༔ ཞེས་པས་ཕྱི་རོལ་སྣ་ཚོགས་སུ་སྣང་བའི་ཡུལ་རྣམས་རང་སྣང་རིས་མེད་གསལ་སྟོང་ཞེན་བྲལ་ནམ་མཁའ་ལྟར་མཉམ་པར་གཏན་ལ་ཕེབས་པ་དང་། ནང་ཡུལ་དང་ཡུལ་ཅན་དུ་འཇལ་བྱེད་ཀྱི་སེམས་ཀྱི་རང་བཞིན་ལ་བརྟགས་ཤིང་དཔྱད་པས་ངོ་བོ་གང་དུའང་མ་གྲུབ་ཅིང་། མཐའ་གང་དུའང་མ་རེག་པའི་རྩ་བྲལ་སྟོང་པ་ཉིད་དུ་གཏན་ལ་ཕེབས་ནས་སྒོམ་པ་ལ་འཇུག་སྟེ། དེ་ལ་གསུམ། བདེ་བ་སྒོམ་པ། གསལ་བ་སྒོམ་པ། མི་རྟོག་པ་སྒོམ་པའི་ཁྲིད་དོ། །དེ་གསུམ་རང་རང་གི་བྱེད་ལས་ནི། སྦྱང་གཞི་ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གདོད་མ་ནས་རང་ལ་བཞུགས་པ་དེ། སྦྱོང་བྱེད་གནས་ལུགས་དང་རྗེས་སུ་མཐུན་པའི་ཐབས་ཀྱི་ལམ་བདེ་གསལ་མི་རྟོག་པ་གསུམ་བསྒོམས་པས། སྦྱང་བྱ་ཆགས་སྡང་རྨོངས་གསུམ་གྱིས་བསྡུས་པའི་སྒྲིབ་པ་ཕྲ་རགས་རྣམས་མ་སྤངས་མ་བསྒྱུར་བར་རང་སངས་ཀྱིས་དག་ནས། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་བདེ་གསལ་རྣམ་པར་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སུ་གྲོལ་ཏེ་སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མངོན་དུ་བྱེད་པའོ། །དེ་ལ་དང་པོ་བདེ་བ་སྒོམ་པའི་ཁྲིད་ལ་གཉིས་ཀྱི། དང་པོ་ལམ་སེལ་གྱི་གནད་རྩ་རླུང་སྦྱོང་བ་ནི། རང་ལུས་ལྷ་སྐུ་གཞའ་ཚོན་བཞིན༔ གསལ་བའི་དབུས་སུ་དྷཱུ་ཏི་ནི༔ མཚན་ཉིད་བཞི་ལྡན་གཡས་གཡོན་དུ༔ རོ་རྐྱང་རྡུལ་ཟླས་གང་བ་ཅན༔ མར་སྣེ་དྷཱུ་ཏིར་ཚུད་པར་བལྟ༔ ཞེས་པས་ལུས་གནད་རྐང་པ་རྡོར་སྐྱིལ་བྱས་ལ། རྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་པུས་མོ་ལ་བཀབ། ལྟ་སྟངས་ཐད་ཀ་ལས་ཅུང་ཟད་སྨིན་མཚམས་སུ་བལྟ། ལྷག་མ་སྤྱི་དང་མཐུན། རང་ཐ་མལ་གྱི་ལུས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྦྱངས་ཏེ་མི་དམིགས་པ་ལས། རང་ལུས་ཕྱི་དབྱིབས་རྡོ་རྗེ་སེམས་དཔའ་འཇའ་ཚོན་ལྟ་བུའི་སྐུ་ཅན། ནང་ཁོང་སྟོང་དྭངས་གསལ་སྒྲིབ་ཐོགས་མེད་པའི་རྣམ་པ་ཅན་ལ་སེམས་གཏད་དེ་བསྒོམ། དེ་གསལ་བ་དང་ལུས་ཀྱི་ནང་རྒྱབ་ཕྱོགས་ལ་ཅུང་ཟད་ཉེ་བའི་དབུས་དྲང་པོར་རྩ་ཨ་བ་དྷཱུ་ཏི་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་ཞིང་རང་འོད་འཕྲོ་བ། རྒྱ་སྐྱེགས་ཀྱི་ཁུ་བས་བཙོས་པ་ལྟར་མདོག་དམར་བ། པདྨའི་སྣལ་མ་ལྟར་ཤིན་ཏུ་སྲབ་ཅིང་དྭངས་པ་སྟེ། མཚན་ཉིད་བཞི་དང་ལྡན་པ། སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། ཡར་སྣ་ཚངས་བུག་ལ་རེག་ཅིང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གནས་པ། དེའི་གཡས་སུ་རོ་མ་དམར་པོ་རྡུལ་གྱིས་གང་བ་དང་། གཡོན་དུ་རྐྱང་མ་དཀར་པོ་ཟླ་བས་གང་བ་གཉིས་དབུ་མ་ལས་བཞི་འགྱུར་གྱིས་ཕྲ་བ། ཡར་རྩེ་གུག་པ་སྨིན་མཚམས་སུ་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང་། དེ་གཉིས་དབུ་མ་དང་ལྷན་ཅིག་སུམ་གཤིབས་སུ་སོང་བའི་མར་སྣ་གཉིས་དབུ་མ་ལས་ཅུང་ཟད་རིང་བ་མར་སོང་སྟེ་དབུ་མའི་ནང་དུ་ཚུད་པར་བསམས་ལ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པར་མོས་ཏེ་རླུང་རོ་དལ་ལ་རིང་བ་གསུམ་བསལ། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་རླུང་གི་རྣམ་པར་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་སོང་བ་ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་པར་མོས་ལ་སྟེང་རླུང་རན་པར་རྔུབས་ཏེ། ལྟེ་འོག་ཏུ་ཁ་སྦྱོར་རང་བབས་འཇམ་ཞིང་རན་པར་བཟུང་ལ་དམིགས་པའང་དབུ་མའི་ནང་ཉིད་ལ་གཏད། ཅུང་ཟད་མི་བདེ་ན་གཞིལ་བར་བྱ་ཞིང་། མི་ཐུབ་པ་ན་སྣ་བུག་གཉིས་ནས་དལ་བུས་སྤུ་མི་འགུལ་བའི་ཚོད་ཙམ་དུ་སང་གིས་གཏོང་། དེ་ལྟར་རླུང་སྦྱོར་བ་བཞི་ལྡན་ལ་སློབ་སྟེ། གོང་དུ་བཟླས་པའི་སྐབས་སུ་ཕྲ་བའི་རྡོར་བཟླས་ཀྱིས་རྩ་ལམ་འབྱོངས་ཤིང་། རགས་པའི་རྡོར་བཟླས་ཀྱིས་བུམ་ཅན་གྲུབ་ཟིན་ན་འདིར་ཞག་རེ་གཉིས་བསྒོམས་པས་ཆོག །སྔར་མ་འབྱོངས་ན་སྐབས་འདིར་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་སྦྱང་དགོས་ཤིང་། དེ་དག་གི་ཐུན་མཚམས་རྣམས་སུ་ལུས་སྦྱོང་རེ་ཡང་བྱ་སྟེ། ལུས་གནད་སྔར་ལྟར་ལས་བུམ་ཅན་དྲག་ཏུ་འཆིང་། སྟེང་རླུང་རྔུབ་ཆུང་གིས་མནན་པ་དང་བསྟུན། དང་པོ་ལག་གཉིས་དཔུང་སྟེང་རྡེག །གཉིས་པ་རྐང་རྟིང་དཔྱི་མགོར་རྡེག །གསུམ་པ་རོ་སྟོད་གཅུ་ཞིང་སྤྲུག །བཞི་པ་མགོ་བསྐོར་ཕྱོགས་བཞིར་འཕང་། །ལྔ་པ་ཁ་ནས་སྒྲ་དང་བཅས། །རླུང་སྟོང་ལུས་ནང་བཤལ་བ་ལྟར། །སྒོམ་ཞིང་འབེབས་བྱ་ཡན་ལག་སྤྲུག །ཅེས་པ་ལྟར་རོ། །གཉིས་པ་བདེ་བ་བསྒོམ་པ་དངོས་ལ་གསུམ་སྟེ། གཏུམ་མོ་སྦར་བ། དེས་ཞུ་བདེ་སྒྲུབ་པ། བདེ་དྲོད་ཀ་དག་ཏུ་བསྲེ་བའོ། །དང་པོ་ནི། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་ལ༔ ཧཾ་ཨོཾ་ཧཱུྃ་དང་ཨ་ཡིག་བསྒོམ༔ སྟེང་མནན་འོག་རླུང་གསུམ་དུ་དྲག༔ རོ་རྐྱང་ལས་བྱུང་རླུང་གིས་ཨ༔ སོལ་མེ་བུས་བཞིན་འབར་བར་བསམ༔ ཞེས་པས། ལུས་གནད་མེ་ཐབ་གྲུ་འཆིངས་བཅས་ལ། རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་སྔར་ལྟར་གསལ་བཏབ། དེ་ལྟར་རྩ་གསུམ་སུམ་གཤིབས་སུ་ཡོད་པ་ལས། ལྟེ་ཁུང་གི་ཐད་དང་སྙིང་གའི་ཐད་དང་། མགྲིན་པའི་དཔུང་པ་སྐྱེ་མཚམས་ཀྱི་ཐད་དང་། སྤྱི་བོའི་དབུ་མའི་ཡར་སྣ་དང་མར་རྩེ་སོར་གཉིས་ཙམ་གཞལ་བའི་ཐད་རྣམས་སུ་རོ་རྐྱང་གཉིས་དབུ་མ་ལ་ཐིམ་པ་ལྟར་ནང་ཁོང་འབྲེལ་བ། དེ་ལས་འཁོར་ལོའི་རྩ་འདབ་རྣམས་སྦུ་གུ་སང་ངེ་བའི་རྣམ་པ་ཅན་སྐྱེས་པ་སྟེ། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཁ་མར་ལྟ་གདུགས་རྩིབས་ལྟ་བུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཡར་ལྟ་གདུགས་འདེགས་ལྟ་བུ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་མར་ལྟ་གདུགས་རྩིབས་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་གདུགས་རྩིབས་གན་རྐྱལ་དུ་གནས་པ་ལྟ་བུ། རྩ་འདབ་དེ་ཐམས་ཅད་ཀྱང་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། སྤྱི་བོའི་འཁོར་ལོའི་སྟེང་རྩ་དབུ་མའི་ཡས་སྣའི་ནང་དུ་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་ཡིག་དཀར་པོ་བདེ་བའི་རང་བཞིན་ཞུ་ལ་ཁད་པ། མགྲིན་པའི་འཁོར་ལོའི་ལྟེ་བར་མཁའ་འགྲོ་མ་རྔམས་མའི་ཐིག་ལེ་ཨོཾ་ཡིག་སེར་པོ། སྙིང་གར་ཡེ་ཤེས་སྙིང་པོའི་ཐིག་ལེ་ཧཱུྃ་ཡིག་མཐིང་ག་འོད་ལྔའི་གོང་བུ་ཅན། ལྟེ་བར་ཀུན་ཏུ་བཟང་མོ་ཉི་མའི་ཐིག་ལེ་ཨ་ཡིག་དམར་པོ་འབར་ལ་ཁད་པ་རྣམས་གསལ་བཏབ། ཡང་འདི་དང་ཞུ་བདེ་སྒོམ་པའི་ཚེ། དམིགས་པ་བསྡུས་པ་ལ་དགའ་ན། འཁོར་ལོ་བཞིའི་རྩ་འདབ་རྣམས་མ་བསྒོམས་པར་དེ་དང་དེའི་ཐད་ཀྱི་དབུ་མའི་ནང་དུ་ཐིག་ལེ་བཞི་པོ་བསྒོམས་ཀྱང་གནད་འདྲ་སྟེ། དབུ་མ་ཉིད་འཁོར་ལོ་བཞི་ཀའི་ལྟེ་བ་ཡིན་པའི་ཕྱིར། དེར་བསྒོམས་པས་དོན་འཁོར་ལོ་བཞི་ཀ་ཚང་བར་འགྱུར་བ་ཡིན་ནོ། །དེ་ལྟར་དམིགས་པ་རྒྱས་བསྡུས་གང་བསྒོམས་ཀྱང་རུང་སྟེ། དམིགས་པའི་གཞི་དེ་ལྟར་གསལ་ཐེབས་པ་ན། རླུང་རོ་བསལ་ཏེ། རླུང་ཤར་གྱིས་དྲངས་ལ་ལྟེ་འོག་ཏུ་བསྐྱུར་ཐབས་སུ་མནན། དེ་དང་མཉམ་དུ་འོག་རླུང་དྲག་ཏུ་དྲངས་ཏེ་ལྟེ་བར་ཁ་སྦྱོར་དུ་བཟུང་། ཅུང་ཟད་མི་བདེ་ཚེ་སླར་རྔུབ་ཆུང་བྱས་ཏེ། ལྟེ་བའི་གནས་སུ་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ནས་བཟུང་། མི་ཐུབ་པ་ན་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་། དེ་མ་ཐག་རྔུབས་ཏེ། རླུང་མ་གོམས་བར་བུམ་ཅན་སྦྱོར་བ་བཞི་ལྡན་དེ་དང་འདྲ་བ་ཚར་བཞིའམ། བརྒྱད་ལྟ་བུ་བཏུད་མར་བསྒོམས་ནས་བཞི་ཚན་གཅིག་གཉིས་གསུམ་བཞི་སོགས་ཀྱི་མཚམས་རྣམས་སུ་ངལ་གསོ་བ་ལས་གང་འདོད་དུ་མི་བཞག །ངལ་བསོའང་ཡུན་རིང་ན་དྲོད་མི་སྐྱེ་བས་ཐུང་བར་བྱ། དམིགས་པ་ནི། སྟེང་རླུང་རྔུབས་པ་སྣ་སྒོ་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་ནས་ལྟེ་འོག་རྩ་གསུམ་འདུས་མདོར་སླེབ། འོག་རླུང་བསྐུམས་པས་བཤང་སྒོ་ནས་རླུང་མདུང་ཚུགས་སུ་ལངས་པ་དབུ་མའི་སྣར་ཚུད་དེ། རོ་རྐྱང་ཐུར་སེལ་གྱི་རླུང་གསུམ་འདུས་པ་ལྟེ་བའི་ཨ་ཡིག་ལ་ཕོག །སོལ་མེ་ངར་མ་བུས་པ་ལྟར་མེ་ལྕེ་ཤིན་ཏུ་ཕྲ་ཞིང་རྣོ་བ་སྤུ་ཤད་དམར་པོ་ལྟར། ཕྲ་ལ་གསལ་བ། འཚེར་བ། མཁྲང་བ། རྩེ་མོ་འབར་ཞིང་འཁྱུག་པ། རིང་ཐུང་སོར་གང་ནས་སོར་བཞི་ཙམ་གྱི་བར་ཇེ་རིང་དུ་འབར་བ་ལ་སེམས་གཏད་དེ། སྤྲོས་པ་གཞན་སྤངས་ནས་འདི་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ། དེ་ལ་དམིགས་པ་བརྟན་པར་གྱུར་པ་ན། མེ་དེའི་འོད་ཀྱིས་ལྟེ་བའི་རྩ་འཁོར་ཐམས་ཅད་གང་བས་ལྟེ་བ་མན་ཆད་ལུས་ནང་དུ་དམར་ལྷག་ལྷག་དང་། ཚ་འུར་འུར་བྱུང་བར་བསམ། དེ་བཞིན་དུ་མེ་དེ་དབུ་མའི་ནང་ནས་ཡར་ཁྱུར་གྱིས་ཞུགས་ཏེ། སྙིང་ག་དང་། མགྲིན་པའི་འཁོར་ལོའི་ཡི་གེ་གཉིས་ཀྱང་འོད་དུ་འབར་བས་རྩ་འཁོར་ཐམས་ཅད་ཁེངས། དེ་ལས་ཀྱང་ཡར་སོང་བའི་མེ་ལྕེ་སྤྱི་བོའི་འཁོར་ལོ་ལ་རེག་པ་ཙམ་དུ་བསམ་ཞིང་། དེར་མ་ཟད་འཁོར་ལོ་བཞིའི་འོད་ཀྱིས་བ་སྤུའི་ཁུང་བུའི་བར་ཐམས་ཅད་ཀྱང་གང་སྟེ་དམར་ལྷག་གི་ཁྱབ་པས། ལུས་ནང་ཚ་འུར་གྱིས་བྱུང་བར་བསམ། དེས་མེ་ལྕེ་ཕྲ་ཞིང་དྭངས་པ་ཟངས་ཁབ་ལྟ་བུ་དམར་ཕྲེང་གིས་འབར་བ་ལ་ཤེས་པ་གཏད། དེ་ལྟར་ཉིན་མཚན་གཉིས་ལ་སྔ་ཐུན་རེ་དང་ཕྱི་ཐུན་གཉིས་གཉིས་ཏེ་ཐུན་དྲུག་ཏུ་བཅད་ལ་བརྩོན་འགྲུས་དྲག་པོས་བསྒོམ། མཚན་མོ་ཉལ་དུས་ལུས་གནད་རབ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བར་བྱས་ལ། གློ་གཡས་འོག་ཏུ་བཅུག །པུས་བྲང་སྦྱར་བའི་ལུས་སུམ་བལྟབ་ཏུ་ཉལ། དེ་གསུམ་གང་བྱས་ཀྱང་པུས་འཁྱུད་ཀྱང་མི་གཡོ་བར་བསྡམ། ལག་པ་མདུན་གྱི་ནང་དུ་བསྣོལ་ནས་མཐིལ་གཉིས་མཁལ་ཁུང་གཡས་གཡོན་ལ་བཀབ། ལྟེ་བའི་ཨ་ཡིག་མེ་འབར་བ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། འདིས་གཉིད་ཀྱི་འོད་གསལ་ཟིན་པ་དང་། ཉིན་བར་གཏུམ་མོ་སྒོམ་པའི་རྒྱུན་དེ་མཚན་མོ་བསྲེས་པས་དྲོད་མི་ཡལ་བའི་དགོས་པ་ཡོད། དེ་ལྟར་གཏུམ་མོ་སྒོམ་པའི་ཐུན་མཚམས་རྣམས་སུ་སྔར་བཤད་པའི་ལུས་སྦྱོང་དེ་ཚར་ཅི་རིགས་སྔོན་དུ་འགྲོ་བས། གཙོ་བོར་རླུང་བུམ་ཅན་བཟུང་ཞིང་མེ་དམིགས་ལ་ཤེས་པ་གཏད་ལ་རྩུབ་ཤིང་རྩུབ་རྟེན་གྱི་འཁྲུལ་འཁོར་ཁོ་ན་ལ་རྩེ་གཅིག་ཏུ་འབད། ལུས་ལ་རྔུལ་བྱུང་ན་དྲོད་འཆོར་བས། གོས་སྲབ་ཏུ་གཏོང་། དེས་ཀྱང་མ་ཕན་ན་ཐོ་རེངས་ཀྱི་དྲི་ཆུ་རྫ་སོ་མར་གྲང་དུ་བཅུག་པས་ལུས་བཀྲུ་ཞིང་གཅི་ཐལ་འཇམ་པོས་ཀྱང་བྱུག །དམིགས་པ་ཕྱིར་ཤོར་བ་དང་། ངལ་བསོ་ཡུན་རིང་བ། ཁམས་ཉམས་པ། མེ་དང་ཉི་མ་ལ་འདུག་པ། གོས་འཐུག་པ། ཟས་ལན་ཚྭ་ཆེས་པ། ཉིན་མོ་གཉིད་དང་ཉལ་བ་རྣམས་སྤང་ཞིང། རྩོལ་བ་ཞན་ན་འབྱོངས་དུས་མི་འོང་བས་བརྩོན་འགྲུས་དྲག་པོས་བསྒོམ། ཐོག་མར་དྲོད་སྙིང་ག་དང་ཕྱིར་བྱུང་ན་ངན་པས་སྲིན་ཞལ་འབྱེད་འཛུམ་མང་པོ་དང་། ལྟེ་བར་ཁ་སྦྱོར་དྲག་པོ་བསྒོམས་པས་དྲོད་གནས་སུ་སྡུད་ཅིང་ཕེབས་པར་འགྱུར་རོ། །གཉིས་པ་ཞུ་བདེ་སྒྲུབ་པ་ལ་གཉིས་ཏེ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་གིས་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གིས་བདེ་བ་སྒྲུབ་པའོ། །དང་པོ་ལའང་བདེ་བ་དབབ་པ། དེ་རྩོལ་མེད་དུ་གནས་པའི་ཐབས། ལྡོག་དགྲམ་གྱི་གནད་ཀྱིས་འཛག་མེད་དུ་སྒྲུབ་པའོ། །དང་པོ་ནི། དེ་ཡིས་སྙིང་གའི་ཧཱུྃ་ཡིག་ཞུ༔ དབུ་མ་བརྒྱུད་ནས་ཨ་ལ་བབས༔ འོག་རླུང་འཐེན་པའི་སྦྱོར་བ་ཡིས༔ ལྟེ་བའི་ཨ་བསྐུལ་སྙིང་ག་མན༔ བདེ་བས་གང་བསམ་མགྲིན་པ་ཡི༔ ཨོཾ་ལ་སྔར་བཞིན་འབར་འཛག་བྱ༔ དེར་ཡང་བདེ་བ་བརྟན་པ་ན༔ ཨོཾ་ཞུ་ལྟེ་བའི་ཨ་ལ་ཐིམ༔ སྤྱི་བོའི་ཧཾ་ལ་འབར་འཛག་བྱ༔ སྤྱི་བོ་མན་ཆད་ལུས་ཀུན་གང༔ ཞེས་པས་སྔར་གྱི་གཏུམ་མོས་དྲོད་སྐྱེས་མཚམས་ནས། ལུས་གནད་ཆོས་བདུན་བཅའ། དམིགས་པ་འཁོར་ལོ་བཞིའི་ལྟེ་བ་དབུ་མའི་ནང་དུ་ཡི་གེ་བཞི་པོ་སྔར་ལས་ཀྱང་གསལ་བར་བསྒོམ། དེ་གསལ་ཐེབས་པ་དང་བུམ་ཅན་དྲག་པོ་བཞི་སྦྱོར་གྱིས་ལྟེ་བའི་ཨ་ཡིག་སྦར་བའི་མེས་སྙིང་གའི་ཧཱུཾ་ཡིག་ལས་བྱང་སེམས་བ་ཐག་གམ་མུ་ཏིག་ལྟར་བདེ་ཁྲིལ་ལེ་བྱུང་བ་ལྟེ་བའི་ཨ་ལ་བབས་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་མེ་ཆེར་འབར། དེས་བཞུ་བའི་དྭངས་མས་སྙིང་ག་མན་ཆད་གང་བ་ལས་བདེ་བའི་རོས་ཁྱབ་པར་བསམས་ལ། དེའི་ངང་བསྐྱང་ཞིང་མཉམ་པར་བཞག །དེར་བདེ་བ་བརྟན་པ་ན། འོག་རླུང་འཐེན་པའི་སྦྱོར་བས་སྙིང་གའི་ཧཱུྃ་ཡིག་ལྟེམ་གྱིས་ཞུ་སྟེ་ལྟེ་བའི་ཨ་ལ་བསྟིམ། མེ་ལྕེ་ཇེ་རིང་དུ་འབར་བས་མགྲིན་པའི་ཨོཾ་ལས་བྱང་སེམས་ཞུ་བ་ལྟེ་བའི་ཨ་ལ་བབས་པའི་འབར་འཛག་སྔར་བཞིན་བསྒོམས་པས་མགྲིན་པ་མན་ཆད་དྭངས་མས་གང་བའི་བདེ་བ་ལ་མཉམ་པར་བཞག །དེ་བརྟན་པ་དང་སྔར་བཞིན་ཨོཾ་ཡིག་ཞུ་བ་ལྟེ་བའི་ཨ་ལ་བསྟིམ་སྟེ། མེ་ལྕེ་ཇེ་རིང་དུ་འབར་བས་སྤྱི་བོའི་ཧཾ་ལས་འབར་འཛག་བྱ་ཞིང་། སྤྱི་བོ་མན་ཆད་ལུས་མགོ་མཇུག་མེད་པ་ཐམས་ཅད་དྭངས་མས་གང་བའི་བདེ་བ་ལ་མཉམ་པར་བཞག་གོ །གཉིས་པ་དེ་རྩོལ་མེད་དུ་གནས་པའི་ཐབས་ནི། བདེ་བར་ཤར་ཚེ་ཧཾ་ཡིག་ལས༔ བབས་པའི་ཐིག་ལེ་གསང་གནས་བར༔ ཤར་རེ་བདེ་བར་བྲེང་ངེ་བསྒོམ༔ བདེ་བའི་ངང་ལ་ཅི་གནས་བཞག༔ ཅེས་པས་བདེ་བ་དབབ་པའི་ཐབས་ཀྱིས་ལུས་ཀུན་དྭངས་མས་གང་བའི་བདེ་བ་རང་ཤར་བའི་ཚེ། དེ་ཉིད་རྩོལ་མེད་ཡུན་དུ་གནས་པའི་ཐབས་སྤྱི་བོའི་ཧཾ་ནས་དབུ་མའི་ལམ་བརྒྱུད་གསང་གནས་ཀྱི་བར་བྱང་སེམས་ཀྱི་རྒྱུན་དར་དཀར་གྱི་སྐུད་པ་བཞིན་དུ་སྐྱ་བྲེང་ངེ་གནས་པར་བསམས་ལ། དེའི་བདེ་བའི་ངང་མདངས་ལ་སེམས་རྩེ་གཅིག་ཏུ་བཟུང་ངོ་། །གསུམ་པ་ལྡོག་དགྲམ་གྱི་གནད་ཀྱིས་འཛག་མེད་དུ་སྒྲུབ་པ་ནི། སླར་ཡང་ཧཱུྃ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ ཞེས་པས་བྱང་སེམས་དྭངས་མ་ཐེམ་མེར་བབས་པ་ན་བདེ་བ་ངང་གིས་སྐྱེ་བར་འགྱུར་བས། དེའི་ཚེ་བདེ་བ་རྒྱས་པས་བྱང་སེམས་འཕོ་བ་འདྲ་ན། ལྟོ་བ་ཚིག་པ་ལ་གཅེར། ཉྭ་བཞི་བསྒྲིམས་ཤིང་རྐང་ལག་གི་སོར་མོ་དྲག་ཏུ་བསྐུམ། ལྕེ་ཡ་རྐན་ལ་གཏད། མིག་བགྲད་དེ་གྱེན་དུ་ལྡོག །ངག་ཏུ་ཧཱུྃ་དྲག་པོས་གྱེན་དུ་འདྲེན་པར་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། རྒྱ་མཚོ་རི་རབ་ལོག་ལ་སྐམ། །གླིང་བཞི་དབང་དུ་བསྡུ་བ་དང་། །རོ་འཛིན་ངག་གི་གནས་སུ་སྦྱར། །དབང་པོའི་མཆོག་ནི་སྟེང་དུ་བཞག །ངག་སྟོབས་ཧཱུྃ་དྲག་རིང་དུ་དྲང། །ཞེས་སོ། །རླུང་གནད་ནི། འོག་སྒོ་དྲག་ཏུ་གློད་ཅིང་སྲོག་ཕྱིར་བསལ། བར་རླུང་ཤུགས་དང་ལྡན་པས་གཟུང་ལྡོག་གཉིས་ཀ་བྱེད་པར་འགྱུར། དེ་ལྟར་དྲངས་པས་རྡོ་རྗེ་བརྟན་པར་གྱུར་ཅིང་ལུས་རྔུལ་བ་དང་དྲོད་འབར་ན་གྱེན་དུ་འདྲོངས་པའི་རྟགས་ཡིན་པས། དེ་རྩ་མིག་ཏུ་དགྲམ་པར་བྱ་སྟེ། གལ་པོ་ལས། རྣམ་རོལ་རྒྱ་ཡིས་ལུས་ལ་དགྲམ། །ཞེས་པས་སེང་གེ་རྣམ་རོལ་གྱིས་ཁྱབ་པར་དགྲམ། མཐར་བུམ་པ་ཅན་བདུན་ཙམ་གྱིས་རླུང་དང་བསྲེ་ཞིང་། འོག་ནས་འབྱུང་བ་ལྟར་ཀ་དག་གི་ཀློང་དུ་བསྲེ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པར་བྱའོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བསླབ་པ་ནི། དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ ཞེས་པ་སྟེ། དེ་ལ་སྤྱིར་ལས་དང་། ཡེ་ཤེས་དང་། དམ་ཚིག་དང་། ཕྱག་ཆེན་ཏེ་ཕྱག་རྒྱ་རྣམ་པ་བཞི་ལས། དམ་ཚིག་གི་ཕྱག་རྒྱ་ནི་གཏུམ་མོ་ཡིན་ཏེ་སྔར་སོང། ཕྱག་ཆེན་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་ཁ་སྦྱོར་གྱིས་མི་འགྱུར་བའི་བདེ་བ་སྒྲུབ་པ་ལ་ཟེར། ལས་ཀྱི་ཕྱག་རྒྱ་ནི་མི་མོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡིད་རིག་སྟེ། འདིར་ཡེ་རྒྱའི་དབང་དུ་བྱས་ན། ལུས་གནད་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། རླུང་གནད་སྲོག་ཐུར་ལྟེ་བར་ཁ་སྦྱར། དམིགས་གནད་རང་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་རྡོ་རྗེ་དང་པདྨོར་བྱིན་གྱིས་རློབ། སྙོམ་འཇུག་གི་བརྡ་བཞིས་བསྣོལ་མར་བསྐུལ། འདུ་ཤེས་གསུམ་དང་ལྡན་པའི་སྒོ་ནས་ཕྱག་རྒྱ་བཞིས་མཉམ་པར་སྦྱར་ཏེ། རྗེས་ཆགས་ཀྱི་རྐྱེན་གྱིས་རླུང་བསྐྱོད་པས་གཏུམ་མོ་ལྷག་པར་འབར་བ་དབུ་མར་ཞུགས་པའི་མཐུས། དཀར་ཆ་ཞུ་བའི་བྱང་སེམས་ཀྱི་རྒྱུན་བབས་པ། མགྲིན་པ་སོགས་འཁོར་ལོ་བཞིའི་གནས་སུ་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་སྐྱེས་ཀྱི་དགའ་བ་སྟེ། དེ་རེ་རེ་ཞིང་དགའ་བའི་ངང་བསྐྱངས་ཏེ་མཉམ་པར་འཇོག་པ་དང་། དེ་བཞིན་དུ་གནས་དེ་དང་དེར་ཡང་འགྱུར་བ་དང་། གྱེན་དུ་ལྡོག་པ་དང་། ཁྱབ་པར་དགྲམ་པ་དང་། དེ་ཉིད་རླུང་དང་བསྲེ་ཞིང་། དབྱིངས་སུ་བསྐྱལ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པ་རྣམས་ཚང་བ་རེ་བྱས་ཏེ། དབབ་བཟུང་ལྡོག་ཁྱབ་ཀྱི་གནད་ལ་རིམ་གྱིས་སྦྱངས་པ་ཉམས་འོག་ཏུ་ཆུད་པར་བྱས་ནས། མཐར་བྱང་སེམས་གསང་བའི་ནོར་བུར་ཕབས་པའི་ཚེ། དེར་འཛག་མེད་དུ་བཟུང་བའི་ཐབས་ཀྱིས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་ནས། སླར་གྱེན་དུ་ལྡོག་པས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞིར་ལུགས་ལྡོག་གི་དགའ་བཞི་མྱོང་བའི་མཐར་བྱང་སེམས་སྤྱི་བོར་བརྟན་པ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེའང་འོག་སྒོའི་གདམས་ངག་གི་སྣོད་དུ་གྱུར་པའི་སྐལ་ལྡན་གྱིས་གནད་རྣམས་བླ་མ་དམ་པ་ཉམས་མྱོང་ཅན་གྱི་ཞལ་ལས་བླང་བར་བྱ་ཞིང་། འདིར་ནི་དེང་སང་ཕྱག་བཞེས་སུ་སློབ་མ་ཕལ་ལ་ཁྱབ་བརྡལ་དུ་མི་གནང་བས། ས་ཁོངས་འཛིན་བྱེད་གོ་དོན་ཙམ་ཞིག་སྨོས་པ་སྟེ། མོས་སློབ་ཀྱི་སྒོམ་པ་ལ་འདིས་དམིགས་རྐང་གི་ངོ་བོ་ཙམ་ཚང་བར་ཡང་འགྱུར་བ་ཡིན་ནོ། །གསུམ་པ་ཀ་དག་ཏུ་བསྲེ་བ་ནི། བདེ་ཆེན་ཀ་དག་ངང་དུ་བཞག༔ ཅེས་པ་སྟེ་འདི་ནི་སྔར་དྲོད་སྐྱེད་པ་དམ་ཚིག་གི་གཏུམ་མོ་དང་། བདེ་བ་ཆོས་ཀྱི་གཏུམ་མོ་སྟེང་སྒོ་ཉམས་སུ་བླངས་པས་བདེ་དྲོད་ཀྱི་ཉམས་སྐྱེས་པའི་ཚེ་ལུས་གནད་ཆོས་བདུན་བཅའ་རླུང་གནད་བུམ་པ་ཅན་དང་སྦྱར་ཏེ། དྲོད་དང་བདེ་བའི་ཡེ་ཤེས་སྐྱེས་པ་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། བདེ་དྲོད་ཀྱི་གདངས་མ་འགགས་ལ། དེའི་རང་བཞིན་གང་དུའང་ངོས་བཟུང་དུ་མེད་པ་བློ་འདས་རང་རིག་རང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདེ་སྟོང་གི་ཡེ་ཤེས་ལྷག་གེར་འཆར་བ་ན་དེ་ཀའི་ངང་ལ་མཉམ་པར་བཞག་པས། དམ་ཚིག་དང་ཆོས་ཀྱི་གཏུམ་མོ་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་པར་འགྱུར་ཞིང་རླུང་གི་ཡོན་ཏན་སེམས་ལ་ཐིམ་པས་ཡེ་ཤེས་ཆེན་པོར་ལ་ཟློ་བར་འགྱུར་རོ། །དེ་ལྟར་གཏུམ་མོ་སྒོམ་པ་ཕལ་ཆེར་ལ་རླུང་ལོག་གི་གེགས་འབྱུང་བ་ཤས་ཆེ་བས་བསལ་བར་བྱ་སྟེ། དེ་ལ་སྟོང་གེགས་ནི་ཤེས་པ་འཕྱོ་བ། སྙིང་མི་དགའ་བ། རོ་སྟོད་ན་བ། མགོ་ལ་ཟུག་གཟེར་སྐྱེ་བ་སོགས་བྱུང་ན་རང་ལུས་སྟོང་སང་ངེ་བར་གསལ་བཏབ་སྟེ། རླུང་ཐེངས་གཅིག་གཉིས་ཤིག་བསྒོམས་རྗེས། གང་ན་སའི་ལུས་ཀྱི་ཐད་ཀའི་མདུན་རྒྱབ་ཏུ་བུ་ག་ཧ་རེ་དོད་པ་ལས་ནད་རྣམས་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་བུན་ཐོན་པས་ལུས་ནང་སྟོང་སང་སང་སོང་བར་མོས་ལ། ལག་གཉིས་ཁུ་ཚུར་མདུན་དུ་བརྒྱང་རྗེས། ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་། ལག་ངར་རྩིབས་ལོགས་ལ་ཐེབས་པར་རྡེག་པ་དང་མཉམ་དུ་ཧ་ཐུང་དྲག་ཏུ་འདོན་ནོ། །སྨད་ཀུན་དའི་གེགས་ནི་ཆགས་སྲེད་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་དགག་སྒྲུབ་དང་བྲལ་བའི་བློས་སེལ། གྲིབ་དང་དམ་སེལ་གྱིས་འཛག་ན་དབང་ཞུ་ཞིང་ཚོགས་འཁོར་བྱ། གང་བས་འཛག་པ་དང་ནད་ཀྱིས་འཛག་ན་འཛིན་ལྡོག་དགྲམ་པའི་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ། གཞན་ཡང་བྱང་སེམས་ཉམས་པའི་སྐྱོན། ཧ་ཅང་ལུས་བྲེལ་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་འཁྱག་པར་མི་བྱ། གལ་ཏེ་བཤང་གཅིའི་ཁྲོད་ལ་འཛག་ན་དོར་བའི་ཚེ། རྐང་ལག་གི་སོར་མོ་བསྐུམ། ལྟ་སྟངས་གྱེན་དུ་བལྟ། ལྕེ་རྐན་ལ་སྦྱར། ལྟེ་བར་བུམ་ཅན་ཅི་ནུས་བཟུང་རྗེས་བཤང་གཅི་དོར་བས་ཕན་པར་འགྱུར། ཡང་རྨི་ལམ་དུ་འཛག་ན། ཉལ་ཁར་རང་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་རལ་པའི་ཐོར་ཚུགས་ཅན། ལུས་ཐམས་ཅད་ཐལ་བས་བྱུགས་པ། ལིངྒ་གྱེན་དུ་སྒྲེང་བ། ཕྱག་གཡས་རྨ་བྱའི་སྒྲོ་ཆུན་བཟུང་ནས་རང་གི་མཚན་མ་ལ་ནང་རོལ་དུ་བྱབ་པར་བྱེད་པའི་སྐུར་བསྒོམས་ལ། ཨོཾ་ཧ་རི་ནི་ས་རཀྟ་ཚུ་ཀ་ཚུ་ཀ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ཏེ། རང་གི་རྡོ་རྗེ་པགས་པས་མགོ་བསྟུམས་ལ་ཁོང་པར་སྦས་པས་རྟིང་པ་གཡས་གཡོན་གང་རིགས་ཀྱིས་མནན་ཅིང་། རྐང་པ་གཅིག་ཤོས་བརྐྱངས་ནས་ཉལ་བས་སེལ་ཏེ་ཤིན་ཏུ་ཟབ། གེགས་སེལ་འདི་དག་གེགས་གང་བྱུང་དང་བསྟུན་ནས་འཆད་པ་ལས། དམིགས་ཐུན་དུ་བཅུག་ནས་མ་བཤད་ཀྱང་ཆོག་གོ །གཉིས་པ་གསལ་བ་སྒོམ་པ་ལ། སྤྱི་དང་། ཁྱད་པར་བ་གཉིས་ལས། དང་པོ་ནི། གསལ་སྟོང་ཡེ་ཤེས་སྒོམ་པ་ན༔ གང་ཤར་རིག་པ་ངོས་བཟུང་ལ༔ མི་དགག་མི་སྒྲུབ་རང་སར་བཞག༔ ཅེས་པས་ལུས་གནད་ཆོས་བདུན། ངག་གནད་འཇམ་རླུང་ཅུང་ཟད་བཟུང་། མིག་གནད་དབང་པོའི་སྒོ་མ་བཀག་པར་བར་སྣང་ལ་ཧ་རེ་བཞག །དམིགས་པའི་གནད། སྣང་བ་གང་ཤར་ལ་དགག་སྒྲུབ་མི་བྱེད་པར་རང་ངོ་ལ་ཆེར་གྱིས་བལྟས་ཏེ། རང་རིག་རང་གསལ་འཛིན་མེད་ཀྱི་ངང་ལ་བཞག་པས། སྣང་བ་ཐམས་ཅད་བདེན་མེད་བཀྲག་མེད་དུ་སལ་ལེ། ཝལ་ལེ། ཡེ་རེ་འཆར་ན། དེ་ཀའི་ངང་བསྐྱང་སྟེ་རང་བབས་སུ་བཞག་གོ །གཉིས་པ་ཁྱད་པར་བ་ནི། ཁྱད་པར་རྩ་གསུམ་གསལ་བཏབ་ལ༔ སྐྱིལ་དང་འཆིང་དང་མཉམ་པར་གནས༔ ཞེས་པས། རང་ལྷར་གསལ་བའི་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་སྔར་ལྟར་རྩ་གསུམ་དང་། སྤྱི་སྙིང་ལྟེ་བའི་ཡི་གེ་གསུམ་གསལ་བཏབ། ཐེབས་པ་ན་དམིགས་པའི་གནད་ལ་གསུམ་ལས། དང་པོ་སྐྱིལ་བའི་གནད་ནི། རླུང་རོ་ཕྱིར་བསལ་ཧཾ་ཨ་ལ༔ སེམས་བཟུང་འོག་རླུང་གྱེན་དུ་བསྐྱིལ༔ ཞེས་པས་རླུང་རོ་བསལ། རླུང་བུམ་པ་ཅན་ལས་གཙོ་བོར་འོག་རླུང་གྱེན་དུ་བསྐྱིལ། དམིགས་པ་སྤྱི་བོའི་ཧཾ་དང་ལྟེ་བའི་ཨ་ལ་གཏད། དབང་པོ་མ་བཀག་པར་གློད་པས་རང་སྣང་རང་གསལ་འཛིན་མེད་དུ་སལ་ལེ་འཆར་ཏེ་ངང་བསྐྱང་ངོ་། །གཉིས་པ་འཆིང་བའི་གནད་ནི། སྙིང་གའི་ཧཱུྃ་ལ་སེམས་བཟུང་སྟེ༔ སྟེང་རླུང་གྱེན་ནས་ཐུར་དུ་འཆིང༔ ཞེས་པས་རླུང་བུམ་ཅན་ལས་གཙོ་བོར་སྟེང་རླུང་ཐུར་དུ་འཆིང་། དམིགས་པ་སྙིང་གའི་ཧཱུྃ་ལ་གཏད་དེ། དབང་པོ་མ་བཀག་པར་བཞག་པས་སྔར་ལྟར་འཆར་བས་བསྐྱང་ངོ་། །གསུམ་པ་མཉམ་གནས་ལ། དངོས་དང་། དེ་ལས་འཕྲོས་པ་གཉིས་ལས། དང་པོ་ནི། རླུང་སྦྱར་མཉམ་གནས་གང་ལ་ཡང༔ མི་རྟོག་འགྲོ་འོང་རྟག་ཏུ་དལ༔ ཞེས་པས་རླུང་སྲོག་ཐུར་ཁ་སྦྱོར་དུ་འཆིང་། སེམས་གནད་གང་ལའང་མི་སེམས་མི་མངོན་པར་རྟོག་མེད་དུ་བཞག་པས། འགྲོ་འོང་བཟང་ངན་སོགས་གང་ཤར་ཐམས་ཅད་སྣང་ལ་ངོས་བཟུང་མེད་པར་བདེན་མེད་དུ་བུན་ལོང་ངེ་ཡེངས་མེད་དུ་ཤིགས་སེ་འཆར་ན་བཅས་བཅོས་མེད་པར་རང་བབས་སུ་བསྐྱང་ངོ་། །གཉིས་པ་དེ་ལས་འཕྲོས་པ་ལ་གཉིས་ལས། དང་པོ་རགས་རླུང་ཕྲ་བའི་རླུང་དུ་བསྒྱུར་བའི་གནད་ནི། དེ་ཚེ་དྷཱུ་ཏི་ལས་འོད་བྱུང༔ ལུས་ནི་ཤེལ་ལྟར་དྭངས་པར་བསམ༔ རགས་པ་ཕྲ་བའི་རླུང་དུ་འགྱུར༔ ཞེས་པས་མཉམ་གནས་ལ་མཉམ་པར་བཞག་པས་གསལ་སྟོང་གི་ཉམས་སྐྱེས་པ་དེའི་ཚེ། དབུ་མ་ལས་འོད་ཀྱི་སྣང་བ་འཕྲོས་པ་རེག་པ་ཙམ་གྱིས་ལུས་ཤེལ་ལྟར་དྭངས་ཏེ། གང་ལའང་ཆགས་ཐོགས་སྒྲིབ་པ་མེད་པ་འཇའ་ཚོན་ལྟ་བུར་གྱུར་པར་བསམས་ལ། རླུང་དྲག་ཏུ་བཀག་པས་རགས་པ་བེམ་པོའི་རླུང་འགགས་ཏེ། ཕྲ་བ་ཤེས་པའི་རླུང་དུ་འགྱུར་བས། རླུང་ཕྱི་ནང་བསྲེ་ནུས་ཤིང་། གཉིས་སྣང་འདྲེས་པས་གདོས་བཅས་ལ་ཐོགས་པ་མེད་པ་དང་། ཁམས་འཛིན་འདྲེན་ལ་ནུས་པ་འཐོབ་པར་འགྱུར་རོ། །གཉིས་པ་སྤྱིར་གཅེས་པའི་གནད་ནི། མིག་ནི་མི་འགུལ་མཁའ་ལ་བལྟ༔ གསལ་ལ་དྭངས་པའི་ཡེ་ཤེས་ཉམས༔ ཤར་ཚེ་དེ་དོན་ངོས་བཟུང་ལ༔ ཡུན་དུ་བསྒོམ་པ་རབ་ཏུ་གཅེས༔ ཞེས་པས་ལུས་གནད་སྤང་ལ་བེ་ཕུར་བཏབ་པ་ལྟར་ཆོས་བདུན་ལྡན་མི་གཡོ་བར་བཅའ། ལྟ་སྟངས་མིག་འབྲས་མི་འགུལ་ཞིང་རྫི་མ་མི་རྡེག་པར་མདུན་གྱི་ནམ་མཁའི་དབྱིངས་སུ་རྩེ་གཅིག་ཏུ་མི་འགྱུར་བར་ཆེ་རེ་བལྟ། སེམས་གང་ཤར་དེ་ཀ་ལ་གཏད་དེ། ཤེས་པ་ཁོང་སློད་ནས་རང་ཞལ་བལྟ་ཤེས་པ་ཙམ་བྱ་སྟེ། དེ་ཡང་སྣང་བ་སྣ་ཚོགས་སུ་རང་ཤར་བའི་གསལ་ཆ་དེ་ལ་དགག་སྒྲུབ་མི་བྱ་བར། གང་ཤར་དེ་ཀའི་རང་ཞལ་ལ་ཆེ་རེ་བལྟས་པས་ཅི་ཡང་མ་ཡིན་ལ། དེ་ཀའི་རང་མདངས་ཅིར་ཡང་མ་འགགས་པས་སལ་ལེ་བར་སྣང་ན་གསལ་དྭངས་ཀྱི་ཉམས་སྐྱེས་པ་ཡིན་པས། ཐུན་མཚམས་ཐམས་ཅད་དུ་དེ་ཀའི་ངང་དུ་རིག་པ་དང་སང་ངེ་བ། གསལ་རྗེན་ནེ་བའི་ཆ་དེ་ངོས་བཟུང་ལ། བསལ་བཞག་མེད་པར་བསྐྱང་བར་བྱ་བ་ཡིན་ནོ། །དེ་ལ་བསལ་བཞག་མེད་པའི་དོན་ནི། རིག་པ་གསལ་དྭངས་རྙོག་པ་མེད་པར་སལ་ལེ་སྣང་བ་དེ་ཉིད་ལ་རེ་དོགས་ཀྱི་དཔྱོད་པ་མེད་པ་བྱ་ཤིང་ཚང་དུ་འཇུག་པ་ལྟར་ཙེན་གྱིས་བཞག །དེ་ཀའི་ངང་ལ་སྦྲང་མ་གར་སྤྱིན་ལ་འབྱར་བ་ལྟར་ལྷན་ནེ་གནས་པས་རྒྱུན་བསྲིང་། བྱ་བ་ཟིན་པའི་སྐྱེས་བུ་ལྟར་རྩོལ་སྒྲུབ་མེད་པའི་ངང་ལ་ལྷོད་ཀྱིས་གློད་ནས་འཇོག་པ་ཡིན་ནོ། །གསུམ་པ་མི་རྟོག་པ་སྒོམ་པ་ལ། རྩ་བའི་དམིགས་པ་དང་། དེ་ལས་འཕྲོས་པ་གཉིས། དང་པོ་ནི། མི་རྟོག་པ་ཡི་སྒོམ་ཚུལ་ནི༔ ལུས་བསྲང་རླུང་སྦྱར་མིག་མི་འགུལ༔ སྐུ་འམ་ཡིག་འབྲུ་ཐིག་ལེ་ལ༔ ཡུད་དེ་སེམས་བཞག་ཧྲིམ་གྱིས་བསྒྲིམས༔ མ་བཅོས་མ་བསླད་འགྱུར་བ་མེད༔ ཇི་ལྟར་ནམ་མཁའ་དག་པ་བཞིན༔ མི་རྟོག་མཐའ་དབུས་མེད་པར་བཞག༔ ཅེས་པས་ལུས་གནད་ཆོས་བདུན་མི་གཡོ་བར་བཅའ། རླུང་གནད་འཇམ་རླུང་ཁ་སྦྱོར་དུ་འཆིང་། ལྟ་སྟངས་ཀྱི་གནད་མི་འགུལ་བར་དམིགས་རྟེན་སྐུའམ། ཡིག་འབྲུའམ་ཐིག་ལེ་ལྟ་བུ་གང་ཡང་རུང་བ་ལ་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྟ་ཤེས་པ་ཙམ་བྱ། སེམས་གནད་དུས་གསུམ་གྱི་སྤྲོས་པ་ཐད་ཀར་བཅད་ནས་ཡེངས་མེད་ཀྱི་དྲན་པས་ཡུད་དེ་བཞག་ནས། དེ་ལ་ཧྲིམ་གྱིས་བསྒྲིམས་ནས་བལྟས་པས་བུན་ལོང་གིས་འགྲོ །དེའི་ཚེ་གཤིས་ལུགས་དེ་ཀའི་སྟེང་དུ་མ་བཅོས་པར་སིང་ངེ་བཞག །མ་བསླད་པར་ཧད་དེ་བཞག །མི་འགྱུར་བར་སོ་ཁད་དེ་བཞག །སྤྲིན་མེད་ཀྱི་ནམ་མཁའ་ལྟར་མི་རྟོག་ལ་མཐའ་དབུས་མེད་པར་ཡངས་ཆམ་མེ། ངོས་བཟུང་དཔྱད་ར་མེད་པར་ཧར་སང་ངེ་བཞག་གོ །གཉིས་པ་དེ་ལས་འཕྲོས་པ་ལ་དྲུག་ལས། དང་པོ་ཤར་གྲོལ་ངོ་བོ་གཅིག་པ་ཡེ་སྟོང་རྩ་བྲལ་ཆེན་པོར་བཞག་པ་ནི། འཕྲོ་ན་འཕྲོ་མཁན་རང་གི་སེམས༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ གནས་ན་གནས་མཁན་རིག་པའི་སེམས༔ ཡེ་གྲོལ་གདོད་མའི་གནས་ལུགས་ཉིད༔ བླང་དོར་རེ་དོགས་རྩིས་གདབ་མེད༔ ཡེ་སྟོང་རྩ་བྲལ་ཆེན་པོར་བཞག༔ ཅེས་པས། གནས་ཐོག་ནས་འགྱུ་བའི་རྟོག་པ་ལྷང་གིས་འཕྲོ་ན། འཕྲོ་མཁན་གྱི་སེམས་དེ་ཀ་ལ་ཁོ་རང་གིས་ཆེ་རེ་བལྟས་པས། དབྱིབས་དང་ཁ་དོག་སོགས་ཅིར་ཡང་མ་མཐོང་བས་ངོས་བཟུང་དཔྱད་ར་མེད་པར་རྗེན་སང་ངེ་བ། གནས་ན་གནས་མཁན་གྱི་སེམས་དེ་ཀ་ལ་རང་གིས་ཆེ་རེ་བལྟས་པས། བལྟ་བྱ་ལྟ་བྱེད་རྗེས་མེད་རང་ཡལ་བ་ནི་ཡེ་གྲོལ་གདོད་མའི་གནས་ལུགས་སམ། འདུག་ལུགས་སམ། ཡིན་ལུགས་ཏེ། དེ་ཀའི་ངང་ལ་བླང་བྱ་དང་དོར་བྱ། རེ་བ་དང་དོགས་པ་སོགས་གཉིས་ཆོས་སུ་འཛིན་པའི་རྟོག་དཔྱོད་རྩིས་གདབ་ཀྱི་སྤྲོ་བསྡུས་མ་བསླད་པར་རང་སར་རང་གྲོལ་ཡེ་སྟོང་རྩ་བྲལ་ཆེན་པོའི་དོན་ཟང་ཐལ་རྗེན་པར་བསྐྱང་བར་བྱའོ། །གཉིས་པ་སྐྱེ་མེད་ཀྱི་དོན་དྲན་པའི་ངང་བསྐྱང་བ་ནི། ཡང་ན་མདུན་དུ་ཨ་བྲིས་ལ༔ སྐྱེ་མེད་དྲན་བཞིན་ལམ་མེ་གཏད༔ རང་བབས་དེ་ལ་སེམས་གནས་ཚེ༔ དམིགས་མེད་ངང་ལ་ལྷོད་ཀྱིས་གློད༔ ཅེས་པས་མཉམ་རྗེས་ཀུན་ཏུ་དམིགས་རྟེན་མདུན་དུ་ཨ་ཡིག་དཀར་པོ་ཞིག་དངོས་སུ་བྲིས་སམ། ཡང་ན་ཡིད་ཀྱིས་བྲིས་ཏེ། དེ་ལ་ཆེ་རེ་བལྟས་ནས་ཨ་ནི་གདོད་ནས་མ་སྐྱེས་པ་སྟེ་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་དང་། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཅེས་སོགས་གསུངས་པ་ལྟར། ཨ་ཡིག་ནི་གདོད་མ་ནས་སྐྱེ་བ་མེད་པ་བསམ་བརྗོད་ཀྱི་ཡུལ་ཐམས་ཅད་ལས་འདས་པ་མཁའ་ལྟར་ཡོངས་སུ་དག་པའོ། །ཞེས་པའི་དོན་དྲན་བཞིན་དུ། ཨ་ཡིག་གི་རྣམ་པ་ལམ་མེ་བ་ལ་སེམས་གཏད་དེ་བཞག་པས། རང་བབ་དེ་ཀ་ལ་སེམས་སོ་ཁད་དེ་གནས་པའི་ཚེ། དམིགས་མེད་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལ་ལྷོད་ཀྱིས་གློད་ལ་མཉམ་པར་བཞག་གོ །གསུམ་པ་གནས་འགྱུ་ངོ་བོ་གཅིག་པ་རང་ཤར་རང་གྲོལ་དུ་བཞག་པ་ནི། སྐབས་སུ་གཟིངས་ལས་བྱ་རོག་བཞིན༔ གར་འགྲོ་ངོས་བཟུང་དྲན་པ་བརྟེན༔ ཞེས་པས། དཔེར་ན་གཟིངས་ཀྱི་ནང་ནས་བྱ་རོག་བསྐྲད་དེ་གར་འགྲོ་བལྟས་ན། རྒྱ་མཚོ་རྒྱ་ཆེ་བས་མཐའ་མ་ཆོད་པར་སླར་གཟིངས་ཁོ་རང་ལ་ཁ་གཏད་ནས་སླེབ་ཡོང་བ་བཞིན་དུ། གནས་ཐོག་ནས་འགྱུ་བ་ལྷང་གིས་འགྱུས་པའི་ཚེ། དེའི་ངོ་བོ་ལ་ཆེར་གྱིས་བལྟས་པ་ན་ཚུགས་མ་ཐུབ་པར་རྟོག་པ་དེ་ཀ་གནས་པའི་ངོ་བོར་རྗེན་སང་གིས་འཆར་བས། གནས་འགྱུ་ངོ་བོ་གཅིག་པ་ཤར་གྲོལ་འཛིན་མེད་ཀྱི་ངང་དུ་བསྐྱང་བར་བྱའོ། །བཞི་པ་སྟོང་ཉམས་ཀྱིས་རྩལ་འདོན་པ་ནི། རེས་འགའ་དྷཱུ་ཏི་དཀར་པོ་ནི༔ ལྟེ་བ་ནས་བརྩམས་སྤྱི་བོའི་བར༔ གནས་པའི་ནང་དུ་ཐིག་ལེ་ནི༔ དཀར་པོ་འགྲོ་འོང་བྱེད་པར་བསམ༔ འདི་ལས་སྟོང་ཉམས་སྣ་ཚོགས་འཆར༔ ཞེས་པས་རང་ལུས་སྟོང་སང་ངེ་བའི་དབུས་སུ་རྩ་དབུ་མ་ཁ་དོག་དཀར་པོ་དྭངས་གསལ་སྦུབས་སྟོང་ཡ་ཡོ་འཁྱག་འཁྱོག་མེད་པར་ལྟེ་བ་ནས་སྤྱི་བོའི་བར་དྲང་ཐ་ལེར་གནས་པའི་ནང་དུ། ཐིག་ལེ་དཀར་གསལ་ཆེ་ཆུང་སྲན་མ་ཙམ་པ་ཡང་ཞིང་གཡོ་བ་ཞིག་གསལ་བཏབ་ནས། འཇམ་རླུང་རང་བབས་སུ་ཟིན་པས་ཐིག་ལེ་དེ་ལྟེ་བ་ནས་ཡར་ཡེར་གྱིས་སོང་སྟེ་སྤྱི་བོའི་དབུ་མའི་སྣར་སླེབ། ཡང་དེ་ནས་མར་ཁྱུར་གྱིས་བབས་ཏེ་ལྟེ་བར་སླེབ། ཚུལ་དེས་ཐིག་ལེ་འགྲོ་འོང་ལ་སེམས་གཏད་པས་སྣང་བ་ཐམས་ཅད་གཏད་མེད་དུ་སོང་ནས་ཅི་ཡང་མེད་པ་འདྲ་བའི་སྟོང་ཉམས་རྗེན་རྗེན་པ་ལ་ཡངས་ཆམ་མེ་བ་ཞིག་འཆར་ལ། དེ་ཀའི་ངང་བསྐྱངས་པས་ཇི་ཞིག་ན་སྟོང་པའི་མདངས་འོད་འགག་མེད་ཀྱི་རྩལ་སྣང་སྣ་ཚོགས་པའང་འཆར་བར་འགྱུར་རོ། །ལྔ་པ་རྟོག་པ་ཁ་འཁྱིལ་བས་བྱིངས་ན་བསལ་བ་ནི། བྱིངས་ན་སྨིན་མཚམས་ཐིག་ལེ་དཀར༔ སྲན་མ་ཙམ་ཞིག་འཁོར་བར་བསམ༔ རེས་འགའ་མི་དམིགས་མཉམ་པར་བཞག༔ ཅེས་པས། ལུས་གནད་ཆོས་བདུན་ལས་ལྟ་སྟངས་མཐོ་བར་བྱས་ཏེ། རང་གི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་ཞིག་ཆིར་ཆིར་འཁོར་བ་ལ་ཤེས་པ་གཏད་ལ་རིག་པ་ཧུར་ཕྱུངས། རེས་འགའ་ཅི་ལའང་མི་དམིགས་པར་ཧད་དེ་མཉམ་པར་འཇོག །དེ་གཉིས་རེས་འཇོག་ཏུ་སྤེལ་ནས་བསྒོམས་པས་སེལ་ལོ། །དྲུག་པ་མཉམ་གཞག་གི་ཉམས་སྐྱེས་པ་རྗེས་ཐོབ་ལ་བསྲེས་ཏེ་ལམ་དུ་ཁྱེར་བ་ནི། ཐུན་མཚམས་ཤེས་པ་ངོས་བཟུང་ལ༔ ལྷོད་ཀྱིས་གློད་ལ་མཉམ་གཞག་བྱ༔ དེ་ཡིས་མི་རྟོག་གོམས་པར་འགྱུར༔ ཞེས་པས། མཉམ་གཞག་ཏུ་རྟོག་པ་བར་འགྱུ་འོག་འགྱུ་ཐམས་ཅད་བཅད་དེ། མི་མནོ། མི་བསམ། སྤྲོ་བསྡུ་མེད་པར་མི་དམིགས་པའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། ཐུན་དེ་ལས་ལངས་པའི་ཚེ་གནས་པ་དེའི་ངོ་བོ་ངོས་བཟུང་ཙམ་བྱས་ལ། ཡང་དེ་ཀའི་ངང་དུ་ལྷོད་ཀྱིས་ལྷོད་ནས་བསལ་བཞག་མེད་པར་བསྐྱང་བར་བྱའོ། །གསུམ་པ་དེ་རྗེས་ཐོབ་ཏུ་སྤྱོད་པས་བསྐྱང་བའི་ཁྲིད་ལ་གསུམ་སྟེ། གང་སྣང་རིས་མེད་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བ། གང་ཤར་རང་གྲོལ་ཆུ་རླབས་ལྟ་བུར་ལམ་དུ་ཁྱེར་བ། བླང་དོར་རེ་དོགས་ཐམས་ཅད་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར་བའོ། །དང་པོ་ནི། རྗེས་ལ་ཕྱི་ནང་སྣང་སྲིད་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ སྣང་ཡང་བདེན་མེད་ཆུ་ཟླ་འདྲ༔ རྟེན་འབྲེལ་ཙམ་སྟེ་སྒྱུ་མ་འདྲ༔ ཆགས་སྡང་རེ་དོགས་མེད་པར་བལྟ༔ ཞེས་པས། ལྟ་སྒོམ་གྱི་བོགས་འདོན་པའི་ཕྱིར་མཉམ་གཞག་ཏུ་ཉམས་མྱོང་སྐྱེས་པ་དེ་རྗེས་ཐོབ་ཏུ་རོ་མཉམ་ཞིང་དབང་པོའི་རང་སྣང་ཐམས་ཅད་ལ་སྦྱར་ཏེ། འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པ་སྣང་ཞིང་སྲིད་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་ཀུན་སེམས་ལས་གཞན་དུ་ནམ་ཡང་གྲུབ་པ་མེད་པ་རང་སྣང་ཙམ་ཡིན་མོད། དེ་ལྟ་ནའང་སྣང་ཞིང་མྱོང་བ་ནི་རྨི་ལམ་གྱི་སྣང་བ་དང་འདྲ་ལ། སྣང་ཡང་བདེན་པས་སྟོང་པ་ཆུ་ནང་གི་ཟླ་བ་དང་འདྲ་ཞིང་། རྒྱུ་རྐྱེན་ཚོགས་པ་ལས་རང་སྣང་ཡང་བདེན་མེད་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་ལ་སོགས་པ་དང་འདྲ་བ་སྟེ། དེ་ལྟར་སྣང་བ་ཐམས་ཅད་རང་སྣང་རིས་མེད་སྒྱུ་མ་ལྟ་བུར་ཐག་བཅད་དེ། གང་ལའང་ཆགས་སྡང་རེ་དོགས་མེད་པའི་སྒོ་ནས་བྱ་བ་ཐམས་ཅད་ལམ་གྱི་གྲོགས་སུ་ཁྱེར་ཤེས་པར་བྱའོ། །གཉིས་པ་གང་ཤར་རང་གྲོལ་ཆུ་རླབས་ལྟ་བུར་ལམ་དུ་ཁྱེར་བ་ནི། ཉོན་མོངས་རྣམ་རྟོག་གང་ཤར་ཀྱང༔ རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར༔ གང་ཤར་ཆོས་སྐུའི་ལམ་ཁྱེར་བྱ༔ ཞེས་པས་རྗེས་ཐོབ་ཀྱི་དུས་སུ་ཉོན་མོངས་པའི་རྣམ་རྟོག་སྣ་ཚོགས་ཞིག་ཤར་ཡང་། དེའི་ངོ་བོ་ལ་བལྟས་པས་རླབས་ཉིད་རྒྱ་མཚོར་ཐིམ་པ་ལྟར་སྣང་ཙམ་ནས་སྟོང་ཞིང་། སྟོང་དུས་ནས་སྣང་བ་མ་འགགས་པས། གང་ལྟར་བྱས་ཀྱང་སྣང་སྟོང་དབྱེར་མེད་ཆོས་སྐུའི་རོལ་པར་ཐག་བཅད་ནས་ལམ་གྱི་གྲོགས་སུ་ཁྱེར་ཤེས་པར་བྱའོ། །གསུམ་པ་བླང་དོར་རེ་དོགས་ཐམས་ཅད་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར་བ་ནི། ཡོད་མེད་སྣང་སྟོང་བཏགས་པ་ཙམ༔ འཁོར་འདས་རང་སྣང་བདེན་འཛིན་བྲལ༔ བླང་དོར་རེ་དོགས་བློས་བཏགས་ཙམ༔ དོན་ལ་གཉིས་མེད་ཆོས་སྐུར་སྦྱང༔ ཞེས་པས། ཡོད་པ་དང་མེད་པ། སྣང་བ་དང་སྟོང་པ་སོགས་ལྟོས་འཇོག་གི་ཆོས་ཐམས་ཅད་བློས་གསར་དུ་བཏགས་པ་ཙམ་ལས། དོན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ལ། འཁོར་འདས་གཉིས་ཀྱི་ཆོས་ཀྱང་སེམས་དང་ཡེ་ཤེས་ཀྱི་རང་སྣང་ལ་ལྟོས་ནས་སོ་སོར་སྣང་ཡང་དོན་ཆོས་ཐམས་ཅད་ཀྱི་སྙིང་པོ་དབྱིངས་མི་འགྱུར་བ་ནི་གདོད་མ་ནས་མྱ་ངན་ལས་འདས་པའི་ཆོས་ཉིད་རྟག་པ་དོན་དམ་པའི་བདེན་པ་ཡིན་ལ། དེ་ཉིད་མ་རྟོགས་པའི་ལོག་ཤེས་ཅན་གྱི་ངོར་འཁོར་བར་སྣང་ཡང་སྣང་ཙམ་ནས་བདེན་པར་མ་གྲུབ་པས་མེད་སྣང་གློ་བུར་བའི་ཆོས་ཏེ། གདོད་མ་ནས་ཚུགས་ཐུབ་མ་ཡིན་པའི་ཕྱིར། གནས་ལུགས་ལ་འཁོར་འདས་སོ་སོར་བདེན་པར་འཛིན་པའི་ཡུལ་མ་གྲུབ་པས་འཁོར་བ་ལ་དོར་བྱ་དང་འཁྱམས་ཀྱིས་དོགས་པ། མི་འཁྱམས་སུ་རེ་བ། མྱང་འདས་ལ་བླང་བྱ་དང་ཐོབ་ཏུ་རེ་བ། མ་ཐོབ་ཀྱིས་དོགས་པ་སོགས་གཉིས་འཛིན་ཐམས་ཅད་བློས་བཏགས་ཙམ་ལས་དོན་ལ། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པའང་དེ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པ་ལྟར་ཡིན་པས་གནས་ལུགས་ལ་འཁོར་འདས་གཉིས་མེད་འོད་གསལ་ཆོས་སྐུ་བྱང་ཆུབ་ཀྱི་སེམས་སུ་ཐག་བཅད་ནས་ལམ་གྱི་གྲོགས་སུ་ཁྱེར་ཤེས་པར་བྱའོ། །དེ་ལྟར་ངེས་པའི་སྒོ་ནས་རྗེས་སྤྱོད་ཐམས་ཅད་དུས་ཚོད་དང་འབྲེལ་བར་སྤྱོད་པ་སྟེ། དེ་ཡང་ལས་དང་པོ་པའི་དུས་སུ་གང་ལའང་འཛིན་ཞེན་མེད་པའི་ངང་ནས་རྒྱུ་འབྲས་ཀྱི་བླང་དོར་མ་ནོར་བར་བྱ་ཞིང་། ཐེག་པ་རང་སའི་སྤྱོད་པ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཞིན་དུ་མ་འཁྲུལ་བར་སྤྱོད་པ་དང་། སྡོམ་གསུམ་འགལ་མེད་སྟན་ཐོག་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་། དྲོད་ཐོབ་ནས་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་གྱིས་མཐར་དབྱུང་བར་བྱའོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། ཉམས་རྟོགས་ཇི་ལྟར་སྐྱེས་པ་རྣམས་གནས་ལུགས་ཇི་བཞིན་པར་ངོ་སྤྲོད་པས་ངེས་ཤེས་སྐྱེད་པར་བྱེད་པ་སྟེ། གཞི་ལམ་འབྲས་གསུམ་དང་། ལམ་ལའང་ལྟ་སྒོམ་སྤྱོད་པ་གསུམ་དུ་ཕྱེ་ནས་བླ་མ་དམ་པ་ཉམས་མྱོང་ཅན་གྱིས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་དང་བཅས་པའང་ལེགས་པར་གདམས་ཏེ། ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱེད་པའི་ཐབས་ཀྱིས་ཁྲིད་པར་བྱ་ཞིང་། དེ་ལྟར་ཁྲིད་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་ནས་དུས་མྱུར་བ་ཉིད་དུ་གནས་སྐབས་འབྲས་བུ་སློབ་པའི་ཟུང་འཇུག་རིག་འཛིན་རྣམ་པ་བཞིས་བསྡུས་པའི་ས་ལམ་བགྲོད་དེ། མཐར་ཐུག་གི་འབྲས་བུ་མི་སློབ་པའི་ཟུང་འཇུག་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར་བ་ཡིན་ནོ། །ད་ནི་ལམ་གྱི་གཞུང་གི་རྩ་ཁྲིད་འདི་ཉིད་ལེགས་པར་ཚར་རྗེས། ལམ་གྱི་ཡན་ལག་རྣམས་ཇི་ལྟར་སྦྱོར་བའི་གནད་ཀྱི་སྒོ་ཅུང་ཟད་བསྟན་པར་བྱ་སྟེ། དེ་ཡང་ཉིན་པར་དྲན་པ་རྒྱུན་ཆགས་དང་། མཚན་མོ་བཙན་ཐབས་ཀྱི་མན་ངག་ལ་བརྟེན་ནས་རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་ལ་བསླབ་པ། མཚན་མོའི་རྣལ་འབྱོར་དེས་འཆི་སྲིད་བར་དོར་མི་བསླུ་བའི་གདིངས་མ་རྙེད་ན་ཕྱི་མའི་མཚམས་སྦྱོར་འཕོ་བའི་མན་ངག་ལ་བསླབ་པ། གཉིས་འཛིན་འཁྲུལ་གཅོད་ཀྱི་གདམས་པས་རྐྱེན་ངན་ལམ་དུ་བསླང་སྟེ་ཉམས་རྟོགས་ཀྱི་བོགས་འབྱིན་པ། རྩ་ཁྲིད་ལ་གོམས་པ་བརྟན་ནས། འོད་གསལ་རྡོ་རྗེ་སྙིང་པོ་གསང་བ་བླ་ན་མེད་པའི་ཐབས་མཆོག་མཐར་ཐུག་པ་ཐོད་རྒལ་རྡོ་རྗེའི་གསེང་ལམ་གྱིས། གནད་དྲུག་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པས་སྣང་བ་བཞིའི་འཆར་ཚུལ་མཐའ་རྟེན་དང་བཅས་པ་ཉམས་སུ་བླངས་པས་འཇའ་ལུས་འཕོ་མེད་རྡོ་རྗེའི་སྐུ་ལོ་བདུན་དང་ཟླ་བ་བདུན་ལས་མི་འགྱངས་པར་བྱེད་པའི་ལམ་མཆོག །ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་རྣམས་ཡན་ལག་གི་ཚུལ་དུ་སྐབས་དང་བསྟུན་ཏེ་སྦྱར་བས་ལམ་གྱི་ཆ་རྐྱེན་ཚང་བར་འགྱུར་ཞིང་། རྩ་ཁྲིད་ཙམ་མམ། ཡན་ལག་དང་བཅས་པ་ཡིན་ཡང་རུང་སྟེ། ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་ཉམས་སུ་ལེན་པའི་གནད་དགེ་སྦྱོར་སྲང་འཇུག་གི་མན་ངག་གིས་ཉིན་མཚན་གྱི་ཆ་ལ་སྤྱིའི་དུས་ཆ་བཞི་དང་། ཤེས་པ་སྐད་ཅིག་མ་ལ་གསང་བའི་དུས་བཞིར་ཕྱེ་བ་ལས། ཕྱིའི་དུས་བཞི་ནི། ཉིན་མོ་དུས་གཅིག་དང་། མཚན་ལ་གསུམ་དུ་ཕྱེ་བས་བཞི་སྟེ། ཉིན་དུས་སྣང་བ་རྒྱས་འདེབས་པའི་མན་ངག་གིས། མཉམ་གཞག་ཏུ་འོད་གསལ་རྣམ་པར་མི་རྟོག་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག་ཅིང་། རྗེས་ཐོབ་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ཁྱེར་སོའམ། ཡང་ན་དག་པའི་སྒྱུ་ལུས་སྣང་བ་ལྷ་སྐུར་གསལ་བ་ཉིད་འོད་གསལ་དུ་སྦྱང་བས་རྩལ་འདོན་ཞིང་། མཚན་དུས་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག་ལ་གསུམ་ལས། །དང་པོ་སྲོད་དུས་ཤེས་པ་ནང་དུ་བཟུང་བ་ནི། ལུས་གནད་བཅའ། འཇམ་རླུང་བུམ་པ་ཅན་གྱིས་དབུ་མའི་ནང་གི་ལྟེ་བའི་ཨ་ཡིག་སྦར་བས་སྤྱི་བོའི་ཧཾ་བཞུ་སྟེ་སྙིང་གར་བབ་པའི་ཐིག་ལེ་ལ་སེམས་བཟུང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་ངང་གིས་འཆར་རོ། །གཉིས་པ་ནམ་གུང་ཤེས་པ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པའི་ནང་དུ་ཨ་དཀར་པོ་འོད་འབར་བ་ཞིག་ལ་སེམས་གཏད་དེ། སྙིང་གར་འཇམ་རླུང་ཁ་སྦྱོར་དུ་བཟུང་བས་གཞོག་གཡས་ཕབ་ནས་སེང་གེའི་སྟབས་ཀྱིས་ཉལ་བས་གཉིད་འཐུག་འོད་གསལ་དུ་འཆར་རོ། །གསུམ་པ་ཐོ་རེངས་རིག་པ་རང་གསལ་གདབ་པ་ནི། ཐོ་རེངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་བུས་ལ་བཟུང་ཞིང་། དེའི་ཚེ་སྙིང་གའི་ཨ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། སྤྱི་བོའི་སྟེང་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེ་འདུག་པ་ལ་སེམས་གཏད་དེ། རླུང་ཕྱིར་བཟུང་བའི་ངང་ལ་བཞག་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོ། །གཉིས་པ་གསང་བའི་དུས་བཞི་ནི། བློས་ཕྱེ་བ་རྣམ་པར་རྟོག་པའི་དུས་གསུམ་དང་། བློ་བྲལ་རྣམ་པར་མི་རྟོག་པའི་དུས་གཅིག་སྟེ་བཞི་ལས། བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ཅར་ཕོག་ཏུ་ངོས་བཟུང་ནས། དེ་ཁའི་ངང་ལས་མི་གཡོ་བར་སོ་མར་འཇོག་པ་སྟེ་དེ་ཡང་རྣམ་པར་རྟོག་པའི་དུས་གསུམ་གྱི་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་བློས་བཅས་བཅོས་མེད་པར་ཆམ་གྱིས་བསྐྱུར་བས། བཞི་ཆ་གསུམ་བྲལ་བརྗོད་མེད་རྣམ་པར་མི་རྟོག་པའི་དུས་ཏེ། ཐ་མལ་གྱི་རིག་པ་གསལ་ལ་ངོས་བཟུང་མེད་པ་ཞིག་འཆར་བས། དེ་ཀའི་ངང་དུ་རིག་གེ །སང་ངེ་། སལ་ལེ་བར་བསྐྱང་བར་བྱ་སྟེ། གསང་བ་སྒྲུབ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་སལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པར་བྱ་བ་ྃགནད་དོ། །བླ་མ་དམ་པའི་གསུང་ང༵ག་ཇི་བཞིན་དུ། །སྐལ་ལྡན་ཚོགས་རྣམས་རྡོ་རྗེ་འཆང་དབ༵ང་གི །གོ་འཕང་མཐོན་པོར་ཁྲིད་ཐབས་ཟབ་ལམ་ཆོ༵ས། །རབ་གསལ་སྣང་བའི་དཔ༵ལ་དུ་འགྱུར་སྙམ་སྤེལ། །དགེ་བས་ཚེ་འདིའི་ལུས་བསྐྱེད་དྲིན་ཅན་མས། །ཐོག་དྲངས་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཟབ་ལམ་ཐབས་ཀྱིས་རང་ཁམས་སྒྲིབ་པའི་དཔུང་། །ཡོངས་བཅོམ་རྡོ་རྗེ་སེམས་དཔའི་གནས་ཐོབ་ཤོག །ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོའི་ཁྲིད་ཡིག་བཀླག་ཆོག་ཏུ་བཀོད་པ་འདི་ནི་ཆབ་མདོ་ནས་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བའི་ཡི་གེ་རིམ་པར་བྱུང་བ་དང་། དགེ་སློང་གྲུབ་ཆེན་བློ་ལྡན་ལྷུན་གྲུབ་ཀྱིས་ཀྱང་རིང་མོ་ནས་བསྐུལ་བའི་ངོར་རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་ཞབས་རྡུལ་སྤྱི་བོས་ལེན་པ་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཆུ་ཕོ་རྟའི་ལོ། སྣྲོན་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན་སྒྲུབ་གནས་བཟང་པོ་ཆོས་འབྱུང་ཟངས་མཚོའི་རི་ཁྲོད་དུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ་ (Volume 3, Text 13)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ་བཞུགས། ། ཨོཾ་སིདྡྷི་རསྟུ། །གདོད་ནས་འགྱུར་མེད་འོད་གསལ་ཀློང་། །ལྷུན་གྲུབ་འོད་གདངས་རྡོ་རྗེ་སེམས། །ཐུགས་རྗེའི་སྣང་བར་འཆར་བ་ཅན། །དཔལ་མགོན་བླ་མ་ལ་བཏུད་ནས། །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས། ཁྱད་པར་རྫོགས་རིམ་སྣང་བ་བཞིའི། །མན་ངག་གསལ་བྱེད་ཡེ་གེའི་གནད། །མངོན་སུམ་འོད་གསལ་འཁོར་ལོ་སྤྲོ། །འདིར་ཇི་སྐད་དུ། གོང་གི་ཐུན་མོང་རྫོགས་རིམ་ལ༔ གོམས་པ་བརྟན་པོར་གྱུར་པ་ན༔ གསང་བ་གནད་ཀྱི་མན་ངག་བསྟན༔ ཞེས་གསུངས་པས་ཐུན་མོང་གི་རྫོགས་རིམ་ལྟར་ལྟ་བ་ཀ་དག་གི་གནས་ལུགས་ངོ་སྤྲད་ནས། སྒོམ་པ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གོམས་པ་བརྟན་པོར་གྱུར་རྗེས། ཁྱད་པར་གྱི་རྫོགས་རིམ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ལམ་ཟབ་མོ་འདི་ལ་འཇུག་པར་བྱ་སྟེ། འདི་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས། སྒོ་གསུམ་གྱི་བྱ་བ་གཏོང་བ་སྟེ། ལུས་ཀྱི་བྱ་བ། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད། ནང་ཕྱག་དང་བསྐོར་བ་ལ་སོགས་དམན་པའི་དགེ་བ། གསང་བ་སྒུལ་བསྐྱོད་ཙམ་ཡང་སྤངས་ཏེ། བསམ་གཏན་གྱི་འདུག་སྟངས་ལས་མི་གཡོ་བའོ། །ངག་གི་བྱ་བ། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་བཟླས་བརྗོད་སོགས། གསང་བ་རླུང་འགྲོ་འོང་ཙམ་ཡང་སྤངས་ནས་སོ་མར་འཇོག་པའོ། །ཡིད་ཀྱི་བྱ་བ། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག །ནང་ཐོས་བསམ་གྱི་ཚིག་རྟོག་དང་སེམས་འཛིན་གྱི་དམིགས་པ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་མི་རྟོག་པའི་ངང་ལ་གནས་པར་བྱའོ། །གཉིས་པ་དངོས་གཞི་ནི། ལུས་ངག་ཡིད་སྒོ་ཡུལ་དང་རླུང༔ གནད་དྲུག །ཅེས་གསུངས་པའང་རིགས་བསྡུ་ན་གཉིས་ཏེ། སྒོ་གསུམ་གྱི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པའོ། དང་པོ་ལ་གསུམ་ལས། ལུས་ཀྱི་གནད་ནི། གནས་ཁམས་ཤེས་པའི་ཁྱད་པར་གྱིས༔ སེང་གེ་གླང་པོ་དྲང་སྲོང་ཚུལ༔ ཞེས་པས། བལྟ་སའི་གནས་ཀྱི་ཁྱད་པར། ས་དམའ་བས་ནམ་མཁའ་མཐོང་རྒྱ་ཆུང་བ་དང་། ཅུང་ཟད་མཐོ་བས་མཐོང་རྒྱ་འབྲིང་དང་། མཐོ་ཞིང་མཐོང་རྒྱ་ཆེ་བ་དང་གསུམ། ཁམས་ཀྱི་ཁྱད་པར། ལུས་ཀྱི་འབྱུང་བ་ཚ་ཤེས་ཆེ་བ་དང་། ཚ་གྲང་སྙོམས་པ་དང་། གྲང་ཤས་ཆེ་བ་དང་གསུམ། ཤེས་པའི་ཁྱད་པར། བྱིང་བ་དང་། བྱིང་རྒོད་རེས་འཇོག་དང་། རྒོད་པ་ཤས་ཆེ་བ་དང་གསུམ་སྟེ། དེ་རྣམས་ལ་རིམ་པ་ཇི་ལྟ་བར་ཆོས་ལོངས་སྤྲུལ་པའི་བཞུགས་སྟངས་གསུམ་རང་རང་གི་གཟིགས་སྟངས་དང་བསྟུན་པ་གཅེས་སོ། །དེ་ལ་ཆོས་སྐུའི་འདུག་སྟངས་སེང་གེ་ལྟ་བུ་ནི་ལུས་འགྱིང་ཚུགས་སུ་འདུག་ལ་རྐང་མཐིལ་ཕྲད་པ་ས་ལ་ཕབ། སྤུས་མོ་ཕྱིར་སྒྱེད། ལག་སོར་བསྐུམ་སྟེ་ས་ལ་ཕབ་ནས་ལག་ངར་བསྲང་། རོ་སྟོད་སེང་ལ་བོར་ནས་རྩལ་མཇིང་པ་ལ་བསྐུར་བའོ། །དེས་ནི་ལས་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་འཕེལ་ཞིང་ཆོས་ཉིད་ཀྱི་སྣང་བ་ལྷུག་པར་འཆར་རོ། ལོངས་སྐུའི་འདུག་སྟངས་གླང་ཆེན་ལྟ་བུ་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། རྐང་སོར་ཕྱིར་འཕུལ། ལག་པའི་གྲུ་མོ་ས་ལ་བཙུགས་ནས་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། མཇིང་པ་ཅུང་ཟད་གྱེན་ལ་བཏེག་པའོ། །དེས་གཡོ་བྱེད་ཀྱི་རྟོག་པ་ནུབ་ནས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ལ་གནས་པར་འགྱུར་རོ། །སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། རྐང་མཐིལ་གཉིས་ས་ལ་ཕབ་ནས་ལོང་བུ་གཉིས་གཤིབས་པའི་ཙོག་པུར་འདུག །སྒལ་ཚིགས་དྲང་པོ་དང་མཇིང་པ་ཐད་དཀར་བསྲངས། ལག་བསྣོལ་བས་མཁལ་ཁུང་ངམ་པུས་མོ་ལ་བསྐོར་རོ། །དེས་འབྱུང་བ་སྙོམས་ཤིང་དལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་གནས་པར་འགྱུར་རོ། །ངག་གི་གནད་ནི། ངག་ནི་འཁྲུལ་གཏམ་སྨྲ་བ་བཅད༔ ཅེས་གསུངས་པས་ཉིན་རེ་བཞིན་སྨྲ་བ་ཇེ་ཉུང་ལ་བསླབས་ནས་གཞན་དང་འཁྲུལ་པའི་གཏམ་གླེང་བ་སྤངས་ཏེ། ཁ་ཏོན་སྔགས་བཟླ་ཙམ་མ་གཏོགས་མི་བརྗོད། མཐར་དེ་ཡང་བཀག་སྟེ་ཅི་ཡང་མི་སྨྲ་བར་ལ་བཟླ་བར་བྱའོ། །ཡིད་ཀྱི་གནད་ནི། ཡིད་ནི་དུས་གསུམ་རྟོག་པ་ཕྲལ༔ མ་བཅོས་ངོས་བཟུང་བྲལ་བར་བཞག༔ ཅེས་པས་ཕྱིའི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་དབང་པོ་མི་འགྱུར་བར་མདུང་ཚུགས་སུ་གཏད་ནས། སེམས་དུས་གསུམ་གྱི་དྲན་བསམ་འཕྲོ་འདུའི་རྟོག་པ་དང་ཕྲལ་ལ། མ་བཅོས་ངོས་གཟུང་དང་བྲལ་བའི་ངང་ལས་མི་གཡོ་བར་བསླབ་པར་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནས་རྣམས་ངེས་པར་བསྟུན། དེ་ཡང་ལུས་ཀྱི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་དང་གནས་པ་དང་། །ལོ་ཟླ་བརྟན་པར་བྱ་བ་འོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་སོ། །གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ལ་གཉིས་ཏེ། གནད་གསུམ་གྱིས་རང་ཐོག་ཏུ་དབབ་པ་དང་། མངོན་སུམ་གྱི་རང་ངོ་སྤྲོད་པའོ། །དང་པོ་ལ་གསུམ་ལས། འཆར་བྱེད་སྒོའི་གནད་ནི། སྒོ་ནི་ཆོས་ལོངས་སྤྲུལ་པའི་མིག༔ གྱེན་ཐད་ཐུར་དུ་ཟིམ་བུར་བལྟ༔ ཞེས་པས་གཟིགས་སྟངས་གསུམ་གང་རུང་ལས་མི་འགུལ་བར་བྱ་བ་སྟེ། ཆོས་སྐུའི་གཟིགས་སྟངས་མིག་གཉིས་ཡིད་ཙམ་གྱེན་ལ་བཟློག་པས་སྨིན་ཕྲག་གི་ནམ་མཁའ་ལ་བལྟའོ། །་ལོངས་སྐུའི་གཟིགས་སྟངས་མིག་གཉིས་ཐད་ཀ་ལས་ཡིད་ཙམ་མནན་པས་གཡས་གཡོན་གྱི་མཁའ་ལ་ཟུར་གྱིས་བལྟའོ། །སྤྲུལ་སྐུའི་གཟིགས་སྟངས་མིག་ཡིད་ཙམ་ཐུར་ལ་ཕབ་ནས་ཕྱེད་བཙུམ་ཟིམ་བུས་མཁའ་ལ་བལྟའོ། །དེ་ཐམས་ཅད་ལ་མིག་ཧ་ཅང་མ་བསྒྲིམས་པར་ཁོང་དལ་ལ་བློད་པས་ནམ་མཁའི་མཐོངས་ལས་མི་འགྱུར་བ་གནད་དོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་ནི་སྤྲིན་བྲལ་ནམ་མཁའ་ལ༔ ཉི་ཟླ་མར་མེའི་སྣང་བ་འོ༔ ཞེས་པས་ཡུལ་སྤྲིན་དང་བསིར་བུ་སོགས་སྒྲིབ་བྱེད་དང་བྲལ་བའི་ནམ་མཁའ་དྭངས་པ་ལ་ཉི་མར་རྒྱབ་ཕྱོགས་ནས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ཀྱི་དུས་སུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གཞལ་བའི་ནམ་མཁའ་ལ་གཏད་པར་བྱ་ཞིང་། སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་རྣམས་གང་རུང་ལ་བལྟ་བའོ། །གསུམ་པ་རླུང་རིག་གི་གནད་ནི། རླུང་ནི་ཤིན་ཏུ་དལ་བ་ལ༔ ཅུང་ཟད་འགྲོ་འོང་ཁ་ལས་སོ༔ ཞེས་པས་རླུང་གནད་འགྲོ་འོང་ཁ་ལས་དལ་བུས་རྒྱུ་བའམ་ཅུང་ཟད་ཕྱིར་འཕངས་ལ་འཇོག་ཅིང་རིག་པ་ནམ་མཁའི་དཀྱིལ་ལས་གཞན་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀར་ཟིང་ཟིང་དང་ཕྲ་ཕྲོ་ལས་དབྱིངས་སྣང་ལུ་གུ་རྒྱུད་དང་བཅས་པ་འཆར་ཏེ། དེ་དུས་དབྱིངས་ཀྱི་ར་བར་ལུ་གུ་རྒྱུད་བཅུག་ནས་འགུལ་འཕྲིག་མེད་པར་འཛིན་པ་ནི་གནད་དོ། །དེ་དག་ཀྱང་ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཀྱི་བརྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བ་འོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་དང་། སངས་རྒྱས་སྲས་གཅིག་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །ཞེས་གསུངས་སོ། །གཉིས་པ་མངོན་སུམ་གྱི་རང་ངོ་སྤྲོད་པ་ནི། དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་དེ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོའམ། དང་པོའི་སངས་རྒྱས་ཡེ་ནས་རང་ལ་ཡོད་པའི་རང་གདངས་དེ་རིང་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་དང་མཉམ་པ་ཞེས་བྱ་སྟེ། རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་ཉིད་ནི་མཉམ་པ་འོ། །ཞེས་པས་རང་ངོ་རང་གིས་མཐོང་བ་ལ་དགའ་བ་སྐྱེད་ཅིག །རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སོ་སོ་རང་རིག་གི་དོན་ཡེ་ནས་གནས་པའི་སྣང་བ་དེ་རིང་མཐོང་བ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་དང་། མངོན་སུམ་རྙེད་པའི་སྐལ་ལྡན་ལས། ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་བདར་ཤ་ཆོད་པ་འོ། །ཞེས་གསུངས་སོ། །གསུམ་པ་རྗེས་ལ་གཉིས་ལས། དེ་ལྟར་ཉམས་སུ་བླངས་པས་སྣང་བཞི་འཆར་ཚུལ་ངོས་བཟུང་བ་དང་། མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བའོ། །དང་པོ་ལ་བཞི་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་གནད་དྲུག་དང་ལྡན་པས༔ རང་རིག་ཡེ་ཤེས་ཆེན་པོ་ཡི༔ གསལ་གདངས་སྙིང་ལས་མིག་གི་སྒོར༔ དཀར་འཇམ་རྩ་ལས་བརྒྱུད་དེ་འཐོན༔ ནམ་མཁར་རྣམ་དག་སྒྲོན་མ་ནི༔ འཇའ་འམ་རྨ་བྱའི་མདོངས་འདྲ་འཆར༔ དེ་ནང་ཐིག་ལེ་སྟོང་སྒྲོན་ནི༔ མུ་ཁྱུད་ཐིག་ལེ་དུ་མ་འཆར༔ དེ་ནང་རྡོ་རྗེ་ལུ་གུ་རྒྱུད༔ རྟ་རྔ་མུ་ཏིག་ཕྲེང་འདྲ་འཆར༔ ཅུང་ཟད་འཕར་གཡོ་བྱེད་པའི་ཚུལ༔ རང་གདངས་རིག་པའི་ངོ་བོ་ཉིད༔ ཐིག་ལེ་ཉག་གཅིག་མཐོང་བ་སྟེ༔ ཆོས་ཉིད་མངོན་སུམ་སྣང་བ་འོ༔ ཞེས་པ་སྟེ། སྔར་བཤད་པ་ལྟར་སྒོ་གསུམ་གྱི་གནད་གཟིར་ཞིང་། སྒོ་ཡུལ་རླུང་གི་གནད་གསུམ་བསྟུན་པ་སྟེ། དེ་ལྟར་གནད་དྲུག་ལྡན་དུ་ཉམས་སུ་བླངས་པས་སོ་སོ་རང་རིག་གི་ཡེ་ཤེས་བདེ་བར་གཤེགས་པའི་ཁམས་སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་བཞུགས་པའི་གདངས་དཀར་འཇམ་རྩའི་ལམ་ལས་བརྒྱུད་དེ་རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོར་ཐོན་ནས། ཕྱི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་འཆར་ཞིང་། དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཀྱི་ཐིག་ལེ་དམར་ཟླུམ་མཐེ་བོང་ཙམ་ལས་གྲངས་གཅིག་གཉིས་སོགས་རིམ་པར་མཆེད་པའི་ནང་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མདུད་པ་བཏབ་པའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་ཅུང་ཟད་འཕར་གཡོ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་གཏད་ནས་བློས་གང་དུའང་མི་འཛིན་ཅིང་། དེའི་ངང་ལས་མི་གཡོ་བར་ཆེ་རེ་བལྟས་པས། ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་ཐོན་ནས། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་གསུངས་ཏེ། ཐིག་ལེ་སུམ་འབྲེལ་གྱི་སྣང་བ་ཚུན་ཆད་མངོན་སུམ་གྱི་སྣང་བ་ཡིན་ལ། དེ་ཡང་གཤིས་དོན་དམ་རིག་པའི་ངོ་བོ་ཉིད་ཀྱི་རང་གདངས་ཐིག་ལེ་ཉག་གཅིག་དབང་པོའི་མངོན་སུམ་གྱིས་མཐོང་ཞིང་། དེ་ལྟར་མཐོང་བས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་འགྱུར་ཏེ། དེ་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེ་ནས་བརྩོན་པས་བསྒོམས་པ་ལས༔ དབྱིངས་རིག་རེས་གསལ་རེས་མི་གསལ༔ ནམ་མཁའི་དབྱིངས་ཐོན་ཐིག་ལེ་ནི༔ ལྔ་ཚོམ་གསལ་འཚེར་ལྷུན་སྡུག་འཆར༔ ཟ་འོག་གུར་ཁྱིམ་ལྟ་བུ་དང༔ གྱེན་འགྲེང་རྩིབས་ཤར་ལ་སོགས་པ༔ ཡུལ་སྣང་ཀུན་ཏུ་ཁྱབ་པར་འཆར༔ ཐམས་ཅད་མི་འགུལ་རང་སར་གནས༔ དེ་ལས་ཕྱེད་སྐུ་སྐུ་རྐྱང་སོགས༔ གྲངས་མེད་ལམ་ལམ་ཝལ་གྱིས་གསལ༔ ཕྱི་ཡི་སྣང་རྐྱེན་གྲོགས་སུ་འཆར༔ ནང་གི་འཁྲུལ་པའི་ཡིད་དཔྱོད་བྲལ༔ གསང་བ་མི་རྟོག་རང་སར་གནས༔ ཉམས་སྣང་གོང་འཕེལ་སྣང་བ་སྟེ༔ འདི་དུས་ཤི་བ་ཆོས་ཉིད་ཀྱི༔ བར་དོར་མངོན་པར་འཚང་རྒྱའོ༔ ཞེས་པ་སྟེ། སྔར་ལྟར་བརྩོན་པས་ཉམས་སུ་བླངས་པས། དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས་རིམ་གྱིས་གོམས་པ་ན་དབྱིངས་རིག་སྨིན་མཚམས་ཀྱི་སོར་བཞི་ལས་དྲལ་ཏེ། ནམ་མཁར་ཐོན་ནས། དབྱིངས་སྣང་འཇའ་འོད། ཟླུམ་འཁྲིགས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམ་གསལ་འཚེར་འབར་བ་དང་བཅས་པ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། གྱེན་འགྲེང། རྩིབས་ཤར། དྲ་བ། པདྨ། མིག་མངས་རིས་སོགས་ཡུལ་སྣང་ཐམས་ཅད་གང་བའི་བར་དུ་ཇེ་རྒྱས་དང་། ཐིག་ལེ་ཡང་མེ་ལོང་དང་ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་དུ་ཇེ་ཆེ་དང་། ལུག་རྒྱུད་ཀྱང་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་གཙུག་ཏོར་ནས་རིམ་པར་ཕྱེད་སྐུ་དང་། སྐུ་རྐྱང་གི་བར་དུ་གྲངས་མེད་པ་ཡབ་རྐྱང་གི་རྣམ་པར་ཤར་ནས། འགུལ་འཕྲིག་མེད་པར་གནས་ཤིང་། འདི་དག་གི་དུས་ན་ཕྱི་སྣང་བ། ནང་ཕུང་པོ། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས། ཕྱིའི་སྣང་རྐྱེན་གྲོགས་སུ་འཆར། ནང་འཁྲུལ་པའི་ཡིད་དཔྱོད་དང་བྲལ། གསང་བ་མི་རྟོག་པའི་ངང་ལ་གནས་པ་སྟེ། འདི་ནས་མ་དག་པའི་འཁྲུལ་སྣང་རིམ་གྱིས་ནུབ་ནས། དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བས་གོང་འཕེལ་གྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་ཤིང་། འདི་དུས་ཤི་ན་ཆོས་ཉིད་ཀྱི་བར་དོར་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་བརྩོན་པས་རབ་བསྒོམས་ན༔ ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ༔ ཞི་ཁྲོ་རིགས་བརྒྱ་རིགས་ལྔ་སོགས༔ གྲངས་མེད་ཞིང་ཁམས་གང་བར་འཆར༔ འདི་དུས་ཤི་ན་ལོངས་སྐུའི་ཞིང༔ སྒྱུ་ལུས་འོད་ཕུང་ཆེན་པོར་གྲོལ༔ ཉོན་མོངས་རང་གྲོལ་སྒྲིབ་གཉིས་བྲལ༔ འཁྲུལ་པ་ཀུན་ཟད་ཡེ་ཤེས་རྒྱས༔ གདོས་བཅས་ཕུང་པོ་དབྱིངས་སུ་དག༔ སྐུ་དང་ཞིང་ཁམས་གཏན་ལ་ཕེབས༔ རིག་པ་ཚད་ཕེབས་སྣང་བའོ༔ ཞེས་པ་སྟེ། དེ་ལྟར་གོམས་པས་ས་རྡོ་རི་བྲག་སོགས་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས་ལྔ་ལྡན་འོད་ཀྱི་སྣང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ཏེ། མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེ་རེ་རེའི་ནང་དུའང་། རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་གྱི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པས་ཞི་ཁྲོ་རིགས་ལྔ་རིགས་བརྒྱ་ལ་སོགས་པའི་སྣང་བ་འཇིག་རྟེན་གྱི་ཁམས་གང་བལྟས་ཐམས་ཅད་ཁེངས་པར་འཆར་ཞིང་། དེ་དག་གི་ཐུགས་ཀ་ནས་ཤིན་ཏུ་ཕྲ་བའི་འོད་ཀྱི་ཟེར་ཐག་རང་གི་སྙིང་གར་འབྲེལ་བར་སྣང་ལ། དེའི་ཚེ་ཕྱི་ཡུལ་སྣང་ཡེ་ཤེས་སུ་སྣང་བས་ལོངས་སྐུའི་ཞིང་དུ་སྣང་། ནང་སྒྱུ་ལུས་འོད་ཕུང་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །དེ་ལྟར་ཕྱི་ནང་གི་རགས་པའི་དངོས་པོ་ཟད་དུས། གསང་བ་རླུང་སེམས་ཚད་ལ་ཕེབས་པས་རིག་པ་གང་ལའང་ཚུད་པའི་རྟགས་སུ་རིག་པ་གཏད་ཀྱང་འགུལ་ཞིང་སྐད་འབྱིན་པ་དང་། ཉོན་མོངས་པ་རང་གྲོལ་བས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་དེ། འཁྲུལ་སྣང་ཐམས་ཅད་ནུབ་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པས་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལ་དབང་འབྱོར་བ་ཐོབ། མདོར་ན་གདོས་བཅས་ཀྱི་སྣང་བ་དབྱིངས་སུ་དག་ནས་སྐུ་དང་ཞིང་ཁམས་གཏན་ལ་ཕེབས་པ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཞེས་དང་ཀློང་གསལ་ལས་ཀྱང་། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། སླར་ཡང་འབད་པས་ཉམས་བླངས་པས༔ སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང༔ འགག་པ་མེད་པས་ཐ་སྙད་ཀྱི༔ གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང༔ ཉམས་ཀྱི་འཕེལ་བ་ཀུན་ཟད་པས༔ གདོས་བཅས་ལུས་ཟད་འོད་དུ་ཡལ༔ ངག་ཟད་གཞོམ་མེད་རང་སྒྲར་ཡལ༔ འཁྲུལ་པའི་བློ་ཟད་ཆོས་སྐུར་གྲོལ༔ ཐོག་མའི་དབྱིངས་སུ་ལ་ཟླ་འོ༔ འདི་ནི་ཆོས་ཉིད་ཟད་པ་སྟེ༔ བརྩོན་པས་བསྒོམས་ན་ལོ་གསུམ་དང༔ ཟླ་བ་བདུན་ན་འཇའ་ལུས་ཀྱི༔ འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཅིང༔ ཞེས་པ་སྟེ། སྔར་བཞིན་ཉམས་སུ་བླངས་པས། རིམ་གྱིས་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ནས། ཆོས་ཉིད་གང་དུའང་བསམ་བརྗོད་བྲལ་བ་ལ་ཆོས་ཉིད་ཟད་པ་ཞེས་བྱ་བ་སྟེ། སྔར་གྱི་རྟགས་རྣམས་ཟད་ནས་ཅང་མེད་དུ་སོང་བ་མ་ཡིན་ཡང་། གདོས་བཅས་དང་སེམས་ཀྱི་སྤྲོས་པ་ཟད་དེ། ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་དུ་འདྲེས་པ་ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ། རིགས་ལྔའི་ཐུགས་ཀར་ཐིམ་པས་སློབ་ལམ་མཐར་ཕྱིན་ཏེ། ངོ་བོ་ཀ་དག་གི་སྣང་བ་མཐོང་དུ་ཉེ་བའོ། །ཟད་ལུགས་ནི། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་ཀྱང་འགྱུར་མེད་རང་གསལ་འཆར་གཞི་མ་འགགས་པས་དོན་ལ་བྲི་གང་མེད་པ་ལས་གདངས་དབྱིངས་སུ་རང་ཐིམ་པའི་ཚེ་སྟོང་མི་སྟོང་དང་འདི་ཡིན་འདི་མིན་སོགས་ཐ་སྙད་ཀྱིས་བཏགས་པའི་གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང་། གདངས་ཕྱིར་གསལ་ཉིད་ནང་དབྱིངས་སུ་ཐིམ་པའི་ཚུལ་གྱིས་ཕྱི་ཉམས་སྣང་གི་འཕེལ་བ་ཀུན་ཟད་ཅིང་། ནང་སྒྱུ་ལུས་ཟད་དེ་འོད་སྐུར་ཡལ་བས། དེའི་ཚེ་འོད་ཀྱི་ནང་ན་ལག་པའི་སོར་མོ་ཙམ་སྣང་བ་ལས་གཞན་གདོས་བཅས་སུ་སྣང་བ་གང་ཡང་མེད་པ་དང་། ངག་རླུང་ཟད་པས་སྒྲ་ཐམས་ཅད་གཞོམ་མེད་ཀྱི་རང་སྒྲར་ཡལ་བར་འགྱུར་ཞིང་། གསང་བ་གཡོ་བྱེད་ཀྱི་རླུང་ཟད་པས་འཁྲུལ་པའི་བློ་རྟོག་ཚོགས་ཀྱི་ཉོན་མོངས་པ་ཐམས་ཅད་རང་དག་ནས་གཞོན་ནུ་བུམ་པ་སྐུའི་ཞིང་དུ་གྲོལ་ཏེ། ཐོག་མའི་གཞི་དབྱིངས་སུ་ལ་ཟླ་བའོ། །དེའི་ངང་ལས་རྟེན་དེ་ཉིད་ཀྱིས་འགྲོ་དོན་མཛད་ན། འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུར་བཞེངས་ནས། སྐྱེ་བ་དང་འཇུག་པ་ལ་དབང་བ་གཉིས་ཀྱིས་དོན་མཛད་དོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་དང་། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །ཚེ་འདི་ཉིད་ལ་འཚང་རྒྱ་འོ། །ཞེས་སོ། །འདི་ནི་ཆོས་ཉིད་ཟད་པའི་སྣང་བ་ཡིན་ཏེ། ལམ་འདི་ལ་ཞུགས་ནས་བརྩོན་པ་རབ་ཀྱིས་བསྒོམས་ན་ལོ་གསུམ་དང་ཟླ་བ་བདུན་གྱི་དུས་ལས་མི་འདའ་བར། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་རིག་པའི་གཤིས་ཐོག་ཏུ་དེངས་ནས་འཇའ་ལུས་འཕོ་མེད་རྡོ་རྗེའི་སྐུ་མངོན་དུ་མཛད་པ་ཡིན་ནོ། །གཉིས་པ་མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བ་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། མི་འགུལ་གསུམ་ལ་གཞི་བཅས་པས༔ ཞེས་པ་སྟེ། ལུས་མི་འགུལ་བ་བཞུགས་སྟངས་གསུམ། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བདལ་ཞིང་སླད་མེད་པས་དབྱིངས་སྣང་ལས་མི་འདའ་བ་སྟེ། འདི་གསུམ་སྤྱིར་ཉམས་ལེན་དང་མ་བྲལ་བ་དང་། ཁྱད་པར་ཆོས་ཉིད་མངོན་སུམ་གྱི་དུས་སུ་གཅེས་སོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། སྡོད་པ་གསུམ་གྱིས་ཚད་བཟུང་སྟེ༔ ཞེས་པ་སྟེ། དེ་ལྟར་བསྒོམས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་རང་འགགས་སུ་འགྲོ་སྟེ། འདི་དག་གཙོ་བོར་ཉམས་གོང་འཕེལ་གྱི་དུས་སུ་གཅེས་སོ། །འདི་དུས་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་སྟེ། དང་པོ་རྨི་ལམ་བཟང་པོ་རྨི། བར་དུ་རྨི་ལམ་ཟིན། ཐ་མར་འོད་གསལ་གྱི་དབྱིངས་སུ་ནུབ་ནས་རྨི་ལམ་རྒྱུན་ཆད་དོ། རྟགས་ནི། ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ། ངག་ལྐུག་པ་ལྟ་བུ། སེམས་བྱ་རྙི་ལ་ཟིན་པ་ལྟ་བུའོ། །ཉམས་གོང་འཕེལ་གྱི་དུས་སུ། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ། ངག་སྨྱོན་པའི་ཚིག་ལྟ་བུ། སེམས་རྩི་དུག་གིས་ཐེབས་པ་ལྟ་བུའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟ་བུ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟ་བུ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུ་འོ། །ཆོས་ཉིད་ཟད་པའི་དུས་སུ། ལུས་བར་སྣང་གི་འཇའ་ཚོན་ལྟ་བུ། ངག་བྲག་ཆའི་སྒྲ་ལྟ་བུ། སེམས་ན་བུན་བར་སྣང་ལ་དྭེངས་སུ་ཉེ་བ་ལྟ་བུའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཐོབ་པ་གསུམ་གྱི་གཟེར་ཐེབས་ནས༔ ཞེས་པ་སྟེ། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་ཀྱི་ལུས་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཉོན་མོངས་པ་ཡེ་ཤེས་སུ་གྲོལ་ལོ། །འདི་དག་གཙོ་བོར་རིག་པ་ཚད་ཕེབས་ཀྱི་དུས་ན་འབྱུང་ངོ་། བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། རེ་དོགས་མཚན་མ་ཀུན་དག་ནས༔ ཆོས་དབྱིངས་རང་ས་ཟིན་པར་འགྱུར༔ ཞེས་པ་སྟེ། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ། མར་འཁོར་བ་ལ་ལྷུང་གི་དོགས་པ་དང་། མི་ལྟུང་དུ་རེ་བ་བཞི་ལས་གྲོལ་བ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་སོ། །དེ་ལྟར་ཉམས་ལེན་དངོས་གཞི་ལ་ཞུགས་པ་ནས་བརྩམས་ཏེ། བརྩོན་འགྲུས་རབ་ཀྱིས་ལོ་གསུམ་དང་ཟླ་བ་བདུན་ནམ་གཅིག །འབྲིང་གིས་ལོ་ལྔ་དང་ཟླ་བ་ལྔ་ཞག་དྲུག །ཐ་མས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ན་ཆོས་ཉིད་གདོད་མའི་ས་ལ་ལྷག་མེད་གྲོལ་ནས་རང་ས་ཟིན་པར་གདོན་མི་ཟ་བ་ཡིན་ནོ། །དེ་དག་གིས་དབང་པོ་རབ་ཚེ་འདིར་གྲོལ་ཚུལ་བསྟན་པ་སྟེ། འབྲིང་བར་དོར་གྲོལ་ཚུལ་དང་། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་རྣམས་ནི་རྫོགས་པ་ཆེན་པོའི་མན་ངག་སྤྱི་ལྟར་ཤེས་པར་བྱའོ། །དེ་ལྟར་མཆོག་གསང་མན་ངག་གནད་ཀྱི་དོན། །གསལ་བྱེད་མངོན་སུམ་འོད་གསལ་འཁོར་ལོ་ཡིས། །སྲིད་པའི་སྡུག་བསྔལ་དྲྭ་བ་རབ་བཅད་ནས། །འགྲོ་ཀུན་གདོད་མའི་ཞིང་ལ་གྲོལ་བར་ཤོག །ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་དོན་གསལ་བར་བྱེད་པའི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ་ཞེས་བྱ་བ་འདི་ནི་ཇོ་བསྟན་དགེ་སློང་སྤོང་བ་པ་བསོད་ནམས་མཐའ་ཡས་ཀྱི་གསུང་ངོར་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ་ (Volume 3, Text 14)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྨི་ལམ་གྱི་ཁྲིད་ཡིག་ཟིན་བྲིས་སུ་སྤེལ་བ་ཉིང་འཁྲུལ་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རང་རི༵ག་ཀློང་དུ་གཟུང་འཛི༵ན་ཡོངས་གྲོལ་བས། །འགྱུར༵་མེད༵་རླུང་སེམས་འོད་གསལ་སྒྱུ་མའི་ལྷར། །སྟོན་མཛད་བླ་མ་རྡོ༵་རྗེ༵་སེམས་དཔའ་ལ། །བཏུད་ནས་རྨི་ལམ་འཛིན་སྦྱོང་མན་ངག་འགྲོལ། །འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་གི་ཁྲིད་ཆུང་ལས། རྨི་ལམ་གྱི་མན་ངག་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་སྦྱོར་དངོས་གཉིས་ལས། དང་པོར་སྦྱོར་བ་ནི། དང་པོ་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཞེས་པས། ཐོག་མར་དལ་འབྱོར་གྱི་རྟེན་འདི་ཡང་ཡང་རྙེད་དཀའ་བར་བསམ་པ་དང་། ད་རེས་རྙེད་ཀྱང་ངེས་པར་འཆི་ཞིང་ནམ་འཆི་ཆ་མེད་པར་བསམ་པའི་མི་རྟག་པའི་དྲན་ཤེས་དང་། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་དུ་ཤེས་པས་ཅིས་ཀྱང་དགོས་མེད་ཀྱི་བློ་དྲག་ཏུ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་གདན་ཁྲི་མཐོ་ཞིང་ཡངས་པ་ལ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དམ་པ་མཁྱེན་སྙམ་པས་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་པས་ཚུགས་ཐབས་མེད་པའི་སྙིང་རྗེས་ཡིད་དྲངས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས་སེམས་བསྐྱེད། རང་གི་སྤྱི་བོར་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསྒོམས་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་རྨི་ལམ་ཟིན་པའམ་འབྱོངས་པར་སྐབས་ཐོབ་ཀྱིས་བསྒྱུར་བས་གསོལ་བ་དྲག་ཏུ་བཏབ་ནས། མཐར་བླ་མ་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་ཐིམ་རང་ལུས་རྡོ་རྗེ་སེམས་དཔའི་སྐུ་གསལ་སྟོང་དུ་ལྷག་གིས་ཤར་བར་བསམས་ལ། རྩ་བྲལ་གྱི་ཤེས་པ་ཡེངས་མེད་ཀྱི་ངང་ནས་འཆར་སྒ་ོམ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུའི་རང་ངོ་ལ་སལ་ལེ་རྗེན་ནེ་བཞག་གོ །གཉིས་པ་དངོས་གཞི་ལ། རྨི་ལམ་བཟུང་བ་དང་། སྦྱང་བ་དང་། གཅིག་ཏུ་བྱེད་པའི་བསམ་གཏན་དང་གསུམ། དང་པོ་རྨི་ལམ་བཟུང་བ་ལ། ཉིན་པར་དྲན་པ་ཡེངས་མེད་ཀྱིས་བཟུང་བ་དང་། མཚན་མོ་མན་ངག་བཙན་ཐབས་ཀྱི་གདམས་པའོ། །དང་པོ་ནི། བག་ཆགས་དབང་ལས་མེད་བཞིན་དུ༔ སྣང་བའི་ཕྱི་རོལ་སྣང་བ་ལ༔ དེར་འཛིན་དགག་སྒྲུབ་འཆར་སྒོ་ཀུན༔ རྨི་ལམ་ལྟ་བུར་ཡེངས་མེད་དུ༔ དྲན་འདུན་དྲག་པོས་རྟག་ཏུ་བཟུང༔ ཞེས་པས་དབེན་པར་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་ལ་སྐྱོ་ཤས་དྲག་པོ་བསྐྱེད། ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པ་ལ། དེ་ལྟར་མ་ཤེས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་རྣམས་ཨ་ཙ་མ་སྙམ་དུ་བཟོད་མེད་ཀྱི་སྙིང་རྗེ་དྲག་པོ་བསྐྱེད། སྔར་བཞིན་བླ་མ་ལ་མོས་གུས་དྲག་པོས་རྨི་ལམ་ཟིན་པ་དང་། སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་མོས་གུས་ཀྱི་གདུང་ཤུགས་ལས། ད་ལྟའི་སྣང་བ་ཨ་འཐས་ཅན་འདི་བདེན་མེད་དུ་བུན་ལོང་གིས་སོང་བའི་འཆར་སྒོ་མ་འགགས་པའི་རྩལ་ལ་རང་སོ་འཛུགས་ཏེ། འདི་ལྟར་སྣང་བའི་ཡུལ་བཟང་ངན་དང་། དེ་ལ་དགག་སྒྲུབ་ཏུ་འཛིན་པའི་འཆར་སྒོ་ཀུན་སེམས་ལ་བག་ཆགས་བཞག་པའི་འཁྲུལ་སྣང་གི་དབང་ལས་སྣང་ཞིང་མྱོང་བ་མ་གཏོགས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། འདི་རྣམས་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་དུ་སྤྱིར་བདེན་མེད་དང་། སྒོས་སུ་རྨི་ལམ་དུ་ཤེས་པའི་རྩིས་བཟུང་སྟེ་ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་ཡིན། སྒྱུ་མ་ཡིན། ངེས་པར་དུ་གཉིད་དུ་སོང་འདུག་སྙམ་པའི་དྲན་འདུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག །རྗེས་ཤེས་འགྲོ་འཆག །ཉལ་བ། འདུག་པ། ཟ་བ། གཏམ་སྨྲ་བ་སོགས་སྤྱོད་ལམ་ཐམས་ཅད་དུ། འཆི་བ་ཡིན། ཅིས་ཀྱང་དགོས་པ་མེད་སྙམ་པ་དང་། བླ་མའི་སྣང་བ་དང་མི་འབྲལ་བར་མོས་གུས་དུང་དུང་བ་དང་། ཁྱད་པར་ང་གཉིད་དུ་སོང་འདུག །འགྲོ་འཆག་འདི་ཡང་རྨི་ལམ་དུ་འདུག་སྙམ་པའི་འདུན་པ་དྲག་ཏུ་བཏང་། དེ་ལྟར་མཉམ་རྗེས་ཀུན་ཏུ་དྲན་འདུན་རྒྱུན་ཆགས་སུ་བཏང་པས། སྣང་བ་བདེན་མེད་བཀྲག་མེད་དུ་ཆམ་གྱིས་སོང་བ་དང་། དེ་ཡང་གཏད་ཡལ་དུ་བསྐྱངས་ལ་མི་རྟོག་པའི་ངང་ལ་བཞག །དེ་ནས་རང་གཞན་གྱི་སྣང་བ་ཐམས་ཅད་ལ་སེམས་གཏད་དེ། འདི་ཐམས་ཅད་སྣང་ནི་སྣང་། བདེན་ནི་མི་བདེན་སྙམ་པ་དང་། ཁྱད་པར་གཉིད་དུ་སོང་འདུག །སྣང་བ་འདི་ཀུན་རྨི་ལམ་རང་ཡིན་པར་འདུག་སྙམ་དུ་དྲན་འདུན་དྲག་པོས་ཡེངས་མེད་དུ་བསྐྱང་ངོ་། །གཉིས་པ་མཚན་མོ་མན་ངག་བཙན་ཐབས་ཀྱི་གདམས་པ་ནི། ཉལ་དུས་རྨི་ལམ་བཟུང་སེམས་ཀྱིས༔ སྤྱོད་ལམ་དལ་བརྟེན་སེམས་ཀྱི་གནད༔ སྙིང་ནང་ཨ་དཀར་དྲི་མ་མེད༔ སྣ་ཚོགས་འོད་ཟེར་འཕྲོ་བ་ཡིས༔ འཁོར་འདས་འོད་ཞུ་ཨ་ལ་བསྟིམ༔ དྲི་མེད་མཁའ་ལ་ཟླ་ཤར་འདྲའི༔ གསལ་སྣང་མ་བྲལ་ངང་ལ་ཉལ༔ རྨི་ལམ་མང་ཞིང་གསལ་ལ་ཟིན༔ ཞེས་པས། སྲོད་ལ་ཉལ་ཁར་བླ་མའི་རྣལ་འབྱོར་བསྒོམས་ལ་མོས་གུས་དྲག་པོས། དོ་ནུབ་རྨི་ལམ་མང་པོ་རྨི་བར། གསལ་པོ་རྨི་བར། བཟང་པོ་རྨི་བར། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། ཞེས་སམ། རྨི་ལམ་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ། སྤྱོད་ལམ་དལ་བས་རྩ་རླུང་མ་འཁྲུགས་པར་བྱ་ཞིང་། ལུས་གནད་སྐྱིལ་ཀྲུང་ཙོག་པུ། མགོ་བྱང་དུ་བསྟན་སྔས་མཐོ་བར་བྱས་ལ་གཞོགས་གཡས་ཕབ་པའི་སེང་གེའི་ཉལ་སྟབས་གསུམ་གང་རུང་གིས་ཉལ་ལ། དམིགས་པའི་གནད། རང་ལུས་ལྷ་སྐུ་གསལ་སྟོང་དུ་ཤར་བའི་སྙིང་ནང་དུ་ཨ་ཡིག་དཀར་པོ་དྲི་མ་མེད་པ་འོད་ཀྱི་རང་བཞིན་ཅན་ཞིག་ལ་སལ་ལེ་མཉམ་པར་བཞག །བླ་མའི་མོས་གུས་དང་རྨི་ལམ་གྱི་དྲན་འདུན་བྱ། ཨ་ཡིག་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་ཟེར་ལྟ་བུ་འཕྲོས། སྣང་བ་ཐམས་ཅད་ལ་ཁྱབ། རྨི་ལམ་ཡིན་སྙམ་པའི་དྲན་འདུན་བྱ། དེས་འཁོར་འདས་ཀྱི་ཆོས་གང་ལྟར་སྣང་བའི་སྣང་བ་དེ་ཐམས་ཅད་མེར་ཁྱོམ་གྱིས་འོད་དུ་ཞུ། རྨི་ལམ་གྱི་དྲན་འདུན་བྱ། དེ་ཚུར་འུབ་ཀྱིས་འདུས་པ་སྙིང་གའི་ཨ་ལ་བསྟིམ། དྲན་འདུན་བྱ། ཨ་ཡིག་ནམ་མཁའ་དྭངས་པ་ལ་ཟླ་བ་ཤར་བ་ལྟར་སལ་ལེ་སྣང་བ་ལ་ཡིད་གཏད་དེ། དྲན་འདུན་བྱ། དེ་ཀའི་ངང་ནས་ཨ་ཡིག་གསལ་ལ་འཛིན་པ་མེད་པ་ལ་སེམས་གཏད་དེ་གཉིད་ལོག་པས་རྨི་ལམ་མང་ལ་གསལ་བར་རྨི་ཞིང་། འདི་རྨི་ལམ་ཡིན་འདུག་སྙམ་དུ་ཟིན་པར་འགྱུར། དེ་ལ་གཉིས་ལས། འཇམ་ཟིན་ནི། རྨི་ལམ་དུ་འདུག་སྙམ་པ་དང་གཉིད་ཐུམ་འཕྲས་མང་པོ་འབྱུང་། རྩུབ་ཟིན་ནི། གཡང་ལ་ཤོར་བའམ་ཁྱིས་དེད་པ་ལྟ་བུའི་འཇིགས་སྐྲག་ཡ་ང་བ་ཞིག་རྨིས་པ་ལ་བརྟེན་ནས་འདི་རྨི་ལམ་ཡིན་པར་འདུག་སྙམ་དུ་ཤེས་པར་འགྱུར། གལ་ཏེ་སྲོད་ལ་མ་ཟིན་ན། གཉིད་སད་པ་དང་། ངས་སྲོད་ལ་རྨི་ལམ་འདི་འདྲ་བྱུང་འདུག་སྟེ་མ་ཟིན་པར་འདུག་སྙམ་དུ་ཕྱི་བལྟ་བྱ་ཞིང་སྒྱུ་མར་བསྒོམ། ད་ཅིས་ཀྱང་ཟིན་པར་བྱ་སྙམ་དུ་དྲན་འདུན་བཏང་ལ་སྔར་གྱི་དམིགས་པ་བསྒོམས་ཏེ་གཉིད་པས། དེས་ཀྱང་མ་ཟིན་ན་དུས་ཀྱི་གནད། ཐོ་རངས། ནམ་ལངས། ཉི་ཤར་གྱི་དུས་གསུམ་ཡིན་པས། ནམ་སྨད་གཉིད་ཀྱི་ལྷག་མ་ཅུང་ཟད་ཡོད་པའི་སྐབས་དེར་གཉིད་སངས་ཏེ། ལུས་གནད་བཅས་སྔར་གྱི་དམིགས་པ་དེ་ཀ་ལ་འདུན་པ་དྲག་པོ་དང་བཅས་ཏེ་བསྒོམ། དུས་གནད་གསུམ་པོ་གང་རུང་གི་དུས་ལ་སླེབས་པ་དང་ལུས་གནད་གསུམ་པོ་གང་རུང་ཞིག་བཅས་ཏེ། དམིགས་པ་སྔར་གྱི་དེ་ཀ་བསྒོམས་མཐར་གསལ་ལ་འཛིན་མེད་ཀྱི་ངང་དེར་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །མདོར་ན་ཉིན་དུས་མཉམ་རྗེས་ཐམས་ཅད་དུ་རྨི་ལམ་གྱི་དྲན་འདུན་རྒྱུན་མ་ཆད་པར་ཡེངས་མེད་དུ་བསྐྱངས་པའི་ནུས་པས། མཚན་མོ་གཉིད་དུ་འགྲོ་ཁར། སད་དུས་ཀྱི་སྣང་བ་རགས་པ་འདི་ནུབ། གཉིད་འཐུག་པོ་རང་དུ་མ་སོང་བའི་བར་དེར། གཉིད་དང་རྨི་ལམ་གྱི་སྣང་བའི་བར་གྱི་རྣམ་རྟོག་ཅེས་བྱ་བ། རྣ་བར་སྒྲ་རོང་པའམ། ལུས་སྦྲིད་པ་སྙམ་པ་དང་། ཐིབ་ཐིབ་ནོན་པའམ། དབུགས་ཐུམ་འཕྲས་དང་། སྨིན་མཚམས་སུ་སྦྲིད་སྦྲིད་པ་ལྟ་བུའི་ཉམས་ཀྱི་རྗེས་དེ་མ་ཐག་པར། མིའམ་ཁང་ཁྱིམ་ལ་སོགས་པའི་རྟོག་པ་གསལ་པོ་མིན་པའི་རིབ་རིབ་པ་ཙམ་དུ་འབྱུང་སྟེ། དེ་རྨི་ལམ་གྱི་རྒྱུ་ཡིན་པས་དེ་ཀ་ངོས་ཟིན་པར་བྱས་ན་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་རྨི་ལམ་མུ་འབྱོར་བར་འགྱུར་ཞིང་། དེའི་དུས་སུ་མིག་མི་འབྱེད་པར་འོག་རླུང་བསྐུམས་ནས་གང་ཟིན་དེ་ལ་གཏད་དེ་སྦྱོང་བའི་འདུན་པ་བྱས་པས་སད་འབྱམས་སུ་མི་འགྲོ་ཞིང་། གང་ཟག་རབ་ལ་དེ་ཀས་འབྱོངས་པའང་སྲིད་དོ། །དེ་ལྟར་ཡང་ཡང་བཟུང་ཀྱང་མ་ཟིན་ན་འབྱམས་པ་ཡིན་པས། དེ་ལ་བཞི་སྟེ། རྨི་ལམ་རྨི་རུ་མ་འདོད་ན་སྟོང་འབྱམས། མང་པོ་རྨི་ཡང་རྨི་ལམ་དུ་ངོ་མ་ཤེས་ན་རྡུགས་འབྱམས། རྨི་ལམ་ཟིན་མ་ཐག་གཉིད་སད་ན་སད་འབྱམས། རྨི་ལམ་ཟིན་མ་ཐག་ཐ་མལ་གྱི་རྨི་ལམ་དུ་ཤོར་ནས་འཁྲུལ་འགྲོ་ན་དྲེད་འབྱམས་ཞེས་བྱ་སྟེ། དེ་འདྲ་ལང་ཤོར་གྱིས་ཡང་ཡང་འབྱུང་ན་འབྱམས་གཅོད་ཀྱི་མན་ངག་ཀྱང་དགོས་པ་ཞལ་ལས་ཤེས་པར་བྱའོ། །གཉིས་པ་སྦྱང་བ་ལ་གསུམ་སྟེ། སྤེལ་བསྒྱུར་བ་ལ་སྦྱང་བ། སྒྱུ་མར་སྦྱང་བ། སྒྱུ་མའི་རྣམ་ཐར་ལ་སྦྱོང་བའོ། །དང་པོ་ནི། དེ་ལྟར་ཟིན་པར་གྱུར་པ་ན༔ སྣང་བ་འདི་ཀུན་རྨི་ལམ་སྟེ༔ གར་ཡང་བསྒྱུར་རུང་བསམ་བྱས་ལ༔ གཅིག་ལས་མང་པོར་སྤེལ་བ་དང༔ མང་པོ་གཅིག་ཏུ་བསྡུ་བ་དང༔ ཞི་ཁྲོ་སོ་སོར་བསྒྱུར་བ་དང༔ ཞེས་པས་རྨི་ལམ་ཟིན་པ་ལ་བརྟན་པ་ཐོབ་ནས་སྦྱང་དགོས་ཤིང་། དེ་ཡང་གཅིག་ཏུ་ཞེན་པའི་གཉེན་པོར་སྤེལ་བསྒྱུར་ལ་སྦྱང་དགོས་ཏེ། བླ་མའི་རྣལ་འབྱོར་བསྒོམས་ལ། རྨི་ལམ་འབྱོངས་པར་གསོལ་བ་བཏབ་རྗེས། ཉིན་པར་གང་སྣང་ཐམས་ཅད་ལ་རྨི་ལམ་གྱི་འདུན་པས་ཨ་འཐས་བཤིག་སྟེ་ང་གཉིད་དུ་སོང་འདུག །སྣང་བ་འདི་ཀུན་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་གྱི་སྣང་བ་བདེན་པར་མ་གྲུབ་པས་ཅིར་ཡང་བསྒྱུར་དུ་བཏུབ་སྙམ་དུ་བསམས་ན། སྣོད་བཅུད་ཀྱི་སྣང་བ་ཕྲ་རགས་ལ་ཕར་ཐལ་ཚུར་ཐལ་དུ་སྦྱང་བ་དང་། གཅིག་ལསམང་པོར་སྤེལ་ཞིང་། མང་པོ་གཅིག་ཏུ་རིམ་གྱིས་བསྡུ་བ་དང་། ཀ་བུམ་སོགས་སྲོག་ཆགས་མི་དང་དུད་འགྲོར་བསྒྱུར་བ་དང་། དེ་བཞིན་དུ་སྲོག་ཆགས་ཀ་བུམ་སོགས་གང་འདོད་དུ་བསྒྱུར་བ། ཞི་བ་ཁྲོ་བོར་དང་། ཁྲོ་བོ་ཞི་བར་བསྒྱུར་བ་སོགས་བློས་གང་འདོད་དུ་སྤེལ་ཞིང་སྣ་ཚོགས་སུ་བསྒྱུར་བ་ལ་བསླབ་པར་བྱའོ། །མཚན་དུས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་དང་སྔར་གྱི་འདུན་པ་དང་དམིགས་པས་ཇི་ཙམ་འདོད་པ་སྤེལ་ཞིང་གང་ལྟར་འདོད་པར་བསྒྱུར་བར་བྱ་བ་ཡིན་ནོ། །གཉིས་པ་སྒྱུ་མར་སྦྱང་བ་ནི། རྨི་ལམ་དུ་མེ་ཆུ་དང་གཡང་ས་སོགས་རྨིས་ནས། དེ་ལ་དངངས་སྐྲག་སྐྱེས་པས་སྦྱོང་བའི་གེགས་བྱེད་ན། གང་ཡ་ང་བ་ལ་ཐོག་བརྫིས་བྱ་སྟེ། ང་གཉིད་དུ་སོང་འདུག །ངའི་རྣམ་སྨིན་གྱི་ལུས་ནི་མལ་ན་ཡོད། ལུས་འདི་ནི་རྨི་ལམ་བག་ཆགས་ཀྱི་ལུས་སུ་འདུག །སྣང་བ་འདི་ཡང་རྨི་ལམ་གྱི་སྣང་བར་འདུག །རྨི་ལམ་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པས། རྨི་ལམ་གྱི་མེས་འཚིག་པ་དང་ཆུས་ཁྱེར་བ་མེད་སྙམ་དུ་མེ་ཆེན་པོ་དང་ཆུ་ཆེན་པོའི་ནང་དུ་ཐོག་བརྫིས་ཀྱིས་མཆོངས་ལ། རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་གཏོང་། དེ་ཡང་རྨི་ལམ་སེམས་ཀྱི་འཁྲུལ་སྣང་ཡིན། རང་གི་སེམས་ཀྱང་སྟོང་པ་ཉིད་ཡིན་སྙམ་དུ་ཤེས་པར་བྱས་ནས་འཇིགས་སྐྲག་གང་སྐྱེས་ཀྱི་སྣང་བ་དེ་དང་། རང་སེམས་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་གོ །གསུམ་པ་སྒྱུ་མའི་རྣམ་ཐར་ལ་སྦྱང་བ་ནི། དག་དང་མ་དག་ཞིང་རྣམས་སུ༔ འགྲོ་དང་ཆོས་ཞུ་གནས་ལུགས་བལྟ༔ དེ་ལྟར་ཡིད་བྱེད་མཚན་དུས་སྦྱར༔ གང་གཏད་འདུན་པ་མངོན་དུ་འགྱུར༔ ཞེས་པས། ཡོན་ཏན་བསྐྱེད་པའི་ཕྱིར་སྒྱུ་མའི་རྣམ་ཐར་ལ་སྦྱང་བ་ཞེས་ཡུལ་སྣང་གཏན་ལ་འབེབས་པ་སྟེ། དེ་ཡང་མ་དག་པའི་ཞིང་ཁམས་ལྷ་དང་མིའི་གནས་སོགས་བདེ་འགྲོ་དང་། དམྱལ་བའི་གནས་སོགས་གང་བལྟ་འདོད་པ་དང་། དག་པའི་ཞིང་ཁམས་བདེ་བ་ཅན་དུ་སངས་རྒྱས་སྣང་བ་མཐའ་ཡས་སོགས་དང་། ཡང་རང་གི་བླ་མ་གང་བཞུགས་དེར་ཞལ་མཇལ་ནས་ཆོས་ཞུ་བ་དང་། དག་མ་དག་གི་ཞིང་དང་གང་ཟག་གི་གནས་ལུགས་ཇི་ལྟར་འདུག་བལྟ་འདོད་པས། བླ་མའི་རྣལ་འབྱོར་བསྒོམས་ནས། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་སྟེ། ཉིན་དུས་ཞིང་ཁམས་གང་དང་གང་བལྟ་ཞིང་ཆོས་ཉན་པ་སོགས་གང་འདོད་པ་དེ་དང་དེའི་འདུན་པ་གཏད་པས། མཚན་མོ་རྨི་ལམ་ཟིན་པ་དང་རྨི་ལམ་ལ་གང་ཡང་བཏུབ་སྙམ་དུ་ཤེས་པར་བྱས་པས། གང་བལྟ་འདོད་པ་དང་ཆོས་དང་ལུང་བསྟན་སོགས་ཉན་འདོད་པ་དེ་རྩོལ་མེད་རང་ཤར་དུ་མཐོང་ཞིང་ཐོས་ན་རབ། དེ་མིན་ཉིན་དུས་རང་ལུས་སམ་གཞན་དུ་སྤྲུལ་ཀྱང་རུང་སྟེ། ནམ་མཁའ་ལ་ཡེར་གྱིས་འཕུར་ཏེ་གང་འདོད་དུ་བསླེབས་ནས་མཐོང་ཞིང་ཐོས་པར་བསམས་པས། མཚན་མོ་རྨི་ལམ་དུ་ཡང་དེ་ལྟར་འབྱུང་ཞིང་། དེ་རྣམས་ཀྱང་དང་པོ་འོལ་སྤྱི་ཙམ་དང་། དེ་ནས་ཇེ་གསལ་གྱིས་མཐར་ཇི་ལྟ་བ་ཤེས་པར་འགྱུར་བའོ། །གསུམ་པ་གཅིག་ཏུ་བྱེད་པའི་བསམ་གཏན་ལ་གསུམ་སྟེ། དག་པའི་སྒྱུ་ལུས་དང་གཅིག་ཏུ་བྱེད་པའི། འོད་གསལ་དང་གཅིག་ཏུ་བྱེད་པའི། བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་ནོ། །དང་པོ་ནི། དེ་ནས་ལྷ་སྐུ་སྒྱུ་མ་རུ༔ བལྟ་ཞིང་འདུན་པ་དྲག་པོས་ཉལ༔ གཉིད་དུས་གཅན་གཟན་མེ་ཆུ་དང༔ འཇིགས་སྐྲག་སྣང་བ་ཤར་བ་ན༔ མེད་ཅིང་སྣང་བའི་འཁྲུལ་ངོ་ལ༔ སེམས་བསྲེས་ལྷ་སྐུ་སྒྱུ་མར་བསྒོམ༔ ཞེས་པས་རྨི་ལམ་ལྷ་སྐུ་སྒྱུ་མ་ལྟ་བུར་འཆར་བར་གསོལ་བ་བཏབ་ལ། ཉིན་པར་རྨི་ལམ་བཟུང་བའི་འདུན་པའི་སྟེང་དུ། དོ་ནུབ་རྨི་ལམ་རྨི་བ་རྨི་ལམ་དུ་ཤེས་པས་མི་ཕན། ཡི་དམ་གྱི་ལྷ་སྐུ་སྣང་སྟོང་ཞེན་བྲལ་སྒྱུ་མ་ལྟ་བུར་བསྒྱུར་དགོས་སྙམ་པའི་འདུན་པ་ཡང་ཡང་བྱས་ཏེ་ཉལ་བས། མཚན་དུས་འཇིགས་སྐྲག་གི་སྣང་བ་ལྟ་བུས་རྐྱེན་བྱས་ནས་ལྷ་སྐུར་རྩོལ་མེད་དུ་སྒྱུར་ནུས་ན་དེས་ཆོག །གལ་ཏེ་མ་ནུས་ན། ཉིན་པར་ང་གཉིད་ལ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་རང་སེམས་ཀྱི་འཁྲུལ་སྣང་ཡིན་པས་གང་དུ་ཡང་བསྒྱུར་དུ་རུང་བའི་ཕྱིར། ད་རེས་ལྷར་བསྒྱུར་བར་བྱའོ་སྙམ་དུ་བསམས་ནས། ལྷའི་སྐུར་བསྒྱུར་ལ་བསྒོམ། དེ་ཀ་ལ་སྒྱུ་མ་རྨི་ལམ་ལྟ་བུའི་འདུན་པས་སྦྱངས་ཏེ། ལྷ་སྐུ་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཞེན་བྲལ་དུ་བསྒོམས་པས། མཚན་མོ་འཇིགས་སྐྲག་ལ་ཡ་ང་བའི་མཚར་ཆེ་བའི་རྨི་ལམ་སྣང་བ་ལ་བརྟེན་ནས། དེ་སེམས་སུ། སེམས་ལྷ་སྐུ་གསལ་སྟོང་འཛིན་མེད་སྒྱུ་མ་ལྟ་བུ་རང་ཤར་དུ་འཆར་རོ། །དེ་ནས་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་ཞིང་མང་པོར་སྤེལ་བ་ལ་སྦྱངས་པས་སྣང་བ་ཐམས་ཅད་ལྷ་སྐུ་གསལ་སྟོང་དུ་འཆར་ཞིང་འཕེལ་བར་འགྱུར་རོ། །གཉིས་པ་འོད་གསལ་དང་གཅིག་ཏུ་བྱེད་པའི་བསམ་གཏན་ནི། ཉིན་དུས་འདི་ནི་རྨི་ལམ་སྟེ༔ སྟོང་ཉིད་ནམ་མཁའ་ལྟ་བུ་ཞེས༔ སྒྱུ་མ་འོད་གསལ་ངང་དུ་བཞག༔ དེ་ཉིད་སྟོང་གསལ་ནམ་མཁའ་ལྟར༔ དྭངས་པའི་ངང་ལས་ལྷ་སྐུར་ལྡང༔ དེ་ཡང་སྤེལ་ཞིང་སྒྱུར་བ་སོགས༔ ཉིན་དུས་ཡེངས་མེད་དྲན་འཛིན་དང༔ མཚན་མོ་བཙན་ཐབས་མན་ངག་སྦྱར༔ ཞེས་པས། འོད་གསལ་ཟིན་པར་མཛད་དུ་གསོལ། འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་འཆར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཉིན་དུས་སྒྱུ་མ་རྨི་ལམ་གྱི་འདུན་པའི་སྟེང་དུ། དོ་ནུབ་གཉིད་འོད་གསལ་དུ་བཅུག་སྟེ་དེ་ལས་ལྷ་སྐུར་ལྡང་བར་བྱའོ་སྙམ་པ་བསྣན་ནས་དྲན་འདུན་དྲག་པོ་བྱ་ཞིང་། རང་སྣང་དང་སྣང་བ་ལྷར་སྣང་བ་འམ་ཐ་མལ་དུ་སྣང་ཀྱང་རུང་། སྣང་བ་དེ་དང་སྣང་མཁན་གྱི་སེམས་ལ་ཆེ་རེ་བལྟས་སྒྱུ་མར་སྣང་བ་ཙམ་གྱིས་འཛིན་པའང་དག །དེ་ཁའི་ངང་དེར་གཏད་མེད་དུ་ཆད་དེ་མཉམ་པར་བཞག །སེམས་འོད་གསལ་དུ་ཐིམ་ནས། གསལ་སྟོང་རྣམ་པར་མི་རྟོག་པའི་མཁའ་ལྟར་དྭངས་པའི་ཡེ་ཤེས་རང་ཤུགས་སུ་འཆར། ཡང་དེ་ཁའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་གསལ་སྟོང་ཞེན་བྲལ་གྱི་ལྷ་སྐུར་ལྡང་བ་ལ་སྦྱང་ཞིང་། མཚན་མོ་ཉལ་དུས་སྙིང་གའི་ཨ་ཡིག་དཀར་པོ་ཕྲ་ཞིང་འབར་བ་ལ་སེམས་གཏད་དེ་གསལ་ལ་འཛིན་མེད་དུ་སལ་ལེ་མཉམ་པར་བཞག་ཅིང་། རིག་པ་འཇུར་དུ་མ་སོང་། ཡེངས་ཀྱང་མ་ཡེངས་པར་བྱས་ལ་བསྒོམས་པས། གཉིད་དུ་འགྲོ་དུས་གཉིད་དང་རྨི་ལམ་གྱི་བར་དེར་རྟོག་པ་མ་ཞུགས་པར་བྱས་ནས་མ་ཡེངས་པར་ཨ་ལ་སེམས་གཏད་པས། ཐ་མལ་པ་རྣམས་ལ་གཉིད་མུན་ལྟར་འཐིབས་ཀྱིས་འགྲོ་རྒྱུ་ཞིག་ཡོད་པ་དེ། འོད་གསལ་ཟིན་པ་རྣམས་ལ་ནམ་མཁའ་དྭངས་པ་ལ་ཉི་འོད་ཀྱི་མདངས་ཕོག་པ་ལྟར། སྣང་བ་ཐམས་ཅད་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་ཞིག་འཆར་རོ། །དེ་ཡང་སྲབ་མོའི་འོད་གསལ་ཟིན་པ་ན་གཉིད་དུ་འགྲོ་བ་དང་ལྷན་ཅིག་ཏུ་གསལ་སྟོང་ལ་བློའི་འཛིན་པ་ཅུང་ཟད་དང་བཅས་པའི་ཉམས་འཆར། གཉིད་འཐུག་གི་འོད་གསལ་ཟིན་པ་ན་གསལ་སྟོང་ནམ་མཁའ་ལྟ་བུ་ལ་འཛིན་མེད་དུ་གནས་པའི་ཉམས་བརྟན་པོ་འབྱུང་གསུང་། དེ་ལྟར་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་ལུགས་ལྡོག་གི་སྣང་བ་རླུང་དང་བཅས་པ་ལས་ཟུང་འཇུག་གི་ལྷ་སྐུར་ལྡང་བར་འགྱུར་རོ། །དེ་ལས་སྤེལ་བསྒྱུར་སོགས་སྔར་ལྟར་ཉིན་མོ་དྲན་འདུན་དྲག་པོ་དང་། མཚན་མོ་བཙན་ཐབས་མན་ངག་གིས་སྦྱངས་པས། འབྱོངས་པ་ན་ལྷ་སྐུ་ནམ་མཁའ་ཁེངས་པ་གཅིག་གིས་གཅིག་མི་སྒྲིབ་ཅིང་། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་མཚན་ཉིད་གསུམ་ལྡན་དུ་འཆར་རོ། །གསུམ་པ་བར་དོ་དང་གཅིག་ཏུ་བྱེད་པའི་བསམ་གཏན་ནི། སྒྱུ་ལུས་རྨི་ལམ་བར་དོ་གསུམ༔ མཚན་དུས་དབྱེར་མེད་གོམས་པ་ན༔ མཐར་ཐུག་འཆི་བའི་འོད་གསལ་གྱི༔ ཐིམ་རིམ་ཆོས་སྐུའི་རོལ་པ་དང༔ རང་ཤར་འཁྲུལ་པའི་སྣང་བ་རྣམས༔ སྒྱུ་མ་ལོངས་སྐུའི་འཆར་སྒོ་དང༔ འཇུག་སྒོ་སྟོང་ཉིད་བདེན་མེད་དུ༔ དྲན་འདུན་སྤྲུལ་སྐུའི་རྩལ་གྱིས་སྦྱང༔ ཞེས་པས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའམ་མཚན་དུས་རྨི་ལམ་གྱི་སྣང་བ་ལ་བརྟེན་ནས་བར་དོ་ལ་བར་དོར་ངོ་ཤེས་པར་བྱའོ་སྙམ་དུ་འདུན་པ་མངོན་དུ་བཏང་སྟེ་རྨི་ལམ་ཟིན་པ་དང་། འདི་བར་དོའི་སྣང་བ་ཡིན་འདུག །བདག་གིས་བར་དོའི་མན་ངག་རྣམས་མངོན་དུ་བྱའོ་སྙམ་དུ་དྲན་པར་བྱས་ལ། བར་དོའི་མན་ངག་རྣམས་ཡིད་ལ་གསལ་བཏབ་ཅིང་བསྒོམས་པས་རྨི་ལམ་དུ་མ་འཆོལ་བར་དྲན་ཞིང་ཟིན་ན་བར་དོ་ཟིན་པར་འགྱུར་རོ། །དེ་ཡང་དབང་པོ་རབ་ཚེ་འདིར་གྲོལ་བས་བར་དོའི་གདམས་པ་མི་དགོས། དབང་འབྲིང་རྣམས་འཆི་ལྟས་བྱུང་བ་དང་འཆི་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས། དེ་ལས་བར་དོ་ཟུང་འཇུག་སྒྱུ་མའི་སྐུར་ལངས་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་འཕེན་པ་སྔོན་དུ་གཏོང་ཞིང་། སད་དུས་ཀྱི་སྣང་བ་འདི་ཉིད་བར་དོ་ཡིན་སྙམ་དུ་ཡང་ཡང་དྲན་འདུན་གྱིས་བཟུང་། གཉིད་དང་རྨི་ལམ་དུའང་འོད་གསལ་དང་བར་དོར་འདུག་སྙམ་དུ་བཟུང་ཞིང་གདམས་ངག་རྣམས་བསྒོམས་པས། འཆི་བའི་ཚེ་འོད་གསལ་མ་བུ་འདྲེས་པའི་ཡེ་ཤེས་འཆི་སེམས་བདེ་སྟོང་འོད་གསལ་དུ་གནས་གྱུར་པ་ལས་བར་དོའི་དོད་དུ་ཟུང་འཇུག་གི་ལྷ་སྐུ་རང་ཤར་ནས་གྲོལ་བར་འགྱུར་རོ། །དབང་པོ་ཐ་མ་ལའང་གསུམ་ལས་རབ་ནི་སད་རྨིས་ཀྱི་དུས་ཐམས་ཅད་དུ་སྒྱུ་ལུས་རྨི་ལམ་བར་དོ་གསུམ་དབྱེར་མེད་དུ་བསྒོམས་པས། གོམས་པ་ན་མཐར་འཆི་བའི་དུས་སུ་གཟུགས་སོགས་ཚོགས་དྲུག་ཡུལ་གྱི་སྣང་བའི་ཐིམ་རིམ་དང་། ས་ཆུ་ལ་ཐིམ་པ་སོགས་རགས་པ་འབྱུང་བའི་ཐིམ་རིམ་དང་། ཕྲ་བ་དང་རྟོག་པའི་ཐིམ་རིམ་ཞེས་སྣང་མཆེད་ཐོབ་གསུམ་གྱིས་ཐིམ་ནས་འོད་གསལ་ཆོས་སྐུ་སྐྱེ་མེད་དུ་ཤར། དེ་ལས་རོལ་པ་འགག་མེད་ལོངས་སྐུ་རང་ཤར་ལྷུན་གྲུབ་ཏུ་ཤར་བས་སྤྲུལ་སྐུ་ཕྲིན་ལས་ཀྱི་རྩལ་གྱིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། འབྲིང་ནི། སྣང་བ་གསུམ་མ་དག་ཅིང་སྒྱུ་མ་ལྟ་བུའི་རང་བཞིན་མ་ཤེས་པས་འོད་གསལ་ལས་སྣང་གསུམ་འབྱུང་བཞི་དང་བཅས་པ་ལུགས་ལྡོག་ཏུ་ལངས་ནས། འབྱུང་བཞི་ཕྲ་བ་ལས་བྱུང་བའི་བར་དོའི་ལུས་ལེན་པར་འགྱུར་བས། ད་ལྟ་ནས་བར་དོའི་སྣང་བ་འཆར་བའི་དྲན་འདུན་དང་སྐྱོ་ཤས་དྲག་པོ་བསྐྱེད་དེ། བར་དོ་ལོངས་སྐུར་གྲོལ་བར་གསོལ་བ་བཏབ་ལ། རང་དང་སྣང་བ་གང་ཤར་ཐམས་ཅད་ལ་ཆེ་རེ་བལྟས་ཏེ་ང་ཤི་འདུག་སྣང་བ་འདི་རྣམས་བར་དོའི་སྣང་བར་འདུག་པས། བར་དོ་ལ་བར་དོར་ངོ་ཤེས་པར་བྱས་ལ་སྦྱང་བར་བྱའོ་སྙམ་པས། བར་དོ་ཡིད་ཀྱི་ལུས་འདི་འོད་གསལ་དུ་བཅུག་སྟེ། དེ་ལས་ཟུང་འཇུག་སྒྱུ་མའི་ལྷ་སྐུ་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པས་ལོངས་སྐུ་རང་ཤར་དུ་འཆར་བའོ། །ཐ་མ་ནི། བར་དོའི་དངངས་སྐྲག་དང་སྐྱེ་གནས་ལ་སྲེད་པ་སྐྱེ་ཞིང་ཆགས་སྡང་ལྡང་བས། དེའི་ཚེ་ང་ཤི་འདུག་སྙམ་པའི་དུས་དེར་སྐྲག་པར་མི་བྱ་ཞིང་། ཀྱེ་མ་ཆགས་སྡང་གིས་སྐྱེ་བ་ལེན་པ་འདི་ཤིན་ཏུ་སྡུག་བསྔལ་བས། ད་ནི་དག་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པས། བར་དོར་སྤྲུལ་པའི་སྐུར་གྲོལ་བར་གསོལ་བ་བཏབ་ལ། སྐྱེ་གནས་ཀྱི་འཇུག་སྒོ་རྣམས་རབ་སྟོང་ཉིད་དུ་རྟོགས་པའི་ལྟ་བས་དགག །འབྲིང་བར་དོའི་སྣང་བ་ཐམས་ཅད་རང་སྣང་། རང་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུའི་རྩལ་སྣང་གིས། སྣང་གྲགས་འགྱུ་གསུམ་ལྷ་སྔགས་སྟོང་ཉིད་ཀྱི་ལམ་ཁྱེར་གྱིས་དགག །ཐ་མ་ཚངས་སྤྱོད་དང་སྐྱབས་འགྲོ་ལ་སོགས་པས་སྐྱེ་གནས་ངན་པ་རྣམས་བཀག་ནས་དག་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པའི་དྲན་འདུན་དྲག་པོས་འཕོ་བའི་གདམས་པ་དང་སྨོན་ལམ་གྱི་འཕེན་པ་རྣམས་ཀྱིས་བར་དོ་ནས་འཕོས་ཏེ། བདེ་བ་ཅན་ལ་སོགས་པ་རང་བཞིན་སྤྲུལ་སྐུའི་ཞིང་རྣམས་སུ་སྐྱེས་ནས་གྲོལ་བར་བྱེད་པའོ། །དེ་ལྟར་ཉམས་སུ་བླངས་པས་མཐོང་བའི་ཆོས་ལ་ཟུང་འཇུག་སྒྱུ་མའི་སྐུ་འགྲུབ་པར་འགྱུར་ཞིང་། གལ་ཏེ་མ་འགྲུབ་ན། བླ་མའི་མོས་གུས་དང་། སྣོད་བཅུད་ལྷ་སྐུར་བསྒྱུར་བའི་དག་སྣང་དང་། བདེན་མེད་ཀྱི་འདུན་པ་རྣམས་གསོན་དུས་ཉིན་མཚན་ཀུན་ཏུ་ཡང་ནས་ཡང་དུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས། དབང་པོའི་ཁྱད་པར་གྱིས་བར་དོ་གསུམ་གང་རུང་དུ་གྲོལ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་ཡང་ཡང་དྲན་བྱ་ཞིང༔ སྣོད་བཅུད་གཞལ་ཡས་ལྷ་རུ་བལྟ༔ མཐར་ཐུག་སྒྱུ་མའི་སྐུར་ལྡང་ཞིང༔ འོན་ཏེ་བར་དོར་རང་བྱན་ཚུད༔ ཅེས་གསུངས་པ་ཡིན་ནོ། །ཟབ་དོན་གདམས་ང༵ག་ཞལ་གྱི་ལུང་། ཐོས་འཛིན་དབ༵ང་པོའི་འབབ་སྟེགས་ལས། ཆོས་ཀྱི་འཁོར་ལོར་ཡོངས་འཁྱིལ་བ། །སྐལ་ལྡན་གདུལ་བྱའི་དཔ༵ལ་དུ་བྱིན། །འདིས་ཐོབ་དགེ་བས་འགྲོ་བ་ཀུན། །སྒྲིབ་གཉིས་བག་ཆགས་ཡོངས་དག་ནས། །འོད་གསལ་ཡེ་ཤེས་སྒྱུ་མའི་སྐུ། དཀའ་བ་མེད་པར་མྱུར་འགྲུབ་ཤོག །ཅེས་པ་འདི་ཡང་སྔ་འགྱུར་བསྟན་པའི་གསལ་བྱེད་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་གསུང་ངོར་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྗེ་བླ་མ་དམ་པ་ལས་བཀའི་གནང་བ་འཁྲོལ་བར་བྱས་ཏེ་ཟིན་རིས་སུ་སྤེལ་བ་ཤུ་བྷ་མསྟུ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་བསྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ་ (Volume 3, Text 15)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་བསྐྱུད་བྱང་དུ་སྤེལ་བ་འཁྲུལ་རྟོག་དབྱིངས་གྲོལ་ཞེས་བྱ་བ་བཞུགས་སོ། ། སིདྡྷི་རསྟུ། རང་རི༵ག་ཡེ་ཤེས་མཚོན་གྱིས་གཉིས་འཛི༵ན་བདུད། །ཀུན་ཁྱབ་འ༵གྱུར་མེ༵ད་བློ་བྲལ་དབྱིངས་བཅོམ་པ། །བླ་མ་རྡོ༵་རྗེ༵་སེམས་དཔའི་ངོ་བོ་ལ། །ཕྱག་བྱས་འཁྲུལ་གཅོད་ཟབ་དོན་གསལ་བདེར་སྤེལ། འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་གི་ཁྲིད་ཆུང་ལས། གཉིས་འཛིན་འཁྲུལ་གཅོད་ཀྱི་མན་ངག་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། འཁོར་བའི་དངོས་ཞེན་གྱི་རྩ་བ་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་འཆི་བ་མི་རྟག་པ་དང་། འཁོར་བའི་བདེ་འབྱོར་ལ་ཆགས་པའི་གཉེན་པོར་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་བསྐུལ་ཏེ། ཐར་པའི་གོ་འཕང་སྒྲུབ་པ་ལ་བློ་ཕྱོགས་པས། སྐྱབས་སེམས་བསག་སྦྱོང་གི་རིམ་པ་རྩ་ཁྲིད་ལྟར་སྔོན་དུ་འགྲོ་བས་རྒྱུད་སྦྱོང་ཞིང་། ཁྱད་པར་བདག་འཛིན་བློས་ཐོངས་པ་དང་འགལ་རྐྱེན་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་འདེབས་པའོ། །དངོས་གཞི་ལ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་བ། སྤྱོད་པས་བོགས་དབྱུང་བའོ། །དང་པོ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅའ། ངག་གནད་སོ་མར་བཞག །སེམས་གནད་ཆེད་དུ་མ་བསྒྲིམས། མ་གློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཀའི་ངང་ནས་ཁ་ནང་ལོག་གི་ཤེས་པས་སེམས་ཁོ་རང་གི་བྱུང་གནས་འགྲོ་གསུམ་གྱི་མཐའ་དེད་ཅིང་། དབྱིབས་ཁ་དོག །བལྟ་བྱ་ལྟ་བྱེད་སོགས་ཅི་འདྲ་ཞེས་གང་ཤར་གྱི་ངོ་བོ་ལ་ཆེ་རེ་བལྟས་པས། སྐྱེས་ཟིན། སྐྱེ་འགྱུར། སྐྱེ་བཞིན་པའི་རྣམ་རྟོག་ཐམས་ཅད་རྗེས་མེད་དུ་ཝ་ལེ་འཁྱུག་སོང་བས། གང་དུ་ཡང་མ་མཐོང་ཅིར་ཡང་མ་གྲུབ་པའི་སེམས་ཉིད་གཞི་མེད་རྩ་བྲལ་སྟོང་གསལ་ཡུལ་མེད་དུ་རྗེན་ཅེར་གྱིས་མཐོང་བའི་རིག་པ་གཅེར་བུ་དེ་ཀ་ངོས་བཟུང་ལ་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་མ་བཅོས་པར་མཉམ་པར་འཇོག་སྟེ། རྩ་ཁྲིད་ལས། སེམས་ནི་གཟུང་འཛིན་བྲལ་བར་བལྟ༔ དེ་ཉིད་ཐོག་མཐའ་དབུས་མེད་ཅིང༔ ཁ་དོག་དབྱིབས་མེད་ངོས་བཟུང་བྲལ༔ ཞེས་དང་། འདི་ཉིད་དུ། འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་བཞིན་ལ༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ ཅེས་གསུངས་པ་ལྟར། བདུད་བཞི་དབྱིངས་སུ་གཅོད་པ་སྟེ། གཙོ་བོར་རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཚོགས་དྲུག་གི་ཡུལ་ལ་བརྟེན་ནས་རྣམ་རྟོག་ལྷོང་པ་ཐོགས་བཅས་ཀྱི་བདུད། ཕྱིའི་ཡུལ་རྐྱེན་ལ་མ་ལྟོས་པར་སེམས་ལ་སྐྱོ་འཇིགས་ལ་སོགས་པའི་མྱོང་ཚོར་གྱི་རྣམ་རྟོག་ལྷོང་པ་ཐོགས་མེད་བདུད། མཐུན་རྐྱེན་ཚོགས་པ་ལ་བརྟེན་ནས་བཟུང་འཛིན་གྱི་རྣམ་རྟོག་ལྷོང་པ་དགའ་བྲོད་ཀྱི་བདུད། རྣམ་རྟོག་མི་འགྱུར་བ་ཆེ་ཕྲ་གང་སྐྱེས་ཀྱང་སྙེམས་བྱེད་ཀྱི་བདུད་དེ། མ་གཅིག་གི་བཀའ་ཚོམས་ལས། བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཀུན་སྙེམས་བྱེད་བདུད་དུ་འདུས། །ཞེས་པས་རྟོག་པ་དེ་བཞི་གང་དང་གང་སྐྱེས་པ་ཙམ་ནི་བདུད་དེ་ལྷོང་པ་ཡིན་ལ། དེ་ལ་འཛིན་ཞེན་སྐྱེས་ན་བདུད་ཀྱི་དབང་དུ་སོང་བ་ཡིན་པས་དེ་གཅོད་པ་ནི། རྣམ་རྟོག་སྐྱེས་མ་ཐག་ཕཊཿཅེས་གང་ཤར་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་བཅད་པར་བྱ་སྟེ། མ་གཅིག་གིས། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ཉིད་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་སོ། །གཉིས་པ་སྒོམ་པས་ཉམས་སུ་བླང་བ་ནི། རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ ཞེས་གསུངས་པས། ཐོག་མར་སྐྱབས་སེམས་སོགས་ཀྱིས་རྒྱུད་སྦྱངས་ནས། སེམས་ཉིད་རྩ་བྲལ་གྱི་ལྟ་བས་རྒྱས་འདེབས་པ་སྔོན་དུ་འགྲོ་བས་སྟོང་ཉིད་དེའི་རྩལ་སྣང་རྗེས་ཐོབ་ཀྱི་ཉམས་ལེན་ལ་གཉིས་ལས། དཀར་འགྱེད་ནི། རང་ལུས་མཛེས་ཤིང་ཡིད་དུ་འོང་བར་མོས་ལ། ཕཊ། ཅེས་པས་དེའི་སྙིང་ག་ནས་རང་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་རྒྱང་གིས་ཐོན་པ་མདུན་གྱི་བར་སྣང་ལ་འཁོད། ཕཊ་ཅེས་དེའི་ཕྱག་གི་གྲི་གུག་གིས་རང་ལུས་ཀྱི་ཐོད་པ་སྨིན་མཚམས་ནས་བྲེགས། མདུན་དུ་ཐོད་པའི་སྒྱེད་བུ་གསུམ་རང་བྱུང་དུ་གྲུབ་པའི་ཁར་བཞག་པ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བར་བསམ། རང་ལུས་ཀྱི་ལྷག་རྣམས་གྲི་གུག་གིས་དུམ་བུར་གཏུབས་ནས་ཐོད་པའི་ནང་དུ་བླུགས་པས། ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་བུ། ཀླད་ཞག་གི་འདམ་རྫབ་ཏུ་འཁྲིགས་པ། རྣལ་འབྱོར་མས། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་མ་དག་པའི་དྲི་མ་སྦྱངས་ཏེ། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ། ཟག་མེད་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བར་བསམས་ལ། ཕཊ་ཅེས་པས་འཁོར་འདས་ཀྱིས་བསྡུས་པའི་ཡར་མགྲོན་མར་མགྲོན་ཐམས་ཅད་སྤྲིན་འཐིབས་པ་བཞིན་བྱོན་ནས་ནམ་མཁའ་བར་སྣང་ཐམས་ཅད་ཁེངས་པར་གྱུར་པ་ལ། རྣལ་འབྱོར་མ་གྲངས་མེད་སྤྲོས་པའི་ཕྱག་གི་ཐོད་པས་བདུད་རྩི་བཅུས་ཏེ་དཀོན་མཆོག་སྲི་ཞུ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་ཕུལ་བས་དགྱེས་ཤིང་ཚིམ། སྙིང་རྗེ་དང་བུ་ལོན་ལན་ཆགས་ཀྱི་མགྲོན་རྣམས་ལ་བྱིན་པས་ཚིམ་ཞིང་མགུ་བར་བསམས་ལ། ཕཊ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས། མཁའ་འགྲོ་དམ་ཅན་ཆོས་སྐྱོང་སོགས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །དགྱེས་ཤིང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་བར་གྱུར་ཅིག །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་བ་རྣམས་དང་། དུས་གསུམ་གྱི་ཕ་མ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་བ་རྣམས་ལ་འབུལ་ལོ། །ཚེ་རབས་ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཞེས་ཕུལ་བའི་མཐར། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་བདེན་སྟོབས་ཀྱང་བརྗོད་དོ། །མཐར་དམིགས་པའི་སྤྲོ་བསྡུ་ཐམས་ཅད། ཕཊ། ཅེས་རང་སེམས་རྩ་བྲལ་གྱི་དབྱིངས་སུ་བསྲེས་ལ་མཉམ་པར་བཞག་གོ །དམར་འགྱེད་ནི། རང་སེམས་རྣལ་འབྱོར་མ་སྔར་ལྟར་བཏོན་ནས། རང་ལུས་ཚོ་སྣུམ་ཆེ་བརྗིད་སྟོང་གསུམ་ཁྱབ་པ་ཙམ་དུ་གྱུར་པ་དེའི་པགས་པ་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་བཤུས་པ་དམར་ཆམ་གྱིས་བཏིང་ཞིང་སུག་བཞི་རྣམས་ཐང་གིས་བརྒྱངས། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། ནང་ཁྲོལ་རྣམས་བཏོན་ཏེ་སྤུངས། ཤ་ཁྲག་རུས་པའི་ཕུང་པོ་ཀླད་ཞག་གི་འདམ་རྫབ་འཁྲིགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་ཁེངས་པར་བསམས་ལ། ཕཊ། ཁམས་གསུམ་ན་གནས་ཤིང་རྒྱུ་བའི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་འཁོར་གཡོག་སྡེ་དཔུང་དང་བཅས་པ་ཐམས་ཅད་དང་། ཁྱད་པར་ནད་བདག་མོ་གནོད་ཅིང་ལན་ཆགས་པའི་འབྱུང་པོ་གདུག་ཅིང་རྩུབ་པའི་བསམ་སྦྱོར་འཆང་བ་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས་ལྷ་འདྲེ་ཐམས་ཅད་ཁྲོམ་ཆེན་པོ་འདུས་པ་ལྟར་ལྷགས་ནས་འཁོད་པར་བསམས་ལ། ཕཊ། འཁོར་བ་ཐོག་མ་མེད་པ་ནས་བདག་གཅེས་འཛིན་གྱི་འགོང་པོས་རྒྱུད་དཀྲུགས། ནད་གདོན་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པའི་ལུས་འདི་ཁྱེད་སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཅི་འདོད་དུ་སྟེར་བ་ཡིན་པས། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིངས་ན་རྗེན་པར་ཟོ། ཡོག་ཚད་ཟོ་ཞིག །ཁྱག་ཚད་ཁུར་ཅིག །ཅེས་བརྗོད་པས། མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ཟོས་འཐུངས་ཁྱེར་པས་གནས་སྐབས་ཚིམ་ཞིང་མགུ །མཐར་ཐུག་ཉོན་མོངས་པ་ཞི་བར་བསམས་ལ། ཕཊ། ཅེས་དབྱིངས་རིག་བསྲེས་ཏེ་འཛིན་མེད་དུ་ཁྲེས་སེ་བོར་ལ་བཞག །འཇིགས་སྐྲག་གི་སྣང་བ་ཅི་བྱུང་ཡང་ཉམ་ང་དང་བག་ཚ་མི་བྱ་བར་ཅི་དགའ་བ་གྱིས་སྙམ་དུ་བློས་ལིང་གིས་བཏང་ལ་སེམས་ཉིད་རྩ་བྲལ་གྱི་ངང་ལ་གློད་དེ་བཞག་ཅིང་བསྔོ་བ་བྱའོ། །གསུམ་པ་སྤྱོད་པས་བོགས་དབྱུང་བ་ནི། རང་སྟོབས་ཀྱི་ཉམས་ལེན་ལ་རྐང་ཚུགས་པ་དང་གཉན་ཁྲོད་འགྲིམ་སྟེ། གཉིས་འཛིན་འཁྲུལ་གཞི་གཅོད་འདོད་ན༔ དུར་ཁྲོད་མཚོ་གླིང་ཤིང་གཅིག་སོགས༔ སེམས་གཡེང་ཉམ་ངའི་གནས་སོང་ལ༔ ཞེས་པས་དུར་ཁྲོད་སོགས་གནས་འཇིགས་ཤིང་སྐྱི་གཡའ་བ། བྲེད་ཅིང་ཉམ་ང་བས་རྣམ་རྟོག་འཁྲུལ་ནུས་པའི་གཉན་ས་ཞིག་ཏུ་འགྲོའོ། །ནམ་འགྲོ་བའི་དུས་ནི་ནད་དང་སྡུག་བསྔལ་སོགས་ཀྱི་རྐྱེན་བྱུང་བའམ་ཉམ་ང་དང་བག་ཚ་བའི་དུས་མཚན་མོ་ལྟ་བུ་ཟླ་གྲོགས་དང་ལག་ཆ་སོགས་སྙེམས་མེད་ཅིང་། ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པར་གཟུང་འཛིན་གྱི་འཁྲུལ་རྟོག་གཅོད་པའི་ཆེད་དུ། འགྲོ་ལུགས་ཉམས་ལེན་གྱི་སྟངས་མ་ཤོར་བས་ལམ་གྱི་ལྷ་འདྲེ་ཐམས་ཅད་ལྟ་སྟངས་ཀྱིས་གཟིར་ཞིང་ཐལ་གྱིས་འགྲོ་བར་བྱའོ། །དེར་བསླེབས་ནས་ནི་མཚོ་ཡིན་ན་སྟོད། ཕ་བོང་གི་སྟེང་། ཆུ་མིག་གི་མགོ་སོགས་སའི་གནད་ནོན་པར་སྟན་བཅས་ཏེ་འདུག་གོ །དེར་ཉམས་ལེན་ནི། ལུས་ཉ་བཞི་གློད་ནས་ཉལ་ཏེ། རང་ལུས་ཆེ་ཞིང་ལྗི་བས་ལུང་པ་ཁེབས་པས་དེར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ནོན་པར་བསམས་ལ། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་ནམ་དུའང་གཡོ་བར་མི་བྱའོ་སྙམ་དུ་བསམ། དེ་ནས་སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་མཉམ་གཞག་གི་རྣལ་འབྱོར་ནི། དབྱིངས་རིག་བསྲེས་ལ་སྟོང་ཉིད་ཀྱི་ངང་ལ་མཉམ་པར་བཞག །རྗེས་ཐོབ་སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གནོད་བྱེད་ཀྱི་འདྲེ་གདོན་རྣམས་ཚེ་རབས་ཀྱི་ཕ་མར་ཤེས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། རྣམ་འགྱུར་དཀར་འགྱེད་དམར་འགྱེད་གང་རིགས་ཉམས་དང་བསྟུན་པས་ཕུང་པོ་ཟན་སྐྱུར་གྱི་དམིགས་པ་དང་། དེའི་གཤིས་ལུགས་སྟོང་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་རྣམས་དུས་གནད་དུ་གང་འགྲོ་སྤེལ་ནས་བསྒོམ་པར་བྱ་སྟེ། རྒྱུད་སྦྱངས་མདུན་མཁར་མཆོད་སྦྱིན་མགྲོན༔ གྲངས་མེད་གསལ་བཏབ་རང་གི་ལུས༔ ཤ་ཁྲག་འདོད་ཡོན་ཞེན་མེད་བྱིན༔ བསམ་མེད་མཉམ་པ་ཉིད་དུ་ཉལ༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཉམས་སུ་བླངས་པ་ལས། དེ་ཚེ་རྣམ་རྟོག་འཁྲུལ་སྣང་ནི༔ དངོས་ཉམས་རྨི་ལམ་སྣ་ཚོགས་འབྱུང༔ ཞེས་པས། ཕྱི་ལྷ་འདྲེ་ལྷོང་པའི་རྟགས་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་དངོས་ཉམས་རྨི་ལམ་གང་རུང་དུ་འབྱུང་བ་དང་། དེས་མཚོན་ཏེ་བར་ན་ཚ་ལྷོང་པའི་རྟགས་ནད་གློ་བུར་དུ་བྱུང་བ་དང་། ནང་རྣམ་རྟོག་ལྷོངས་པའི་རྟགས་སེམས་ཐོག་ཏུ་རེ་དོགས་ཀྱི་འཆར་སྒོ་སྣ་ཚོགས་པ་བྱུང་སྟེ། དེ་ལྟར་ལྷོང་རྟགས་གང་བྱུང་འཛིན་མེད་སྤྲོས་བྲལ་གྱི་དབྱིངས་སུ་སྦྱང་བ་གཏད་མེད། ཆོ་འཕྲུལ་གང་ཤར་དེ་ཀ་ལ་ཆེ་རེ་བལྟས་པས་རང་གྲོལ་དུ་འཆར་བ་གཏད་སྒོམ། ཆོ་འཕྲུལ་གང་ཤར་ལ་དཔྱད་པས་རང་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མ་གྲུབ་ཅིང་། སེམས་གཞི་མེད་རྩ་བྲལ་དུ་ཐག་བཅད་ནས་ཤ་ཁྱེར་བྱེད་པ་དཔྱད་སྒོམ་དང་གསུམ་གྱིས་བཅད་དེ། ཆོ་འཕྲུལ་དེས་མཚོན་འཁོར་འདས་ཆོས༔ མེད་སྣང་སྟོང་པའི་རང་བཞིན་ལས༔ རྟག་ཆད་སྒྱུ་མ་ཆུ་ཟླ་འདྲ༔ རང་སེམས་གཞི་མེད་རྩ་བྲལ་ལ༔ ཚུར་བཅད་ནམ་མཁའི་རང་བཞིན་ཉིད༔ ཡུལ་སེམས་གཟུང་འཛིན་མ་གྲུབ་པའི༔ རང་བྱུང་ཡེ་ཤེས་རང་གསལ་ངང༔ སྤང་བླང་རེ་དོགས་འཁྲུལ་གཞི་བཅད༔ གཅེར་མཐོང་རང་གནས་ངོས་བཟུང་ལ༔ སྙེམས་མེད་ངང་དུ་སོ་མར་བཞག༔ ཅེས་གསུངས་པ་ལྟར་རོ། །གསུམ་པ་རྗེས་ཚར་ཚད་ལ་གསུམ་ལས། ཐུན་མོང་གི་ཚར་ཚད་ནི། གཞན་གྱིས་རང་ལ་ཕྱག་མཆོད་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས། ལུས་ལས་གྲོག་སྦུར་སོགས་སྲོག་ཆགས་དོན་པ་གདོན་ཐོན་པའི་ལྟས། བཤལ་སྐྱུག་སྣ་ཁྲག་འཛག་པ་སོགས་ནད་ཐོན་པའི་ལྟས་སོ། ཁྱད་པར་གྱི་ཚར་ཚད་ནི། རང་ཉིད་ཁྲུས་བྱེད་པ། གོས་དཀར་པོ་གྱོན་པ། གྱེན་ལ་འཛེག་པ། མཁའ་ལ་འཕྱོ་བ། ཉི་ཟླ་ཤར་བ། གཞན་གྱི་ཕྱག་དང་སྲོག་སྙིང་འབུལ་བ་ལ་སོགས་པའོ། །མཆོག་གི་ཚར་ཚད་ནི། ཆོ་འཕྲུལ་གྱིས་མཚོན་པའི་ཆོས་ཐམས་ཅད་རང་སེམས་སུ་ཤེས། སེམས་ཉིད་སྐྱེ་མེད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པའོ། །དེ་ལྟར་ཚར་ཚད་གསུམ་གང་བྱུང་ཡང་རློམ་སེམས་དང་དགའ་བྲོད་མི་བྱ་བར་ཐམས་ཅད་མཉམ་ཉིད་ཀྱི་དབྱིངས་སུ་སྐྱེལ་བ་གནད་དོ། །དེ་ཡང་དང་པོར་ལྷོང་ཚད། བར་དུ་ཉམས་ལེན། ཐ་མར་ཚར་ཚད་རྣམས་ཡིད་ཆེས་པར་བྱུང་བ་དང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་རྒྱ་ཆེར་བཏབ་སྟེ། གཉན་ཁྲོད་དེ་ནས་གཞན་དུ་འགྲོ་བར་བྱའོ། །གཉིས་འཛིན་འཁྲུལ་གཅོད་མན་ང༵ག་ཟབ་མོའི་གནད། །ཤེར་བརྩོན་དབ༵ང་པོས་ལེགས་པར་བཀྲལ་པ་ལས། །ཐོབ་པའི་དགེ་བས་འཁོར་འདས་གཉིས་འཛིན་ཆོ༵ས། །མཉམ་ཉིད་དབྱིངས་གྲོལ་རང་གཞན་དཔ༵ལ་དུ་ཤོག །ཅེས་པ་འདི་ཡང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མཐོ་བའི་མཆོག་སྤྲུལ་ཀུན་བཟང་ལེགས་གྲུབ་ཀྱི་གསུང་ངོར་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རྗེ་བཙུན་བླ་མ་དམ་པས་མཛད་པའི་འཁོར་འདས་རང་གྲོལ་ལྟར་རྩ་ཐོ་ཙམ་ཟིན་བྲིས་སུ་བཀོད་པ་སརྦ་དིཀྐ་མེ་ཥུ་ཤྲི་ཡསྟུ།། །།

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ (Volume 3, Text 16)

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རྗེ་བཙུན་རྡོ་རྗེ་འཆང་། །བཀའ་དྲིན་གསུམ་ལྡན་ཕྲིན་ལས་རྣམ་པར་རྒྱལ། །ཐུགས་རྗེ་ཉི་མའི་སྣང་བས་འགྲོ་ཀུན་གྱི། །ཚེ་རབས་སྐྱེ་དང་སྐྱེ་བར་ངན་འགྲོ་ཡི། །འཇིགས་མུན་ཚོགས་ཀྱིས་དམ་འཁྱུད་འཁོར་མཚོ་རུ། །གནས་པའི་འགྲོ་བློའི་གཞི་རྒྱུད་དྲི་མའི་ཚོགས། །བསལ་ནས་ཐར་ལམ་འདྲེན་མཛད་དེ་ལ་འདུད། །འདིར་འགྲོ་བ་རྣམས་འཆི་བདག་གི་ཞགས་པས་བཟུང་བ་དག་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་དམིགས་ཁྲིད་ཀྱི་རིམ་པ་ཟིན་བྲིས་སུ་བཀོད་པ་ལ། སྔོན་འགྲོ །དངོས་གཞི། ལས་ལ་སྦྱོར་བ་དང་གསུམ། དང་པོ་སྔོན་འགྲོ་ལ་གཉིས་ལས། དང་པོ་ཐུན་གྱི་སྔོན་འགྲོ་ནི། ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅའ་བར། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་གཅིག །སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་བས་གཉིས། མགྲིན་པ་ཅུང་ཟད་རྒུར་བས་ལྐོག་མས་ཨོལ་མདུད་ནོན་ཙམ་བྱས་པས་གསུམ། ལྕེ་རྩེ་ཡ་རྐན་ལ་སྦྱར་བས་བཞི། མཆུ་སོ་རང་སར་བཞག་པས་ལྔ། ལག་ངར་བསྲང་བའི་མཉམ་གཞག་གིས་དྲུག །རྐེད་པ་ཉེད་ལྟོ་བ་ཕྱིར་ཕུལ་བས་བདུན་པོ་བྱས་ཏེ། ངག་གནད་རླུང་རོ་དགུ་འབུད་དུས་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། གཡས་ནས་དེ་འདྲ་བ་གསུམ། དབུས་ནས་དེ་འདྲ་བ་གསུམ། གསུམ་འབུད་དུས་གཡས་གཡོན་དབུས་གསུམ་ནས་ལན་རེ་འབུད། དམིགས་པ་གཡོན་ནས་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་གྱི་རྣམ་པ། གཡས་ནས་ནད་གདོན་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་སྟག་གཟིག་དྲེད་ལ་སོགས་པའི་རྣམ་པ། དབུས་ནས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་རླུང་དང་འགྲོགས་ཏེ་ཕྱིར་སངས་ཀྱིས་སོང་བར་བསམ། སེམས་གནད་རང་གི་སྤྱི་བོར་སྣ་ཚོགས་པདྨ་འདབ་བརྒྱད། དེའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་གསལ་བཏབ་སྟེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་དགུའམ་བདུན་ལྔ་གསུམ་གྱི་ཉུང་མཐའ་ངག་འདོན་མོས་པ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམས་པའི་ངང་ནས་གསོལ་བ་བཏབ་སྟེ། བླ་མ་སྤྱི་བོ་ནས་སྙིང་དབུས་སུ་ཐིམ་སྟེ་རང་སེམས་དང་འཁྲུག་གི་འདྲེས་པར་བསམས་ལ། བདག་གིས་བླ་མའི་རྣལ་འབྱོར་གྱི་ལམ་ཟབ་མོ་ཉམས་སུ་བླངས་པ་ལ་བརྟེན་ནས་བདག་གཞན་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ད་ལྟ་ཉིད་དུ་ཐོབ་པར་གྱུར་ཅིག་སྙམ་དུ་བསམས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། །གཉིས་པ་ཐེག་པ་སྤྱིའི་སྔོན་འགྲོས་བློ་སྦྱོང་བ་ལ་བདུན་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་བསམ་པ་ལ། རང་ཅག་རྣམས་ཚེ་སྔོན་བསགས་རྒྱབ་ཀྱི་མཐུས་ད་རེས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྒྱུ་རྐྱེན་དཔེ་གྲངས་གང་ལ་བསམས་ཀྱང་རྙེད་པར་དཀའ་བའི་དུས་འདིར། ནམ་བཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་ཅི་ནས་ཀྱང་བྱའོ་བསམ། གཉིས་པ་འཆི་བ་མི་རྟག་པ་ནི། མཐར་འཆི་བ་ཡོང་སྙམ་པ་ཀུན་གྱི་བློ་ལ་ཡོད་ཀྱང་། རེ་ཞིག་མི་འཆི་བར་རེ་བའི་བློ་དེ་འཆི་ཁ་ཚུན་ཆད་དུ་འབྱུང་། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས་ནད་ཕྱི་མའི་དོན་སྒྲུབ་པ་ཕྱི་གཤོལ་ལེ་ལོའི་དབང་དུ་འགྲོ་བས་ད་ལྟ་ཉིད་དུ་ཆོས་ལ་འབད་པར་བྱའོ་བསམ། གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། འགྲོ་དྲུག་སོ་སོར་སྡུག་བསྔལ་ཟད་མཐའ་མེད་པ་མྱང་དགོས་པས་དེ་ལས་ཐར་བའི་ཕྱིར་དུ་དམ་པའི་ཆོས་ལ་འབད་པར་བྱའོ་བསམ། བཞི་པ་ལས་འབྲས་སྨིན་ཚུལ་ལ། ལས་མི་དགེ་བ་བཅུ་དང་དུ་བླངས་པས་མི་འདོད་པ་བཅུ་དང་། དགེ་བ་བཅུ་དང་དུ་བླངས་པས་འདོད་པ་བཅུ་སྟེ། དེ་ལྟར་དགེ་བ་བཅུ་ལ་གནས་པ་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་འབད་རྩོལ་ཆེན་པོས་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། །ལྔ་པ་སྐྱབས་འགྲོ་ནི། སྐྱབས་ཡུལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཅིག་ཆོག་ནོར་བུ་ལུགས་སུ་བསྒོམས་ཏེ་སྐྱབས་འགྲོའི་ཡུལ་ཡིན་ལ། སྐྱབས་འགྲོའི་གང་ཟག་ནི། རང་གི་གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ །རྒྱབ་ཏུ་གཉེན། མཐའ་སྐོར་དུ་དགྲ་གཉེན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་འཁོད་པར་བསམས་ལ། དེ་ཐམས་ཅད་འདུན་ཇུས་གཅིག་སྒྲིལ་གྱི་སྒོ་ནས་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོའི་ཚིག་འུར་དིར་དིར་འདོན། ཡིད་གུས་པས་རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་འདི་ཕྱི་བར་དོ་གསུམ་དུ་བསྐྱབ་ཏུ་གསོལ་སྙམ་པས། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་ཏེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་བརྗོད། དྲུག་པ་སེམས་བསྐྱེད་ནི། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་སྙམ་པས་སྨོན་པ་སེམས་བསྐྱེད། འདི་ཐམས་ཅད་སྙིང་རྗེ་བའི་སར་བཞག་པས་མི་ཕན་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ་སྙམ་པས་འཇུག་པ་སེམས་བསྐྱེད་དང་བཅས། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ཞེས་སེམས་བསྐྱེད་བརྗོད། དབུགས་ཕྱིར་འགྲོ་བའི་ཚེ། བདག་གིས་ཚེ་རབས་ནས་བསགས་པའི་དགེ་བ་དང་བདེ་བ་བྱས་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བསམ། དབུགས་ནང་དུ་རྔུབ་པའི་དུས་སེམས་ཅན་ཐམས་ཅད་ཀྱིས་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་རྣམས་བདག་ལ་སྨིན་པར་གྱུར་ཅིག་སྙམ་པས་བཏང་སྙོམས་སེམས་བསྐྱེད། སེམས་བསྐྱེད་བྱ་སྐྱེད་བྱེད་མི་དམིགས་པའི་ངང་དུ་དར་གཅིག་འཇོག་པ་དོན་དམ་སེམས་བསྐྱེད་དོ། །བདུན་པ་ཚོགས་གསག་པ་ནི། ཡན་ལག་བདུན་པའི་དམིགས་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལོག་ལྟ། ཐེ་ཚོམ་རྣམས་ཀྱི་གཉེན་པོར། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་ལས་ལྡོག་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐུལ་བ། གསོལ་བ་འདེབས་པ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་མོས་པས། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ངག་འདོན་བརྗོད་དེ། སྐྱབས་ཡུལ་རང་གི་སྤྱི་བོ་ནས་སྙིང་དབུས་ལ་སིབ་ཀྱིས་ཐིམ་པར་བསམ་པ་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ། སྟོང་ར་སྦྱང་བ། སྒོ་དགུ་བཀག་པ། རླུང་སེམས་བསྡུ་བ། བསུ་སྐྱེལ་ལ་བསླབ་པ་བཞི་ལས། དང་པོ་སྟོང་ར་སྦྱོང་བ་ནི། ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་སོ་མར་བཞག །སེམས་གནད་རང་བཞིན་གྱིས་སྦྱང་བདེ་ན་དང་། མི་བདེ་ན་ངག་ཏུ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པའི་རྐྱེན་གྱིས་རང་ཐ་མལ་གྱི་ལུས་འདི་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བུན་ལོང་གིས་ཡལ་བར་བསམས་ལ་སེམས་སྣང་མེད་དུ་ཅུང་ཟད་བཞག །དེའི་ངང་ལས་རང་ལུས་ཕྱི་ལྤགས་པའི་སྐྱ་རིས་ཙམ་ལས་ནང་གློ་སྙིང་སོགས་གདོས་བཅས་ཀྱི་རྣམ་པ་མེད་པར་དྭངས་གསལ་འོད་ཀྱི་རང་བཞིན་དཔེར་ན་ཕྲུ་མ་ཕུས་བཏབ་པའམ་དར་དཀར་གྱི་ལྡིང་གུར་ཕུབ་པའམ། ཤེལ་གྱི་བུམ་པ་ལྟར་ཕྱི་གསལ་ནང་གསལ་དྭངས་ཤིང་སྒྲིབ་པ་མེད་པར་བསམ། གཉིས་པ་སྒོ་དགུ་བཀག་པ་ནི། དེ་ལྟར་གསལ་བའི་སྙིང་ཁར་ཧཱུྃ་ཡིག་མཐིང་ག་ཆེ་ཆུང་མཐེབ་སོར་གང་ཙམ་ཞིག་གསལ་བཏབ། དེ་གསལ་བ་དང་། དེ་ལས་ཧཱུྃ་སྤྲོ་རིམ་དང་བསྟུན། ངག་ཏུ། ཧཱུྃ་ཧཱུྃ་ཞེས་བརྗོད་པས་སྙིང་གའི་ཧཱུྃ་ཡིག་དེ་ལས་ཐུར་དུ་ཧཱུྃ་གཉིས་ཆད་པས་གཤང་ལམ་དང་ཆུ་ལམ། གཅིག་ཆད་པས་ལྟེ་བ། གྱེན་དུ་གཅིག་ཆད་པས་ཁའི་ལྕེ་ཆུང་གི་ཐད། གཉིས་ཆད་པས་སྣ་གཉིས། གཉིས་ཆད་པས་མིག་གཉིས། གཉིས་ཆད་པས་རྣ་བ་གཉིས། གཅིག་ཆད་པས་དཔྲལ་བའི་སྒོ་རྣམས་དང་། སྦྱོང་བའི་སྐབས་འདིར་གེགས་ཆུང་ཁྱད་སླར་ཡང་གཅིག་ཆད་པས་ཚངས་པའི་བུ་ག་ཡང་བཀག་སྟེ། དཔེར་ན་སྐར་ཁུང་འབེ་དོས་བཀག་པ་ལྟར། ནང་ནས་ཆུ་མི་འཛགས་པ་ལྟ་བུ། ཕྱི་ནས་རླུང་མི་ཐར་བ་ལྟ་བུ་བསྒོམས་རྗེས་སྙིང་ཁའི་ཧཱུྃ་ཡིག་མི་དམིགས་པར་བསམ་མོ། །དེ་ལྟར་མ་བཀག་ན་འཆི་བའི་ཚེ་སྒོ་གང་དང་གང་དུ་འཕོ་བའི་ཚུལ་ནི། གཤང་ལམ་ལས་དམྱལ་བ། ཆུ་ལམ་ལས་དུད་འགྲོ །ལྟེ་བ་ནས་འདོད་ལྷ་རིགས་དྲུག །ཁ་ནས་ཡི་དྭགས། སྣ་ནས་གནོད་སྦྱིན། མིག་ལས་མི། རྣ་བ་ལས་གྲུབ་པའི་ལྷ་ཞེས་གྲུལ་བུམ། དཔྲལ་བ་ལས་གཟུགས་ཁམས་ཀྱི་ལྷ་རྣམས་སུ་འཕོ་ཞིང་། དེའང་ངན་འགྲོའི་སྒོ་དགུར་བཤད་ཚོད་ལས། འདིར་དངོས་བསྟན་བརྒྱད་ལས་མི་འབྱུང་བ་ཅིའི་ཕྱིར་སྙམས་ན། བླ་མ་ཁ་ཅིག་སྤྱི་བོའི་རྩ་བུག་ནས་གཟུགས་མེད་ཀྱི་ལྷ་དང་། ཚངས་བུག་ནས་ཐར་པའི་སྒོའི་ཐ་སྙད་མཛད་མོད། རང་ལུགས་ཀྱི་གསུང་རྒྱུན་ལ་ལམ་འདིའི་ཐབས་ཀྱིས་ཟིན་མ་ཟིན་ལས་སྒོ་སོ་སོའི་རྣམ་དབྱེ་མི་མཛད་དེ་སྡོམ་འབྱུང་ལས་ཀྱང་། སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཧཱུྃ་ཡིག་རྣམས་ལས་འཕྲོས་པའི་འོད་ཀྱིས་ལུས་ནང་ཞལ་བས་བལྟམས་པ་ལྟར་གྱུར་པས་མདོར་ན་བ་སྤུའི་ཁུང་བུའི་མཐར་ཐུག་གི་བུ་ག་ཚུན་ཆད་ཀྱང་བརྟན་པར་བཀག་པས་ན་དབུགས་ཕྱི་ནང་དུ་རྒྱུ་བའང་མི་བདེ་བ་ལྟ་བུའི་འདུ་ཤེས་མ་སྐྱེས་ཀྱི་བར་དམིགས་པ་གསལ་བརྟན་དུ་སྒོམ། གསུམ་པ་རླུང་སེམས་བསྡུ་བ་ནི། དེ་ལྟར་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་སྦ་ལྕག་གམ་མདའ་སྙུགས་འབྲིང་པོ་ཙམ་པ་དེའང་རག་དུང་ཁ་བསླང་བ་ལྟར་ཡར་སྣེ་གདེང་ཁ་ཅུང་ཟད་རྒྱས་པ་སྤྱི་བོ་ཚངས་པའི་བུ་ག་ལ་ཟུག་ཅིང་། མར་སྣེ་ཇེ་ཕྲ་ཇེ་ཕྲར་སོང་བ་ལྟེ་འོག་སོར་བཞིའི་ཐད་ཙམ་དུ་སླེབ་པ་མཚན་ཉིད་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། དྲང་བ་ཆུ་ཤིང་ལྟ་བུ། གསལ་བ་མར་མེ་ལྟ་བུ། དྭངས་པ་ཤེལ་བུམ་ལྟ་བུ། སྲབ་པ་པདྨའི་ཤུན་པ་ལྟ་བུ། དཔེར་ན་དྭངས་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེར་ཡོད་པ་གསལ་བཏབ། དེ་གསལ་ཐེབས་པ་ན་སྤྱི་བོའི་དབུ་མའི་ཡར་སྣར་ཧཾ་ཡིག་བདེ་བ་ཆེན་པོའི་རང་བཞིན་མགོ་ཐུར་བསྟན་བྱང་སེམས་དཀར་པོའི་རྒྱུན་འཛགས་ལ་ཁད་ཁད་པ་ཞིག་དང། དབུ་མའི་མར་སྣར་གདན་ཐབས་སུ་རླུང་གི་དཀྱིལ་འཁོར་རྒྱ་གྲམ་དུ་བཞག་པའི་དབྱིབས་ཅན་ཡང་ཞིང་གཡོ་བ་ཞིག་གསལ་བཏབ། དེའི་སྟེང་དབུ་མའི་མས་སྣེའི་ཁོངས་སུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་ཆེ་ཆུང་བོད་སྲན་ཙམ་པ་དཀར་ཞིང་འཚེར་བ་སྣུམ་ཞིང་འདྲིལ་བ་ཡང་ཞིང་གཡོ་བ་ཞིག་གསལ་བཏབ་པར་བྱ་སྟེ། དེ་ཡང་འདི་ལ་གོམས་འདྲིས་ལ་བརྟན་པ་ཅུང་ཟད་མ་ཐོབ་ན་སྤར་ཀྱང་དོན་མེད་པས། དེ་ཡང་ཐོག་མ་ནས་གསལ་ཐེབས་ཡོང་ངམ་མི་ཡོང་སྙམ་པའི་རྣམ་རྟོག་མེད་པར་ལམ་གྱིས་གསལ་བཏབ་སྟེ། གཞན་དུ་མ་ཡེངས་པར་དེ་ཁར་ཤེས་པ་རྩེ་གཅིག་ཏུ་གཏད་དེ་བསྒོམ། དེའི་ངང་ལས་ཐ་མལ་གྱི་རྣམ་རྟོག་ཐོལ་གྱིས་འཕྲོ་ན་དེ་ཉིད་སྐྱེས་མཚམས་ནས་ངོས་ཅེར་གྱིས་ཟིན་པར་བྱས་ནས་འཕྲོ་རྦད་ཀྱིས་བཅད་དེ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་སྒྲིལ་ལ་དེ་ཁའི་ཐོག་ཏུ་གཟོ་མེད་ཡེངས་མེད་དུ་འཇོག །དེ་ལྟར་ནན་ཏན་དུ་བསྒོམས་པས་རྣམ་རྟོག་བཅོས་འགྱུར་རྣམས་འགགས་ཏེ་ཐིག་ལེའི་རྣམ་པ་ལམ་མེ་བ་དེ་ཁ་ལ་རྩེ་གཅིག་ཏུ་སེམས་ཟིན་པ་དང་། ཐུན་མཚམས་སུའང་རྟག་ཏུ་དྲན་པ་ཞིག་བྱུང་ན་རླུང་སེམས་འདུས་པ་ཡིན་ནོ། །བཞི་པ་བསུ་སྐྱེལ་ལ་བསླབ་པ་ནི། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་ངོ་བོ་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བདེ་སྟོང་ཟུང་འཇུག་གི་ངོ་བོར་བཞུགས་པར་མོས་ལ། ན་མོ་གུ་རུ། རང་ལུས་སྟོང་གསལ་འོད་ཀྱི་གོང་བུའི་ཞིང་། །ངན་འགྲོའི་སྒོ་དགུར་ཧཱུྃ་ཡིག་མཐིང་ནག་འབར། །དྭངས་གསལ་དྷཱུ་ཏིའི་མར་སྣར་རླུང་དཀྱིལ་ལ། །རྣམ་ཤེས་མི་འགྱུར་ཐིག་ལེ་འཕར་ཞིང་གཡོ། །བདེ་ཆེན་འཁོར་ལོར་རྒྱལ་ཀུན་འདུས་པའི་དཔྱིད། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་སེམས། །དཀར་གསལ་རྡོ་རྗེ་དྲིལ་འཛིན་མཚན་དཔེར་ལྡན། །མཐོང་ཐོས་དྲན་རེག་སྒྲོལ་བའི་མགོན་པོར་བཞུགས། ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས། །མཆོག་གི་སྤྲུལ་པའི་གར་མཁན་དགའ་རབ་རྗེ། །སྙིང་པོའི་དོན་སྟོན་ཤྲཱི་སིདྷ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས། །མཆོག་གི་ཟབ་ལམ་འཕོ་བའི་བགྲོད་པ་ཡིས། །སྲིད་པའི་གྲོང་ཁྱེར་དྭངས་མའི་འོད་གུར་ཞིག །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །རབ་འབྱམས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་། །ཟུང་འཇུག་སྒྱུ་མའི་རྣམ་རོལ་ཧཱུྃ་ཀ་ར། །མཉམ་རྫོགས་ཐིག་ལེར་བྱང་ཆུབ་བི་མ་དང་། །ཟབ་ལམ་གསལ་མཛད་བཻ་རོ་ཙ་ན་ལ། །གསོལ་བ༴ མཆོག༴ སྲིད་པའི༴ གདོད༴ བདེ་ཆེན་རྒྱལ་བ་ཀུན་ཡུམ་མཁར་ཆེན་བཟའ། །ཐེག་མཆོག་བསྟན་པའི་མངའ་བདག་གཏེར་བདག་གླིང་། །མཁས་གྲུབ་གཙུག་རྒྱན་ཆོས་དཔལ་རྒྱ་མཚོའི་ཞབས། །རྫོགས་ཆེན་རྣལ་འབྱོར་ཤེས་རབ་སྒྲོན་མ་ལ། །གསོལ༴ མཆོག༴ སྲིད༴ གདོད༴ རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དཔལ། །དུས་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །མཚན་དཔེའི་གཟི་བྱིན་རབ་འབར་འཁོར་འདས་ཆོས། །མ་ལུས་ལེགས་སྟོན་ཕྲིན་ལས་རྣམ་རྒྱལ་ལ། །གསོལ༴ མཆོག༴ སྲིད༴ གདོད༴ མཁའ་ཁྱབ་ཆོས་སྐུ་སྲིད་ཞི་ཀུན་གྱི་བདག །མཆོག་གི་ལམ་མཁན་རྩ་བའི་བླ་མ་དང་། །ཞི་དང་ཁྲོ་བོའི་རོལ་གར་ཡི་དམ་ལྷ། །རྩ་ཁམས་དག་པའི་དཔའ་བོ་རྣལ་འབྱོར་མར། །གསོལ༴ མཆོག༴ སྲིད༴ གདོད༴ རང་ལུས་འབྱུང་འདུས་སྒྱུ་མའི་གཡར་ཁང་ནས། །རྣམ་ཤེས་མགྲོན་པོ་དྭངས་མའི་ཐིག་ལེའི་དཔྱིད། །གནད་གསུམ་ཟབ་ལམ་བགྲོད་པས་ཚངས་པའི་སྒོར། །དཔག་ཆེན་མདའ་བཞིན་དབྱིངས་སུ་འཕོ་བར་ཤོག །ལས་ངན་སྒྲིབ་པའི་མུན་པ་དབྱིངས་སུ་སངས། །ཟུང་འཇུག་རིག་པ་བདེ་ཆེན་འོད་སྐུར་གྲོལ། །ས་ལམ་ཡོངས་རྫོགས་ཁྱབ་བདག་རྡོ་རྗེ་སེམས། །དབྱེར་མེད་ཐིག་ལེ་ཆེན་པོར་མངོན་རྫོགས་ཤོག །ཅེས་པའི་བར་གྱི་གསོལ་འདེབས་ཀྱི་རིམ་པ་དེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་མཐའ་གསུམ་གྱི་ཉུང་མཐའ་བྱས་པས་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། སླར་ཡང་རླུང་དཀྱིལ་སྟེང་གི་ཐིག་ལེ་སྤྱི་བོའི་ཧཾ་ཡིག་དང་བཅས་པ་རྣམས་ལ་གསལ་སྣང་འདོན་སྐྱོར་ཞིག་བྱས་རྗེས་ངག་ཏུ་ཧཱི་ཞེས་བརྗོད་པའི་ཚེ་རྣམ་ཤེས་ཐིག་ལེ་དེ་ཉིད་རླུང་གིས་ཆེར་བསྐྱོད་པ་འདར་ཁྲིལ་ལེ་གྱེན་དུ་ཇེ་ཆེར་འཕགས་པ། ཧིཀ །ཅེས་བརྗོད་པའི་ཚེ་དབུ་མའི་ནང་ནས་ཡར་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་རྒྱང་གིས་སོང་ནས་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་ཕྱིར་མི་འདོན་པར་ཧཾ་དང་བསྲེས་ཏེ་བསུ་སྐྱེལ་ལ་བསླབ་སྟེ་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ཤེས་པ་ཧཾ་ཡིག་ལ་བདེ་སིང་ངེར་འཕངས་ལ་ཅུང་ཟད་མཉམ་པར་བཞག །ཡང་ངག་ཏུ་ཀ་ཞེས་བརྗོད་པ་དང་མཉམ་དུ་མིག་ཐུར་དུ་ཕབ་ལྟོ་བ་ཆིལ་གྱིས་ནོན་པ་དང་མཉམ་དུ་ཧཾ་ལས་བ་ཐག་དང་བཅས་ཏེ་ཐིག་ལེ་ཧྲིལ་གྱིས་ཕབ་པས་རླུང་དཀྱིལ་ལྕི་ཐེན་གྱིས་མནན་ཐབས་སུ་ཡོད་པར་བསམས་ལ་ཅུང་ཟད་མཉམ་པར་བཞག །ཡང་སྔར་ལྟར་སྤར་བ་སོགས་རྟགས་ཁྱད་པར་ཅན་མ་ཐོན་གྱི་བར་དུ་བསུ་སྐྱེལ་ལ་ནན་ཏན་དུ་བསྒོམས་པར་བྱས་ནས་སྤྱི་བོའི་བླ་མ་ཉིད་ཧཾ་ཡིག་ལ། ཧཾ་ཡིག་རྩ་དབུ་མ་ལ། དབུ་མ་ཐིག་ལེ་ལ། ཐིག་ལེ་རླུང་དཀྱིལ་ལ་ཐིམ་སྟེ་ཅི་ཡང་མི་དམིགས་པའི་ངང་ལ་མཉམ་གཞག་བྱས་རྗེས། དགེ་བ་འདི་ཡིས༴ དཔལ་ལྡན་བླ་མ་སོགས་ཀྱིས་དགེ་བ་བསྔོ། དེ་རྗེས་འབྲུ་གསུམ་གྱི་རྡོར་བཟླས་ལ་འབད་དོ། །གསུམ་པ་རྗེས་ཀྱི་རིམ་པ་ལས་ལ་སྦྱར་བ་ལ་རང་དོན་དང་གཞན་དོན་གཉིས་ལས། དང་པོ་རང་དོན་དུ་ཇི་ལྟར་བྱ་བའི་ཚུལ་ནི། དེའང་མེ་དང་དུ་བའི་ཚུལ་ལྟར་འཆི་བའི་སྔ་རོལ་དུ་འཆི་ལྟས་འབྱུང་སྟེ། དེའང་རྨི་ལམ་དུ་རྟ་དམར་དང་། བོང་དྲེལ། རྔ་མོང་། མ་ཧེ་ལ་སོགས་པ་ལ་གཅེར་བུས་ཞོན་ཏེ་ཁ་ལྷོར་ཕྱོགས་ནས་ལ་ཀླུང་བརྒལ་ཏེ་འགྲོ་བ་དང་རི་རོང་དོག་མོའི་རྩེ་ནས་ཐུར་དུ་འགྲོ་བ་དང་། གོས་རྒྱན་དམར་པོ་ཤ་སྟག་དང་། མེ་ཏོག་དམར་པོའི་ཚལ་དུ་འདུག་པས་གཤིན་པོ་དང་ལྷན་ཅིག་བཟའ་བཏུང་བྱེད་པ་དང་། དངོས་སུ་ཤེས་རྒྱུད་འཇམ་རྩུབ་གོ་ལྡོག་པ། ནོར་རྫས་ལ་འཛིན་ཞེན་ཆེ་ཆུང་སྔར་ལས་གོ་ལྡོག་པ། སྣའི་རླུང་ཕལ་ཆེར་གཡས་ནས་རྒྱུ་བ། ལུས་ཀྱི་བྱད་ཉམས་པ་སོགས་གང་རུང་འབྱུང་བས་ན། དེ་ལྟར་འཆི་ལྟས་མཐོང་ཚེ་ཚེ་སྒྲུབ་དང་། གཙོ་བོར་རྡོ་རྗེའི་བཟླས་པ་ཉིད་ལ་བརྩོན་པ་གལ་ཆེ་ཞིང་། གཞན་ཡང་སྲོག་བསླུ་དང་། ཕྱི་ནང་གསང་བའི་འཆི་བསླུ་སོགས་པར་ནན་ཏན་དུ་འབད་ཅིང་། དེ་དག་གིས་ཀྱང་བསླུས་པའི་མཚན་མ་མ་མཐོང་བར་ཉེ་བའི་འཆི་ལྟས་རྣམས་མཐོང་ན། དེའི་ཚེ་རང་ཉིད་གནས་པའི་ས་དེ་གྲོང་ཡུལ་སོགས་ཡིན་ན་དེ་ལས་དབེན་པའི་གནས་སུ་འགྲོ་ཞིང་། ཚེ་འདི་སྣང་གི་ལོངས་སྤྱོད་ཉེ་འཁོར་སོགས་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པས་ཞེན་ཆགས་ཀྱི་འཁྲི་བ་བཅད་དེ་ཡོ་བྱད་ཐམས་ཅད་མཆོད་སྦྱིན་དང་སྤོང་དག་ལ་གཏོང་། ཚོར་བ་དང་མ་ཚོར་བའི་དམ་ཚིག་ཉམས་ཆག་ཐམས་ཅད་ཚོགས་སྐོང་གི་ཆོ་ག་ལ་སོགས་པས་བཤགས་ཤིང་དམ་ཚིག་གསོ་བའི་ཕྱིར་དབང་ཡང་བླང་། སྲུང་མའི་རྟེན་གཏོར་ཡོད་ན་གཏོར་འབུལ་བྱ་ཞིང་། བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཕྲིན་ལས་གསོལ། བར་དོའི་གདམས་ངག་རྣམས་དང་། འཕོ་བའི་གདམས་པ་བློ་ལ་གསལ་འདེབས་ཤིང། ཁྱད་པར་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་གནས་ལུགས་རང་ངོ་སྐྱོང་ཅི་ཐུབ་བྱ། དེ་ནས་ཤིན་ཏུ་ཉེ་བའི་འཆི་ལྟས་ས་ཆུ་ལ་ཐིམ་པ་ཙམ་དུ་གྱུར་པ་ན། བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་རམ། ཚོང་པ་རང་ཡུལ་དུ་འགྲོ་བ་ལྟར་རང་ཉིད་གང་ལ་མོས་པའི་དག་པའི་ཞིང་དུ་འགྲོ་སྙམས་པའི་ཤེས་པ་སྤྲོ་སིང་ངེ་བའི་ངང་ནས། ད་རེས་འཆི་བ་འོད་གསལ་འདི་ལ་བརྟེན་ཏེ་འཆི་སྲིད་ཆོས་སྐུའམ་འོན་ཏེ་བར་དོ་སྒྱུ་འཕྲུལ་དྲ་བའི་སྐུ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བགྱིད་སྙམ་པའི་འཕེན་ཤུགས་དྲག་པོ་སྔོན་དུ་བཏང་། སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བཟོད་མེད་ཀྱི་མོས་གུས་དྲག་པོས་ཚངས་པའི་བུ་ག་རྒྱ་མཐོངས་ཁ་བྱེ་བ་ལྟར་བུག་པ་ཧ་རེ་ཡོད་པར་གསལ་བ་སོགས་འཕོ་བའི་དམིགས་སྐོར་རྣམས་མཐར་ཆགས་སུ་བསྒོམས་རྗེས་ཧིག་བརྗོད་པའི་ཚེ་མིག་ཡིད་རླུང་གསུམ་སྤྱི་བོར་སྒྲིལ་ནས་ཐིག་ལེ་བླ་མའི་ཐུགས་ཀར་ཡིད་ཚིམ་གྱི་བར་དུ་སྦར་རྗེས། དེ་ཇེ་མཐོར་གྱུར་པ། ཕཊ། ཅེས་མི་དམིགས་སྤྲོས་བྲལ་གྱི་ངང་ལ་བཞག་སྟེ་འཆི་བ་འོད་གསལ་ཆོས་སྐུ་ཉམས་སུ་མྱང་བར་བྱའོ། ༈ །གཉིས་པ་གཞན་དོན་དུ་འདེབས་པ་ནི། དེའང་ཕ་རོལ་པོ་འཆི་བའི་སྔ་རོལ་དུ་རང་ཉིད་སླེབས་པ་ཡིན་ན་དེའི་ལུས་གནད་ཙོག་པུར་འདུག་ཐུབ་ན་རབ། དེ་མིན་གློ་གཡས་ཕབ་པའི་སེང་གེའི་ཉལ་སྟབས་ལྟ་བུར་མགོ་ནུབ་ཏུ་ཕྱོགས་པར་བཞག །མིག་གི་ལྟ་སྟངས་ཀྱང་སྤྱི་བོར་གཏོད་དུ་གཞུག །ཕྱི་དབུགས་ཆད་ནས་ནང་དབུགས་གནས་པའི་བར་དེར། ལུས་གནད་རླུང་རོ་བསལ་བ་ནས་ལས་འབྲས་སྨིན་ཚུལ་བར་རང་དོན་ལྟར་རོ། །དེ་ཡང་གང་ཟག་དེ་ཉམས་ལེན་དང་ལྡན་པ་ཞིག་ཡིན་ན་བར་དོ་རྣམ་བཞིའི་གདམས་ངག་གསལ་འདེབས་པ་དང་། འཕོ་བའི་དམིགས་པའང་འབོག །གལ་ཏེ་ཐ་མལ་པ་ཡིན་ནའང་ལོང་ཆེ་ན་ཐིམ་རིམ་གྱི་འབྱུང་ཚུལ་འཕོ་བའི་ཕན་ཡོན་སོགས་འཆད་ཅིང་། ཁྱད་པར་དུ་ཚེ་འདས་ཀྱི་མིང་ནས་བོས་ལ། འོ་རིགས་ཀྱི་བུ་ཚེ་འདིའི་སྣང་བ་ནུབ། ཕྱི་མའི་སྣང་བ་མ་ཤར་གྱི་བར་དེར་འཕོ་བ་མ་སྒོམ་སངས་རྒྱས་ཀྱིས་ཁྱོད་བར་དོའི་འཇིགས་པ་ལས་ཐར་བར་བྱེད་པ་ཡིན་པས། ཁྱོད་རང་གི་མདུན་གྱི་ནམ་མཁར་དཔལ་རྡོ་རྗེ་སེམས་དཔའ་བཞུགས་ཡོད་པས་དེའི་ཐུགས་ཀར་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །ལན་གསུམ། འོ་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཅན་ཡིན་ལ། ཁྱད་པར་དུའང་རིགས་ཀྱི་བུ་ཁྱོད་སྔོན་གྱི་ལས་ཟད། ཚེའི་འཕེན་པ་རྫོགས་པས་དེ་རིང་འཆི་བ་ཞེས་བྱ་བ་དེ་བྱུང་བ་ཡིན། འདིའི་ཚེ་གལ་ཆེ་བ་འཕོ་བའི་གདམས་པ་ཡིན་ཏེ། སཾ་བྷུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལས་ཀྱིས་འགྲུབ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་པས་འཕོ་བའི་གདམས་པས་ཟིན་ན་སྡིག་ཅན་ཡང་འཆི་ཁར་གྲོལ་ནུས་པའི་ཆོས་ཟབ་མོ་ཡིན་ཞིང་། དེའང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་ཤར་དུས་སུ༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་ཞོག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕངས༔ གདོས་བཅས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཞེས་གསུངས་པ་ལྟར། ཁྱོད་རང་གཉེན་བཤེས་རྣམས་དང་འགྲོགས་པའི་ལས་སྨོན་གྱི་འཕེན་པ་རྫོགས་ཏེ་འཆི་ཁར་སླེབས་པ་ཡིན་པས་འདུས་པའི་སྙིང་ཉེའི་གྲོགས་ལ་མ་ཆགས་ཤིག །ད་ནི་སྐད་ཅིག་ཀྱང་འགྲོགས་པའི་མཐུ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཤིང་། གཞན་ཡང་རིགས་དྲུག་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་པའི་བདེ་བ་སྐད་ཅིག་ཙམ་མེད་པས་དེ་དག་ལ་ཆགས་ཞེན་སྤངས་ཏེ། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བ་ཞིག་བྱ་སྙམ་དུ་གང་དུ་འཕོ་བའི་གནས་དག་པའི་ཞིང་དུ་ཡིད་གཏད་དེ་བུ་ཕ་ཁྱིམ་དུ་འགྲོ་བའམ། བུ་མོ་མ་ཁྱིམ་དུ་འགྲོ་བ་ལྟར་སྤྲོ་སིང་ངེ་བ་གྱིས་ལ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། ཁྱེད་རང་གི་སྤྱི་བོའི་གཙུག་ཏུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བསམས་ལ་མོས་གུས་ཆིག་སྒྲིལ་གྱིས་གསོལ་བ་ཐོབ་ཅིག །ན་མོ༔ ཕྱོགས་དུས་བདེ་གཤེགས་སོགས་གསུམ། ཧོ༔ དེེང་ནས་བཟུང་སྟེ་སོགས་གསུམ། བླ་མ་དཔལ་ལྡན་སོགས་གསུམ། སྐྱབས་ཡུལ་རང་ལ་བསྡུ། གོམས་འདྲིས་ཅན་ལ་ཁྱེད་རང་གི་ལུས་སྟོང་ར་འོད་ཀྱི་རང་བཞིན་དུ་གསལ་བའི་ངན་འགྲོའི་སྒོ་དགུར་ཧཱུྃ་མཐིང་ནག་འབར་བ་རེས་བཀག་པ། ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྙུགས་ཙམ་པ་ཕྱི་དཀར་ལ་ནང་དམར་བ་དྭངས་གསལ་སྦུབ་སྟོང་གི་ཡར་སྣ་རྒྱས་པ་ཚངས་བུག་ལ་ཟུག་པའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། མར་སྣ་ཇེ་ཕྲར་སོང་བའི་ལྟེ་འོག་སོར་བཞིའི་མཚམས་སུ་སླེབས་པའི་མར་སྣེར་རླུང་གི་དཀྱིལ་འཁོར་གྱི་སྟེང་གི་དབུ་མའི་ནང་ཁོངས་སུ་ཁྱོད་རང་གི་སེམས་མི་ཤིགས་པའི་ངོ་བོ་ཐིག་ལེ་དཀར་པོ་གསལ་འཚེར་འཕར་ཞིང་གཡོ་བ་ཞིག་གསལ་ཐོབ་མཛོད། དེ་ནས་བདག་གིས་བླ་མ་ལ་གསོལ་བ་བཏབ་ཅིང་ཧིཀ་བརྗོད་པའི་ཚེ་ཁྱོད་རང་གིས་སྤྱི་བོའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་རེ་ལྟོས་ལིང་གིས་སྐྱུར་བས་རླུང་དཀྱིལ་སྟེང་གི་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་སྤྱི་བོའི་ཧཾ་དང་རོ་གཅིག་ཏུ་གྱུར་པ་ཚངས་བུག་ནས་མདའ་འཕངས་པ་ལྟར་རྒྱང་གིས་སོང་བ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། བླ་མའི་ཐུགས་དང་རང་གི་སེམས་གཉིས་དབྱེར་མེད་སྤྲོས་པའི་མཐའ་དང་བྲལ་བ་དེའི་ངང་ལ་མཉམ་པར་ཞོག་ཅིག །ཕལ་པར། ཨོཾ་སྭ་བྷཱ་ཝས་སྦྱང་། དེ་རྗེས་སྣ་བུག་གཡོན་ནས་འོད་དཀར་པོ་དང་འདོད་ཆགས་ལས་གྱུར་པའི་དུག་ཐམས་ཅད་སངས་ཀྱིས་སོང་བར་བསམས་ལ་རྔུབ། ཡང་སྣ་བུག་གཡས་ནས་འོད་དམར་པོ་དང་། ཞེ་སྡང་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམས་ལ་རྔུབ། དབུས་ནས་འོད་སྔོན་པོ་དང་གཏི་མུག་ལས་གྱུར་པའི་དུག་ཐམས་ཅད་སོང་བར་བསམས་ལ་རྔུབ། སྟོང་ར་ནས་ངན་འགྲོའི་སྒོ་དགུའི་བར་རང་དོན་ལྟར་ལས། དེ་ནས་རང་རྡོར་སེམས་སུ་གསལ། ཕུང་པོ་སྟོང་ར་རྩ་དབུ་མ་རླུང་དཀྱིལ་ཐིག་ལེ་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་རྣམས་གསལ་བཏབ་ནས། ན་མོ་གུ་རུ། རང་ལུས་སྟོང་གསལ་སོགས་ཀྱིས་བླ་མའི་སྐུ་ལས་འོད་ཟེར་བྱུང་བ་རང་གི་སྙིང་ཁར་ཐིམ། དེ་ལས་འོད་ཟེར་འཕྲོས་པས་ཕུང་པོའི་རྣམ་ཤེས་དང་བསྲེ། དེ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམིགས་ཡུལ་ཚེ་ལས་འདས་པ་འདིའི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བར་དོ་རུ་སངས་རྒྱས་པར་བྱིན་གྱིས་རློབས། ཞེས་གསོལ་བ་འདེབས་པ་དང་། རང་གི་ལག་གཡོན་པའི་མཐེ་བོང་སྣང་མཛད་དང། སྲིན་ལག་འོད་དཔག་མེད་དུ་བསྐྱེད་ལ། ཧིཀ་བརྗོད་པའི་ཚེ་སྤྱི་བོའི་སྐྲ་ལེའུ་གཅིག་བཟུང་སྟེ་ཧིཀ་བརྗོད་རེས་དང་བསྟུན་བོད་ཐུན་ཅུང་ཟད་རེ་བྱ་ཞིང་། དེ་ལྟར་ཧིཀ་བརྗོད་པའི་ཚེ་གནམ་མཐོང་ནས་ཕུག་རོན་འཕུར་པ་ལྟར་ཐིག་ལེ་སྤྱི་བོ་ནས་རྒྱང་གིས་ཐོན་པ་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ། ཡང་ཐིག་ལེ་མར་མི་འབེབས་པར་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་གསར་དུ་རམ་རམ་བསྐྱེད་ལ་སྔར་ལྟར་རྟགས་མ་བྱུང་གི་བར་དུ་ཧིཀ་གསུམ་གྱིས་སྤར་བར་བྱ་སྟེ། དེའི་ཚེ་ཕཊ་དྲག་པོ་བཏབ་པས་གཤིན་པོའི་རྣམ་ཤེས་དང་བླ་མའི་ཐུགས་འཁྲུག་གི་འདྲེས་པས་ཚེ་འདས་ཉིད་འོག་མིན་གྱི་ཞིང་དུ་སོང་བར་བསམ། བླ་མ་ཇེ་མཐོ་ཇེ་ཆུང་དུ་གྱུར་པ་མཐར་ནམ་མཁའ་དང་འཁྲུག་གི་འདྲེས་པས་འཕོ་བྱ་འཕོ་བྱེད་ཐམས་ཅད་དང་བྲལ་བ་མི་དམིགས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །རང་གི་རྣམ་ཤེས་ཡི་དམ་གང་ཡིན་གྱི་ས་བོན་ནམ། སྤྱི་ཙམ་དུ་ཧཱུྃ་དཀར་པོའི་རྣམ་པས་སྤྱི་བོ་ནས་ཐིམ་པས་ཡི་དམ་གང་ཡིན་ནམ། དཔལ་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་ལངས་ལ། རྡོར་སེམས་ཡིག་དྲུག་དང་། ཡིག་བརྒྱ། ངན་སོང་གནས་འདྲེན་ཨོཾ་སརྦ་པ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ་ཅེས་དང་། རྣམ་སྣང་དང་མི་འཁྲུགས་པའི་གཟུངས་་་རྫོགས་ཆེན་འབྲུ་དྲུག་འ་ཨ་ཧ་ཤ་ས་མ། འ་ཨ་ཤ་ས་མ་ཧ་་་སོགས་གཟུངས་སྔགས་བྱིན་ཅན་རྣམས་མང་དུ་བཟླ་ཞིང་། དགེ་བ་འདི་ཡིསྎ དཔལ་ལྡན་བླ་མ་སོགས། བཏགས་གྲོལ་བཀླག་པ་བསྔོ་བ་སྨོན་ལམ་སོགས་ཅི་ཤེས་བྱའོ། །འདི་ལྟར་མཁའ། མཉམ་འགྲོ་རྣམས་ཤེས་སྒྲིབ་ཀུན། །འཕོ་བའི་བཙན་ཐབས་སྦྱོར་བས་རབ་བཅོམ་སྟེ། །དྷཱུ་ཏིའི་དབྱིངས་བརྒྱུད་མཁའ་སྤྱོད་གྲུབ་དབྱིངས་སུ། །འཕེལ་འགྲིབ་མེད་པར་རྣམ་གྲོལ་ཉིད་གྱུར་ཅིག །ཅེས་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཡན་ལག་ཟབ་ལམ་འཕོ་བའི་མན་ངག་གི་ཟིན་བྲིས་ཀུན་བཟང་མྱུར་ལམ་ཞེས་བྱ་བ་འདི་ནི་གྲྭ་ནང་དར་རྒྱས་ཆོས་གླིང་གི་བུ་སློབ་རྣམས་ལ་ཕན་པའི་ཕྱིར་མྱོས་རིགས་ཤཱཀྱའི་དགེ་བསྙེན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱིས་རང་ལུགས་ཕྱག་བཞེས་ཇི་ལྟ་བ་བཞིན་གྲྭ་ནང་དར་རྒྱས་ཆོས་གླིང་གི་དབེན་གནས་སུ་ཐུན་མཚམས་ལ་བྲིས་པས་འགྲོ་ཀུན་བྱང་ཆེན་ལ་འགོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་ (Volume 3, Text 17)

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་བཞུགས་སོ༔ རྣམ་དག་ཆོས་དབྱིངས་ཁྱབ་གདལ་ཕོ་བྲང་ནས༔ སྐྱེ་མེད་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ མ་རིག་གཏི་མུག་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་མ་བཅོས་ལྷུན་གྲུབ་ཏུ༔ ཆོས་སྐུའི་བྱིན་རླབས་ཀ་དག་རང་དབང་ཞུ༔ གསལ་དག་ཡེ་ཤེས་བདེ་ཆེན་ཕོ་བྲང་དུ༔ མ་འགག་བདེ་ཆེན་ལོངས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ འདོོད་ཆགས་ཞེན་པ་མ་སྤངས་རང་གྲོལ་ནས༔ རང་རིག་ཡེ་ཤེས་བདེ་ཆེན་རང་གྲོལ་དུ༔ ལོངས་སྐུའི་བྱིན་རླབས་ལྷུན་གྲུབ་རང་དབང་ཞུ༔ སྐྱོན་མེད་རྣམ་དག་པདྨའི་ཕོ་བྲང་དུ༔ རིས་མེད་རང་ཤར་སྤྲུལ་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལོག་རྟོག་ཞེ་སྡང་མ་སྤངས་རང་གྲོལ་ནས༔ རང་སྣང་ཡེ་ཤེས་རང་རིག་རང་གསལ་དུ༔ སྤྲུལ་སྐུའི་བྱིན་རླབས་རང་གྲོལ་དབང་བསྐུར་ཞུ༔ ཡང་དག་འོད་གསལ་རང་རིག་ཕོ་བྲང་དུ༔ ཕྱོགས་མེད་བདེ་ཆེན་སྐུ་གསུམ་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ཐ་དད་གཟུང་འཛིན་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཏུ༔ བདེ་ཆེན་སྐུ་གསུམ་བྱིན་རླབས་དབང་བསྐུར་ཞུ༔ རང་སེམས་མཐའ་བྲལ་ཆོས་སྐུར་མ་རྟོགས་པར༔ གཏི་མུག་རྨོངས་པས་འཁོར་བར་འཁྱམས་པ་ཡི༔ སྡུག་བསྔལ་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ཆོས་སྐུ་ཐོབ་པར་ཤོག༔ རང་རིག་བདེ་ཆེན་ལོངས་སྐུར་མ་རྟོགས་པར༔ འདོད་ཆགས་སྲེད་པས་འཁོར་བར་འཁྱམས་པ་ཡི༔ འདོད་ལོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ལོངས་སྐུ་ཐོབ་པར་ཤོག༔ རང་སེམས་རང་གྲོལ་སྤྲུལ་སྐུར་མ་རྟོགས་པར༔ སྡང་སེམས་གཉིས་སྣང་འཁོར་བར་འཁྱམས་པ་ཡི༔ ལོག་རྟོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྤྲུལ་སྐུ་ཐོབ་པར་ཤོག༔ རང་སེམས་སྐུ་གསུམ་དབྱེར་མེད་མ་རྟོགས་པར༔ དེར་འཛིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སངས་རྒྱས་མ་ཐོབ་འགྲོ་ཀུན་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྐུ་གསུམ་ཐོབ་པར་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དམ་ཆོས་འདི་ཡང་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་གྱི་སྙིང་པོ་ (Volume 3, Text 18)

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཆུང་བ་ཚོར་བ་རང་གྲོལ་གྱི་སྙིང་པོ་བཞུགས་སོ༔ ཞི་ཁྲོ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་བློ་དམན་དོན་དུ་ནི༔ ཞི་ཁྲོ་འདུས་པའི་ལས་བྱང་བསྟན༔ འདི་ལ་ལེའུ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ ་དང་པོ་སྔོན་འགྲོ་ལ་ཡང་གསུམ༔ བཀའ་བསྒོ་མཚམས་བཅད་བྱིན་བརླབ་བོ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ༔ ཕྱོགས་བཅུ་ཀུན་ཀྱང་ཞི་ཁྲོའི་ལྷས༔ རབ་ཏུ་གང་ནས་འོ