RTZ Volume 16 Full Text Tibetan

Rinchen Terdzö, Volume 16, Full Text
རིན་ཆེན་གཏེར་མཛོད་ཆེན་མོ་པོད་བཅུ་དྲུག་པ།

Contents

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ (Volume 16, Text 1)

༁ྃ༔ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ༔ ྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ བདེ་གཤེགས་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་སྙིང་པོ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཅེས་བྱ་བ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ སྟོན་པ་ཀུན་ཏུ་བཟང་པོས་གསུངས་ཤིང༔ རིག་གདངས་ཀྱི་འཁོར་རྣམས་ལ་དགོངས་བརྒྱུད་མཛད༔ ལྷ་གནས་གསུམ་དུ་གྲགས་པའི་ཞིང་དུ་རིག་འཛིན་བརྡ་བརྒྱུད་ཀྱིས་ཡི་གེའི་ཚུལ་བསྟན༔ འཕགས་ཡུལ་མཆོད་རྟེན་བདེ་བྱེད་བརྩེགས་པར་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཉེར་གཏད་མཛད༔ སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མངའ་གསོལ་ཞིང༔ རིག་འཛིན་ཆེན་པོ་བརྒྱད་ཀྱིས་སྟོན་པའི་ཚུལ་བཟུང༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་ཀྱིས་གྲུབ་པ་ཐོབ་ནས༔ བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བར་དགོངས་ནས༔ ལྷ་སྲིན་དྲེགས་པ་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་བཀོད༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་སོགས་སྐལ་ལྡན་གྱི་སྐྱེས་བུ་རྣམས་སྨིན་གྲོལ་བྱང་ཆུབ་ཀྱི་ལམ་ལ་བཀོད༔ དུས་མ་འོངས་པའི་སེམས་ཅན་དུག་ལྔའི་དབང་དུ་འགྲོ་བ་ལ་དགོངས་ནས་ཟབ་གཏེར་གྱིས་རི་ལུང་ཐམས་ཅད་བཀང༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་ཚན་བརྒྱ་དང་སུམ་ཅུ་རྩ་ལྔ་རྣམས་གང་ལ་གང་འདུལ་དུ་སིལ་བུར་བཀྲམས་ཏེ༔ སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་ཐམས་ཅད་ཁ་ཚང་དོན་འདྲིལ་བ༔ ཐ་ནའང་ཚིག་ཤོ་ལོ་ཀ་རེ་རེ་ལ་ཡང་ཟབ་གནད་ཁྱད་དུ་ཐོན་པ་རེ་རེ་བྱས་ནས་གཏེར་ཁ་ཤིན་ཏུ་མང་བར་སྦས༔ མ་འོངས་པ་ན་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཡོང་བར་ལུང་བསྟན་དང་བཅས་ཏེ་གསུངས་པ་རྣམས༔ བདག་མཁར་ཆེན་བཟས་མི་བརྗེད་པའི་གཟུངས་ཐོབ་པས་ཡི་གེར་བཀོད༔ ཁྱད་པར་དུ་ཚེ་སྒྲུབ་ཟབ་མོ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཆ་ལག་ཏུ༔ བི་མ་ལའི་ཆོས་སྤྱོད་རབ་གསལ་དང༔ བཀའ་བརྒྱད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་ཉང་བན་ཏིང་འཛིན་བཟང་པོའི་ཐུགས་དམ་ཡང་དག་པའོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པའོ༔ ཅིའི་ཕྱིར་ན༔ སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཅིང༔ མ་འོངས་པ་ནའང་རྗེས་འཇུག་ཐམས་ཅད་འདི་ལས་གྲུབ་པ་ཐོབ་པ་མང་བར་གསུངས༔ དེས་ན་ཐེ་ཚོམ་ཡིད་གཉིས་མ་བྱེད་པར༔ སྒྲུབས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ སྒོམས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་བ་ཁྲོ་བོའི་ལྷ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་བསྒོམ་པ་ལ༔ དང་པོ་ལྟ་བས་མཚམས་བཅད་པ༔ གཉིས་པ་འབྱུང་བ་རིམ་བརྩེགས་ནས་གཞལ་ཡས་ཁང་བསྐྱེད་པ༔ གསུམ་པ་ལྷ་ཚོགས་གསལ་གདབ་པ༔ བཞི་པ་སྤྱན་འདྲེན་བྱིན་འབེབ་པ༔ ལྔ་པ་བདག་ཉིད་མཆོད་བསྟོད་དབུལ་བ༔ དྲུག་པ་ཕྱི་ནང་དབྱེར་མེད་བསྲེ་བ༔ བདུན་པ་དྲག་སྔགས་ཏིང་འཛིན་བཟླས་པ༔ བརྒྱད་པ་བསྐུལ་ཞིང་ཕྲིན་ལས་བཅོལ་བའོ༔ དེ་ལ་དང་པོ་ལྟ་བས་མཚམས་གཅོད་པ་ནི༔ ཧཱུྃ༔ ཡེ་ནས་ཁྲོ་རོལ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྣོད་བཅུད་སྣང་གྲགས་གསལ་སྟོང་ཡེ་ཤེས་ངང༔ རུ་ཏྲ་དགྲ་བགེགས་གཉིས་འཛིན་ཀ་ནས་དག༔ ལྷ་དང་འདྲེ་གཉིས་མ་གྲུབ་རང་གི་སེམས༔ ཧཱུྃ༔ འདི་ལྟར་མ་རྟོགས་འཁྲུལ་པའི་རང་གཟུགས་ལས༔ སྡུག་བསྔལ་གྲོང་ཁྱེར་འཁོར་བའི་སེམས་ཅན་བྱུང༔ ཀུན་ཀྱང་མ་བཅོས་ལྷུག་པའི་སེམས་ཉིད་འདི༔ སྐད་ཅིག་དྲན་རྫོགས་སྒྱུ་ལུས་ཧེ་རུ་ཀའི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་མེད་ནི༔ ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་མེ་འོད་འཕྲོས༔ བར་ཆད་འབྱུང་པོ་བརླག་ཅིང་སྲུང་འཁོར་གྱུར༔ ཕྱི་དང་ནང་མེད་རོལ་པ་ཆེན་པོའི་ཀློང༔ ཨོཾ་ཧཱུྃ་ཨཱཿཛཿཕཊ༔ ཨོཾ་བཛྲ་ཀྲོ་དྷ་སརྦ་ས་མ་ཡ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ ཡེ་ནས་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ཕྱག་འཚལ་ཀུན་རྫོབ་དོན་དམ་བརྡ་དང་གར༔ ཕྱི་ནང་གསང་བ་གཉིས་མེད་དོན་གྱིས་མཆོད༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ་པར་བྱའོ༔ བཛྲ་ས་མ་ཡ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཡ་མི་ན་མོ༔ ཧཱུྃ༔ ཀུན་ནས་ཐམས་ཅད་རང་སེམས་ཞི་ཁྲོའི་ལྷ༔ བཤགས་དང་བཤགས་བྱ་མི་དམིགས་བཏང་སྙོམས་ངང༔ ཉམས་ཆག་ཉེས་ལྟུང་དྲི་མ་ཀློང་དུ་གྲོལ༔ ཀུན་ཀྱང་དབྱེར་མེད་ཁྱབ་བརྡལ་དཀྱིལ་འཁོར་ཆེ༔ སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་སྭཱ་ཧཱ༔ ཧཱུྃ༔ ཀུན་ཁྱབ་ཀུན་བྱེད་དབྱིངས་རིག་ཀློང་ཡངས་ལས༔ འགག་མེད་གསལ་དག་རང་རིག་ཡི་གེ་ཧཱུྃ༔ དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ རིམ་བཞིན་ནམ་མཁའ་རླུང་ཁྲག་ས་གཞི་དང༔ རུས་པའི་རི་རབ་མེ་འོད་བྷནྡྷའི་མཁར༔ མ་བཅོས་ལྷུན་གྲུབ་འོད་ཀྱི་དཀྱིལ་འཁོར་གསལ༔ ཕྱོགས་མཚམས་རིས་མེད་སྟོང་གསལ་མཐའ་དབུས་བྲལ༔ ཨ་འཐས་མ་ཡིན་སྒྱུ་ལུས་ཕོ་བྲང་ཆེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ ཧཱུྃ༔ རང་རིག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ འོད་ཟེར་དཔག་ཡས་མཆོད་འབུལ་འགྲོ་དོན་གྲུབ༔ མ་བཅོས་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་གཟི་བརྗིད་འོད་ཟེར་འབར༔ ཉི་ཤུ་རྩ་གཅིག་ཞལ་རྣམས་ཁྲོ་ཞིང་རྔམ༔ ལྗགས་འདྲིལ་རྣོ་ངར་མཆེ་བ་དཀར་ལ་གཙིགས༔ ཡ་སོ་ཁྲོ་བོ་མ་སོ་ཁྲོ་མོའི་གཟུགས༔ ཁ་རླངས་ཐམས་ཅད་དུག་དུད་སྤྲིན་ལྟར་འཐུལ༔ ཉི་ཟླ་ལྟ་བུའི་སྤྱན་རྣམས་སྡང་མིག་བགྲད༔ སྨིན་མ་གློག་ལྟར་འོད་འཁྱུགས་གཟའ་སྐར་སྦྲེང༔ དབུ་སྐྲ་དམར་སེར་གྱེན་འཁྱིལ་མེ་སྟག་འཕྲོ༔ ཤངས་ནས་བསྐལ་པའི་རླུང་འཚུབས་སྤྲུལ་པ་འགྱེད༔ སྨ་ར་མེ་ལྕེ་འབར་བས་ཧཱུྃ་སྒྲ་སྒྲོག༔ ཞལ་ནས་ཆུ་ཚན་ཁོལ་མའི་རྦ་ཀློང་འཁྲུག༔ སྙན་ནས་སྟོང་གསུམ་འཆིང་བའི་དུད་སྤྲིན་འཐིབས༔ ཡུམ་ཆེན་ཀུན་ཏུ་བཟང་མོ་སྐུ་ལ་འཁྲིལ༔ ཧཱུྃ༔ ཕྱག་གི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ༔ རྒྱལ་བ་བཞི་བཅུ་ཡབ་རྣམས་གཡས་ན་བཞུགས༔ ཡུམ་རྣམས་གཡོན་བཞུགས་ཐུབ་དྲུག་གཡས་གཡོན་བཞེངས༔ ཞབས་བརྒྱད་བརྐྱང་བསྐུམ་བྱོལ་སོང་གཙོ་བརྒྱད་སྟེང༔ འགྱིང་བག་སྟོབས་ལྡན་མེ་དཔུང་ཀློང་དུ་གསལ༔ དེ་ཡི་ཐུགས་ཀར་དབུ་དགུ་ཕྱག་བཅོ་བརྒྱད༔ སྐུ་མདོག་སྨུག་ནག་ཞབས་བརྒྱད་དྲེགས་པ་བརྫིས༔ ཕྱག་གཡས་རྡོ་རྗེ་ཁ་ཊཱཾ་རྔེའུ་ཆུང་དང༔ འཁོར་ལོ་རིན་ཆེན་པདྨ་རལ་གྲི་དང༔ དགྲ་སཏྭ་ཞགས་པ་དགུ་ནི་གཡས་སུ་ཐོགས༔ ཕྱག་གཡོན་བྷན་དམར་ཞིང་དབྱུག་ཐོང་གཤོལ་དང༔ ཉི་ཟླ་རི་རབ་ཁྲག་མཚོ་མེ་རླུང་དགུ༔ རབ་འཇིགས་ཁྲོ་ཚུལ་ཡུམ་དང་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དབུ་གསུམ་ཕྱག་དྲུག་པ༔ མཐིང་དཀར་དམར་ཞལ་ཕྱག་གཡས་རྡོ་རྗེ་གསུམ༔ གཡོན་གསུམ་བྷནྡྷ་རྣམ་གསུམ་ཞབས་བཞི་བགྲད༔ ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དོན་གྱི་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བགྲད༔ རྡོ་རྗེ་བྷན་དམར་འཛིན་ཅིང་ཁྲོ་ཚུལ་ཙམ༔ ཏིང་འཛིན་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ མདུན་དུ་མཐིང་ནག་གྲུ་གསུམ་དཀྱིིལ་འཁོར་དུ༔ ཐུགས་ཀྱི་ལྷ་མཆོག་བཛྲ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་དཀར་དམར་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས་ན་བསྣམས༔ བྷན་དམར་དྲིལ་བུ་རྒྱུ་ཞགས་ཡུམ་དང་འཁྲིལ༔ ཧཱུྃ༔ གཡས་སུ་སེར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ འཇམ་དཔལ་གཤིན་རྗེ་སེར་ནག་དཀར་དམར་ཞལ༔ ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སཏྭ་གཡས༔ བྷན་དམར་སྡིགས་མཛུབ་མདུང་ཐུང་གཡོན་ན་བསྣམས༔ ཡུམ་མཆོག་བེ་ཏ་ཟ་བྱེད་སྐུ་ལ་འཁྲིལ༔ ཧཱུྃ༔ རྒྱབ་ཏུ་དམར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ པདྨ་གསུང་མཆོག་རྟ་མགྲིན་དམར་སྨུག་ནི༔ དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས་སུ་བསྣམས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་ཡུམ་དང་འཁྲིལ༔ ཧཱུྃ༔ གཡོན་དུ་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཕྲིན་ལས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ནི༔ ལྗང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་ཁ་ཊྭཱཾ་མེ༔ ཕྱག་གི་མཐའ་གཉིས་ཕུར་པ་ཐུགས་ཀར་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ཤར་ལྷོ་བླ་མེད་ཧེ་རུ་ཡབ་ཡུམ་ནི༔ མཐིང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས་ན་བསྣམས༔ ཕྱག་གཡོན་བྷནྡྷ་ཞིང་དབྱུག་ག་འུ་འཛིན༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་སློབ་དཔོན་རྡོར་དྲིལ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་འཁྲིལ༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོོ་ལོོ༔ ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ༔ འཁོར་དུ་དཔའ་བོ་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཧཱུྃ༔ ནུབ་བྱང་དྲེགས་འདུལ་ཁམ་ནག་སྨུག་མཐིང་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་སུ་ཐོགས༔ བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་དུ་ཐོགས༔ ཞབས་གཉིས་བརྐྱང་བསྐུམ་འགྱིང་བག་གཟི་བརྗིད་ཅན༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ཞལ་གསུམ་མཐིང་ནག་ལ༔ ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་དུ་བསྣམས༔ ཞབས་གཉིས་དོར་སྟབས་ཁྲོ་ཚུལ་འགྱིང་བག་ལྡན༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ དེ་ལྟར་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་ཛཿཧཱུྃ་བཾ་ཧོཿཨཱ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བའི་ཚུལ་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་བརྩེས་ཁྲོ་དང་ངོ་མཚར་གར་དགུ་ལྡན༔ ཁྲོ་བོའི་གར་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་རིགས་ལྔ་ཡབ༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་སྦྱོར༔ སེམས་དཔའ་ལྕམ་སྲས་ཐུབ་དྲུག་སྒོ་བ་དང༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས༔ ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར༔ མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར༔ བར་ཆད་སྡིག་སྒྲིབ་བསྲེགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རོལ་པ་ལས༔ ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ངང༔ སྤྲོས་པས་མཐའ་འདས་བསྡུས་པས་རང་བཞིན་ཀློང༔ ལྷུན་གྲུབ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་སྙིང་པོ་བཟླས་པ་ནི༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་འཕྲོ་འདུ་ལ་དམིགས་ཏེ་བཟླའོ༔ ཆེ་མཆོག་གི་སྙིང་པོ་ནི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཡང་དག་ཐུགས་ཀྱི་སྙིང་པོ་ནི༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ འཇམ་དཔལ་སྐུའི་སྙིང་པོ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ པདྨ་གསུང་གི་སྙིང་པོ་ནི༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཕུར་པ་ཕྲིན་ལས་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཱན་བཾ་ཧཱུྃ་ཕཊ༔ མ་མོ་རྦོད་གཏོང་གི་སྙིང་པོ་ནི༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་ཡོ་གི་ནཱི་ཧཱུྃ་ཕཊ༔ རིག་འཛིན་སྙིང་པོ་ནི༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ འཇིག་རྟེན་མཆོད་བསྟོད་ཀྱི་སྙིང་པོ་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ དམོད་པ་དྲག་སྔགས་ལ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ དཔལ་གྱི་བཀའ་སྡོད་ལ༔ ཨོཾ་བཛྲ་སརྦ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ ཁྱུང་སྤྱི་གཙུག་ཏུ་བཞུགས་པ་ལ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སྤྱི་འདུས་དྲག་སྔགས་མེ་དཔུང་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དམོད་བཅོལ་ནི༔ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ བཟླ་བར་བྱའོ༔ གང་ཟག་དབང་པོ་རབ་འབྲིང་ཐ་དང་བསྟུན་ཏེ༔ ཆེ་མཆོག་སྐུ་གང་མོས་སུ་བསྒོམ་ཡང་རུང༔ སྙིང་པོ་ཡང་དེ་དང་མཚུངས༔ ཚོགས་དང་སྐོང་བ་ཚར་བ་དང༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མ་གཡེལ་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་ཡེ་ཤེས་སྤྱན་གྱིས་གཟིགས༔ བཀའ་སྡོད་དམ་ཅན་སྲུང་མས་བྱ་ར་མཛོད༔ ཀུན་མཁྱེན་མགོན་པོས་གཟུ་དང་དཔང་མཛོད་ཅིག༔ ཧཱུྃ༔ ད་ལྟ་དུས་ངན་སྙིགས་མའི་སེམས་ཅན་རྣམས༔ ཐར་པ་བསྒྲུབ་ཀྱང་བར་ཆད་དབང་བཙན་ན༔ ཐུགས་རྗེའི་མྱུར་མགྱོགས་བྱིན་རླབས་དུས་ལ་བབ༔ འཕྲལ་རྐྱེན་ངན་པའི་བར་ཆད་ཐམས་ཅད་ཟློག༔ དུས་མིན་འཆི་བའི་དབང་དུ་མི་གཏང་བར༔ ཚེ་སྲོག་དབང་ཐང་ཉམས་པ་གསོ་རུ་གསོལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཁྱད་པར་དྲག་པོ་མཐུ་ཡི་དངོས་གྲུབ་ཞུ༔ ཧཱུྃ༔ མ་རིག་གཏི་མུག་རྨོངས་པས་འཁོར་བར་འཁྱམས༔ རྒྱུ་རྐྱེན་ལས་ངན་དགྲ་བགེགས་ངར་འཛིན་འདི༔ ཐོག་མེད་དུས་ནས་གཟུང་འཛིན་འཁྲུལ་པ་ལས༔ རིག་པའི་རྒྱལ་པོ་ཁྲོ་ཆེན་ལྷ་ཚོགས་བསྐུལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྤྱི་མེས་ཀུན་བཟང་ཡབ༔ སྐྱེ་འགྲོ་ཡོངས་ཀྱི་མ་མོ་ཀུན་བཟང་ཡུམ༔ སྲས་འཁོར་བཀའ་སྡོད་ལྷ་ཚོགས་སྐུ་བཞེངས་ཤིག༔ དཀོན་མཆོག་ཐུགས་རྗེ་རྟེན་འབྲེལ་བསླུ་མེད་མཐུས༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་རུ་ཏྲ་མ་ལུས་ཀུན༔ དམིགས་ཡུལ་གཟུགས་ཕུང་ལིངྒ་འདི་ཉིད་ལ༔ སྐད་ཅིག་ཉིད་ལ་ཁུག་ཅིག་ས་མ་ཡ༔ འཁོར་འདས་ལྷ་དང་ཕྲོལ་ཅིག་ཁྲོ་བོའི་ཚོགས༔ ཧཱུྃ༔ དྲག་པོའི་ཐུན་གྱིས་བྲབས་པས་མྱོས་པར་འགྱུར༔ གཙང་མའི་ཁྲུས་ཀྱིས་དུག་ལྔའི་བག་ཆགས་ཞི༔ ཐུགས་ཀའི་འོད་ཀྱིས་ཚེ་རྟེན་རང་ལ་བསྟིམ༔ ཕཊ་ཀྱི་རང་སྒྲས་རྣམ་ཤེས་དབྱིངས་རིག་བསྲེ༔ ཧཱུྃ༔ སྣང་སྲིད་ཁྲོ་རོལ་དགྲ་བགེགས་དུམ་བུར་གཏུབ༔ལྕགས་ཀྱུ་ཕུར་པས་གར་ཉམས་གློག་ལྟར་འཁྱུག༔ ལྔ་ཕུང་གཟུགས་ཀྱིས་རབ་འབྱམས་དཀྱིལ་འཁོར་མཆོད༔ བདག་འཛིན་རྩད་ནས་ཆོད་ཅིག་མཱ་ར་ཡ༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་བདུད་རྩི་མཆོད་པས་མཉེས༔ ཡི་དམ་ཁྲོ་རོལ་ཤ་ཁྲག་དམར་གྱིས་ཚིམ༔མཁའ་འགྲོ་ཆོས་སྐྱོང་ནང་རོལ་ཞག་གིས་དགྱེས༔ ཀུན་ནས་ཀུན་ཏུ་ལོངས་སྤྱོད་ཐོགས་མེད་ཤོག༔ ཧཱུྃ༔ ཀ་དག་ཆོས་ཉིད་ཡངས་པའི་དཀྱིལ་འཁོར་འདིར༔ རང་བྱུང་རང་ཤར་ཁྲོ་བོ་རོལ་པའི་ཚོགས༔བསྐྱེད་རྫོགས་མ་བཅོས་ལྷུན་གྲུབ་ཡེ་ནས་དག༔ ངར་འཛིན་རུ་ཏྲ་གཉིས་མེད་ཀློང་དུ་ཧོ༔ ཆེ་མཆོག་ཁྲོ་བོ་རོལ་པའི་ཉམས་ལེན་སྙིང་པོར་དྲིལ་བའི་མན་ངག་གནད་ཀྱི་གཟེར་ཐེམས་གཅིག་པུ༔ བདག་མདུན་ཐ་མི་དད་ཀྱི་དཀྱིལ་འཁོར་རྒྱུན་ཁྱེར་དངོས་གྲུབ་སྙིང་པོ་ཞེས་བྱ་བ༔ བདག་འདྲ་མཁར་ཆེན་བཟས་བྲིས་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གུ་རུ་པདྨའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་སྔགས་འཆང་ཧཱུྃ་ནག་མེ་འབར་གྱིས་ཤར་ལྗོན་པ་ལུང་གི་གནས་སྒོ་ནས་གདན་དྲངས་པའོ།།།།

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་ལག་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་ཉུང་གསལ་ཡིད་ཀྱི་འདོད་འཇོ་ (Volume 16, Text 2)

༄༅། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ཆ་ལག་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་ཆོག་ཉུང་གསལ་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ན་མ་ཨུཏྟ་རཱཥྚ་མ་ཧཱ་སཱ་དྷ་ཀཱ་ཡ། མི་འགྱུར་རྡོ་རྗེ་ལྟ་བ་སྤྱི་འབྱམས་དབང་། །གདོད་ནས་བརྙེས་པས་གྲུབ་པའི་འཁོར་ལོས་སྒྱུར། །རང་བྱུང་སངས་རྒྱས་པདྨ་རྒྱལ་པོ་ཡི། །ཡེ་ཤེས་རྩལ་ཤར་དཀྱིལ་འཁོར་དགུ་ལ་འདུད། །སྒྲུབ་སྡེ་རིན་ཆེན་འབྱུང་གནས་ཀྱི། །བཅུད་མཆོག་བདུད་རྩིའི་ཐིག་ལེ་ནི། །སྐལ་ལྡན་སྙིང་གི་མུན་སེལ་བ། །སྔགས་ཤེས་རྣམས་ཀྱི་དཔྱིད་དུ་ཤར། །སྒྲུབ་ཆེན་བཀའ་བརྒྱད་ཀུན་གྱི་ཡང་སྙིང་སྤྲོས་མེད་རྣལ་འབྱོར་ལ་དགའ་བ་རྣམས་ཀྱི་དཔྱིད་དུ་གྱུར་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་བསྐུར་སྤྲོས་བཅས་རྒྱས་པར་སྤྲོ་ན། གྲུབ་དབང་རྒོད་ཚང་པ་ཆེན་པོའི་གསུང་རབ་ལྟར་ལག་ལེན་དུ་བྱ་ཞིང་། སྟབས་བདེར་བྱེད་ན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲི་རྐང་ལ་བུམ་པ་མགུལ་ཆིངས་ཁ་རྒྱན་སོ་ལྔའི་རྫས་དང་སྦྱར་བའི་དྲི་བཟང་གི་ཆུས་བཀང་ཞིང་གཟུངས་རྡོར་དང་བཅས་པ། མདུན་དུ་དཔལ་དགུ་ཁྱུང་དང་བཅས་པའི་ཙཀ་ལི། དཀྱིལ་འཁོར་གྱི་ཤར་དུ་དཔལ་གཏོར་སྨན་རཀ ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་རྡོ་རྗེ་དང་དྲིལ་བུ། བྱང་དུ་ཐོད་པར་བུར་ཆང་བདུད་རྩི་དང་སྦྱར་བ་མེ་ལོང་གིས་བཀབ་པའི་ཁར་མན་ཤེལ་བཞག མཐར་མཆོད་པ་རྣམས་ཀྱིས་གཡས་སུ་བསྐོར། གཞན་ཡང་དུར་ཁྲོད་ཀྱི་ཆས་དང་། བྲུབ་ཁུང་ལིངྒ། ཕུར་བུ་ཚོགས་རྫས། རྡོར་དྲིལ་ཌཱ་མ་རུ། མེ་ཏོག གཏོར་འབུལ་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དཀྱིལ་འཁོར་སྒྲུབ་པ་ནི། སྐྱབས་སེམས་ཚོགས་གསག་གི་རིམ་པ་སྤྱི་ལྟར་རམ། འདི་ཉིད་ཀྱི་ཆོས་སྡེ་བི་མ་ལའི་ཆོས་སྤྱོད་ལྟར་བྱ། དེ་ནས་ལས་གཞུང་དངོས་གྲུབ་སྙིང་པོའི་ལྟ་བའི་མཚམས་གཅོད་ནས་བཟུང་འཛབ་ཀྱི་རིམ་པ་ལ་ཐུག་གི་བར་དུ་གྱེར་སྒོམ་ཟུང་འཇུག་ཏུ་བྱས་ལ། བདག་མདུན་དུས་གཅིག་ཏུ་གསལ་གདབ། བུམ་པའི་ནང་དུའང་དཀྱིལ་འཁོར་ལིང་ཚེ་དགུ་པའི་ལྷ་ཚོགས་མ་ཚང་བ་མེད་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་བཞིན་གསལ་ནས། སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་བདག་མདུན་བུམ་པའི་དཀྱིལ་འཁོར་གསུམ་ཁར་སྟབས་གཅིག་ཏུ་བྱ། འཛབ་ཀྱི་སྐབས་ལ་བབ་པའི་ཚེ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སོ་སོའི་སྐུ་མདོག་དང་མཐུན་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཤིང་ལས་བྱང་ནས་འབྱུང་བ་ལྟར་དཔལ་དགུའི་སྙིང་པོ་དང་། མཐར་སྤྱི་དྲིལ་གྱི་འཛབ་བཟླ་བ་ནི་བསྙེན་པ། ཡང་དབུགས་ཕྱིར་རྒྱུ་བ་དང་སྦྲགས་ཏེ་ཐུགས་སྲོག་ས་བོོན་དང་སྔགས་ཕྲེང་ལས་འོད་ཟེར་དཔག་མེད་འཕྲོས་པས་རྒྱལ་བ་རབ་འབྱམས་ལ་མཆོད་པ་ཕུལ་ཞིང་། ཁམས་གསུམ་སེམས་ཅན་གྱི་ལས་སྒྲིབ་སྦྱངས་ཏེ་ཐམས་ཅད་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་འབའ་ཞིག་ཏུ་གྱུར་ནས་སྟོང་ཁམས་ཐམས་ཅད་སྔགས་ཀྱི་རང་སྒྲ་འུར་དིར་དུ་གྱུར་པར་བསམ། དབུགས་ནང་དུ་འཇུག་ཚེ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་བྱིན་རླབས་དབང་དང་དངོས་གྲུབ་གཟི་བྱིན་ནུས་མཐུ་མཐའ་དག་འོད་ཟེར་གྱི་རྣམ་པ་འབྲུ་གསུམ་ཡི་གེའི་ཚུལ་དུ་ཚུར་བྱུང་ནས་བདག་མདུན་བུམ་པའི་ལྷའི་གནས་གསུམ་དུ་ཐིམ་པར་མོས་པ་སྟེ། དེ་ལྟར་སྤྲོ་བསྡུའི་བཟླས་པ་བྱེད་པ་སྒྲུབ་པ། དེ་ལྟ་བུའི་བདག་མདུན་གྱི་བསྐྱེད་བཟླས་སྤྲོ་བསྡུ་སོགས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་བྱ་བྱེད་ལས་གསུམ་དབྱེར་མེད་ཀུན་བཟང་ཆེ་མཆོག་གི་དགོངས་ཀློང་རྣམ་པར་དག་པ་ཁོ་ནའི་རོལ་པ་ཉིད་ལས་གཞན་དུ་མ་གྲུབ་པར་ཐག་ཆོད་པས། གདོད་ནས་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་ལྷུན་འབྱམས་ཀྱི་ངང་ནས་ལྷ་སྔགས་སེམས་གསུམ་ཐ་དད་མེད་པར་འཇོག་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་པ་དང་སྒྲུབ་པ་སྒྲུབ་ཆེན་གསུམ་ཆིག་དྲིལ་གྱི་ཉམས་སུ་ལེན་ཚུལ་འདི་ནི་བཀའ་བརྒྱད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་སྐབས་དོན་ཡིན་པས་རིགས་མཐུན་གཞན་ལའང་ཤེས་པར་བྱ། ཞར་བྱུང་བུམ་ལྷའི་སྐུ་ལས་བབས་པའི་ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་ཁེངས་པར་མོས་ཤིང་། འཛབ་བཟླས་གྲུབ་པའི་མཇུག་ཏུ་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ལས་བུམ་དུ་རྡོར་སེམས་བསྐྱེད་ལ་ཡིག་བརྒྱ་ཡིག་དྲུག་བཟླས་པས་བྱིན་བརླབ། བཀའ་སྲུང་གཏོར་འབུལ་བྱ། ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ནས་རིག་པའི་མེ་ཏོག་དོར་བའམ། ཡང་ན་ལུགས་འདིར། མདུན་བསྐྱེད་ལྷ་ཚོགས་ཀྱི་གནས་གསུམ་འབྲུ་གསུམ་ལས་འཕྲོས་པའི་འོད་ཟེར་བདག་ཉིད་ཀྱི་གནས་གསུམ་དུ་བསྟིམས་པས་དབང་བཞི་བླངས་ཤིང་བདག་ཉིད་ལྷ་དང་དབྱེར་མེད་པའི་ངེས་ཤེས་བསྐྱེད་པར་གསུངས་སོ། །དེའང་ཚོགས་མཆོད་དང་རྗེས་ཀྱི་ལས་རིམ་ལས་བྱང་འདིར་མི་བཞུགས་པས་ཤེས་ཤིང་སྤྲོ་ན་རང་གཏེར་མ་ནིང་གི་གཞུང་ལས་ལེན་དགོས་ཤིང་། བདེ་གླིང་བཀའ་འདུས་དང་འདི་གཉིས་གཏེར་ཁ་མ་བུ་ཡིན་པས་དེ་ལས་བླངས་ནའང་ཤིན་ཏུ་འབྲེལ་ཆགས་པར་འགྱུར་ལ། དེ་དག་གང་ཡང་མི་ཤེས་པས་ནི་གསང་རྫོགས་ལྟ་བུ་གཏེར་ཁ་གཞན་ནམ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་དང་རྗེས་རིམ་སྦྱར་ཡང་རུང་བ་ཉིད་དོ། །དེ་ནས་དབང་བསྐུར་བ་ལ། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་ལ་སེམས་བསྐྱེད་གསལ་བཏབ་ནས། དེའང་རང་གཞན་གྱི་དོན་ཆེན་ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་སྨིན་གྲོལ་གཉིས་ལ་མ་བརྟེན་པར་ཐབས་གཞན་གྱིས་ཐོབ་པར་མི་འགྱུར་ཞིང་། དེའང་བཀའ་རྒྱ་ཆེ། ལུང་གྲངས་མང་། མན་ངག་གཏིང་མཐའ་མེད་པ་ཞིག་མཆིས་མོད་ཀྱང་། མདོར་བསྡུ་ན། འབྲས་བུའི་ཐེག་པ་ཐམས་ཅད་རྒྱུད་སྡེ་བཞིའམ་དྲུག་གི་རིམ་པར་འདུས་ཤིང་། དེ་ཐམས་ཅད་ཀྱི་སྙིང་པོ་བསྐྱེད་རྫོགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་དུ་འདུ་བ་ཡིན་ལ། ཟབ་ཆོས་འདི་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་བོད་ཡུལ་མཐའ་འཁོབ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་སྦར་བར་མཛད་པའི་སླད་དུ་བྱོན་པའི་ཚེ། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་གི་སྒྲུབ་གནས་སུ་བདེ་བར་གཤེགས་པ་ཐམས་ཅད་སྒྲུབ་པ་སྡེ་དགུ་ལ་ཡོངས་སུ་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྐལ་ལྡན་རྗེ་འབངས་སྙིང་གི་བུ་དགུ་གཙོ་བོར་ཐུགས་སྲས་ཉེར་ལྔ་སོགས་ལ་དབང་བསྐུར་ནས་རྒྱུད་ལུང་མན་ངག་གི་གདམས་པ་རྣམས་ཚང་སྤྲུགས་སུ་བསྩལ་པའི་དུས་སུ་རྡོ་རྗེའི་གསུང་གཅིག་ཉིད་ལ་དུ་མས་སོ་སོར་གོ་བའི་ཚུལ་དུ་རྗེ་འབངས་རང་རང་གི་སྐལ་པ་དང་འཚམ་པར། བདེ་གཤེགས་འདུས་པ། གསང་བ་ཡོངས་རྫོགས། རང་བྱུང་རང་ཤར། ཐུགས་ཀྱི་མེ་ལོང་། བླ་མེད་ཀུན་འདུས། དགོས་འདོད་ཀུན་འབྱུང་། རྡོ་རྗེ་རྭ་སྦྲགས། དྲེགས་པ་ཡོངས་འདུལ། དངོས་གྲུབ་འདུས་པ། ཡང་གསང་འདུས་པ། ཁྲོ་མཁར་མ་དང་རྫོང་འཕྲང་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་མཐའ་ཡས་པར་བྱུང་བ་ཡིན་ཅིང་། དེ་ལ་སྐབས་སུ་བབས་པ་འདི་ནི། གུ་རུ་རིན་པོ་ཆེས་རྫོགས་ཆེན་གྱི་རྣལ་འབྱོར་ཉང་བན་ཏིང་འཛིན་བཟང་པོ་ལ་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ཟབ་ཆོས་གནང་བའི་སྐབས་སུ། དཔེར་ན་འཇིག་རྟེན་ན་ཚོང་པ་ནོར་ཆེ་ཡང་ནོར་ལ་དགྲ་མང་བས་དགྲ་འཇིགས་སྐྱོབ་པའི་སྐྱེལ་མ་གལ་ཆེ་བའི་དཔེ་ལྟར། ཚེའི་སྒྲུབ་པ་དངོས་གྲུབ་ཆེ་ཡང་བར་ཆད་སེལ་བའི་ཆ་རྐྱེན་ལ་དགོངས་ཏེ་བཀའ་འདུས་ཡོངས་ཀྱི་བཅུད་དྲིལ་སྙིང་པོར་ཕྱུངས་ཏེ་བསྩལ་པ། སླད་ནས་ཉང་ལྗོན་པ་ལུང་གི་གནས་སྒོ་འཛེང་ཕྲང་བྲག་ལ་གཏེར་དུ་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ཉང་བན་ཉིད་ཀྱི་སྤྲུལ་པ་སྣང་བཞི་ཟད་སར་འཁྱོལ་བའི་རིག་འཛིན་འཇའ་ཚོན་སྙིང་པོས་སྤྱན་དྲངས་པ་བྱིན་རླབས་གཟི་བརྗིད་འབར་བའི་ཟབ་ཆོས་ཏེ། དེ་ཉིད་ཀྱི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་ཏུ་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་ཐང་མེད་པའི་རིན་པོ་ཆེའི་མེ་ཏོག་གི་ཆུན་པོ་ཕྱག་ཏུ་སྤྲད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་བོར་གྱུར་པའི་སྐྱབས་གནས་མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་རྩ་བ་བླ་མ་དང༔ དངོས་གྲུབ་རྩ་བ་ཡི་དམ་དང༔ ཕྲིན་ལས་མཛད་པའི་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྐྱབས་གནས་དེ་དག་དཔང་པོར་གསོལ་བའི་སྤྱན་སྔར་གཞན་གནོད་གཞི་དང་བཅས་པ་སྤོང་པའི་སོ་ཐར་གྱི་སྡོམ་པ་བླང་བར་བགྱིའོ་སྙམ་པས་རྗེས་ཟློས། སྐྱབས་གནས་ཀུན་གྱི་སྤྱན་སྔ་རུ༔ སྒོ་གསུམ་གུས་པས་གཞན་དོན་དུ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོ་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒོམ༔ སྡོམ་པ་ཡོངས་སུ་བཟུང་བར་བགྱི༔ གསུམ། གཞན་ཕན་གཞི་དང་བཅས་པ་བསྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་པ་ནོད་པར་བགྱིའོ་སྙམ་པས་རྗེས་ཟློས། སྐྱབས་གནས་ཐམས་ཅད་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དེ་བཞིན་བདག་གིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང༔ བདག་གིས་སེམས་བསྐྱེད་སྡོམ་པ་བཟུང༔ ལན་གསུམ། རྩ་བ་ཡན་ལག་ཁྱད་པར་གྱིས་བསྡུས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་ནི་མི་སྤང་ངོ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང༔ ལན་གསུམ་བྱའོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་དད་མོས་ངེས་ཤེས་ཀྱི་གདུང་ཤུགས་བསྐྱེད་དེ་གསོལ་བ་གདབ་པའི་ཚིག་འདིའི་རྗེས་ཟློས་མཛད་པར་ཞུ། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེས་དཀྱིལ་འཁོར་དུ་གཞུག་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ལྷ་དང་སློབ་དཔོན་དབྱེར་མེད་པས་ཐུགས་རྗེས་དགོངས་ཏེ་རྗེས་སུ་གནང་བ་ཡིན་པས། དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྔར་བྱིན་པའི་མེ་ཏོག་དེ་ཉིད། རང་རང་གི་ཚེ་རབས་མང་པོའི་གོང་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ལ་མཆིས་པ་དེ་ཁོ་ནར་འབུལ་བའི་འདུན་པས་ཚིག་འདིའི་རྗེས་ཟློས་མཛད་པའི་མཐར་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ལ་འཐོར་བར་མཛོད་ཅིག ཧོ༔ རྣལ་འབྱོར་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་བབ་པར་ཤོག༔ དེ་ཝ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་མེ་ཏོག་འཐོར་ལ། འོ་དེ་ལྟར་མེ་ཏོག་ཕུལ་བ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀར་བབས་པ་ཡིན་ཏེ། འཁོར་གྱི་དཀྱིལ་འཁོར་ཡེ་ཤེས་རྣམ་པ་དགུའི་རང་འོད་ལས་གྲུབ་པའི་ཚོམ་བུ་དགུའི་ལྷ་ཚོགས་མ་ལུས་པ་རྣམས་གཙོ་མཆོག་ཉིད་ཀྱི་རང་མདངས་ལས་གཞན་མ་ཡིན་པའི་ཕྱིར་ན། ཁྱེད་རང་རྣམས་ཀྱི་ཡི་དམ་ལྷའི་སྐལ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་བསྙེན་ཅིང་སྒྲུབ་པར་བྱོས་ལ། ལྷ་དང་མི་འབྲལ་བའི་རྟགས་སུ་གནས་གསུམ་དུ་ཡིག་འབྲུ་གསུམ་གྱི་མཚན་མ་བཏབ་ཅིང་། གསང་མཚན་གདགས་པ་ནི་དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྫས་བྱུགས་པ་ཙམ་གྱིས་ལྕགས་ཉིད་གསེར་གྱི་དངོས་པོར་འགྱུར་བ་ལྟར་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷའི་ངོ་བོར་གནས་བསྒྱུར་བའི་ཐབས་ཀྱི་བྱེ་བྲག་ལགས་པས་དེ་ལྟར་ངེས་པར་གྱིས་ལ་གསང་བའི་མཚན་ཡང་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་མ་བརྗེད་པར་འཛིན་འཚལ། ཞེས་དྲི་བཟང་གི་ཆུའམ་བདུད་རྩི་སྨན་གྱི་ཀ་པཱ་ལ་ནས་བླངས་པས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་དཔྲལ་མགྲིན་སྙིང་ཁར་ཐིག་ལེ་བྱའོ། །དེ་ནས་དབང་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་བཅའ། ངག་གནད་བུམ་ཅན་ནམ་རླུང་རང་སོར་བཞག །སེམས་ཀྱི་རྟོག་པ་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་པར་ཞུ། དེ་ཡང་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ནམ་མཁའ་ལ་འཇའ་ཤར་བ་བཞིན་དུ་དཔལ་ཆེན་ཧེ་རུ་ཀ་རིགས་འདུས་ཕྱག་རྒྱ་མཆོག་གི་སྐུར་གྱུར་ཏེ། དེ་ཡང་སྐུ་མདོག་མཐིང་ལ་སྨུག་པའི་མདངས་ཀྱིས་བརྗིད་པ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པས་གཡོན་ཐོད་པ་ཁྲག་གིས་བཀང་བ་དཀྲུགས་པའི་ཚུལ་དུ་བསྣམས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུགས་པའི་སྨིན་མ་དང་སྨ་ར་མེ་ལྕེ་འབར་བ། དབུ་སྐྲ་ཁམ་ནག་ནམ་མཁར་འཕྱོ་ཞིང་ཐོད་སྐམ་རིགས་ལྔ་རྩེ་བྲན་འོད་ཟེར་འབར་བས་བརྒྱན་པ། སྙན་ཆ་མགུར་ཆུ་ཕྱག་ཞབས་ཀྱི་རྒྱན་རིན་པོ་ཆེ་དང་རུས་རྒྱན་སྦྲུལ་གྱི་ཆུན་པོས་བརྒྱན་པ། སྐུ་ལ་གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་སྟག་ལྤགས་ཤམ་ཐབས་ཏེ་བགོ་བའི་གོས་གསུམ་དང་། ཐོད་པ་སྐམ་རློན་རྙིང་པའི་ཕྲེང་བ་ཚར་གསུམ་དང་། ཐལ་ཆེན་རཀྟ་ཞག་གི་སོར་རིས་ཏེ་བྱུགས་པའི་རྫས་གསུམ་དང་། རྡོ་རྗེའི་གཤོག་པ་དང་ཡེ་ཤེས་ཀྱི་མེ་དཔུང་སྟེ་དཔའ་བའི་རྟགས་གཉིས་དང་བཅས་ཏེ་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས་པར་བརྒྱན་ཞིང་། ཞབས་གཡས་བསྐུམ་གཡོན་བརྐྱང་གི་འདོར་ཐབས་ཀྱིས་པད་ཉིའི་གདན་ལ་བཞེངས་ཤིང་འགྱིངས་པ། ཡུམ་ཆེན་ཁྲོ་མོ་གནམ་ཞལ་མ་མཐིང་ག་ཆ་ལུགས་ཡབ་དང་མཚུངས་པའི་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་པ་ཡབ་དང་མཉམ་པར་གཤིབས་ཤིང་གཡོན་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀ་སྐུ་སྣང་ལ་རང་བཞིན་མེད་པ་གར་དགུའི་ཉམས་ལྡན་གཟི་བརྗིད་གཏུམ་རྔམས་ཀྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་པདྨ་སྔོན་པོ་འདབ་བརྒྱད་ཀྱི་གདན་ལ་ཉི་མའི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ་ཡང་ཧཱུྃ་མཐིང་བརྒྱད་ཀྱིས་བསྐོར་བར་གསལ། སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་འཁོར་དུ་བརྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པ་ཐམས་ཅད་འཇའ་འོད་ཐིབས་སེ་བཞུགས་པར་མོས་པ་མཛོད་ཅིག །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་དང་། ཁྱོད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་སྐུ་གསུམ་རྒྱ་བོད་ཀྱི་གྲུབ་ཐོབ་རིག་འཛིན་སོགས་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་བླ་མ་རྣམས་ལ་ཐིམ། དེ་དག་ཐམས་ཅད་ཀྱང་འོད་ཀྱི་གོང་བུར་གྱུར་ཏེ་ཁྱོད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཅེས་དམིགས་པ་སྤྲད་པ་ལྟར་སློབ་དཔོན་གྱིས་ཀྱང་ཏིང་འཛིན་གཏད་ཅིང་། གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་མཐར། ཨོཾ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ། ཨ་བྷི་ཥིཉྩ་ཨཿཨཿཨཿ ཞེས་རོལ་མོ་དང་བཅས་ཏེ་བསྟིམ་མོ། །སླར་ཡང་ཁྱེད་རང་གི་ཐུགས་ཀའི་ཧཱུྃ་རྣམས་ཀྱི་འོད་ཟེར་ཕྱོགས་བཅུ་མཐའ་མེད་དུ་འཕྲོས་པས་དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཡི་དམ་ཞི་བ་དམ་པ་རིགས་བརྒྱ། སངས་རྒྱས་བཞི་བཅུ་རྩ་གཉིས། དེ་ཉིད་རིགས་ལྔ། གསང་ཆེན་རིགས་གཅིག་ལ་སོགས་པའི་རྣམ་པར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་གཉིས་མེད་དུ་ཐིམ་པའི་མོས་པ་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་ཝ་ཤཱནྟི་ཀ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཿཨཿཨཿ ཞེས་ནན་ཏན་དུ་བསྟིམ། དེ་ནས་ཡང་ཐུགས་ཀའི་ཧཱུྃ་ཡིག་དགུ་ལས་འོད་འཕྲོས་པས། རྒྱུད་སྡེ་བཞི་དྲུག་གི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་ཆོས་སྲུང་དམ་ཅན་རྒྱ་མཚོར་བཅས་པ་རྣམས་དང་ཁྱད་པར་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ཆར་དྲག་རླུང་གིས་བསྐྱོད་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་དགུ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་པ་རི་བཱ་ར་ཨཱ་བེ་ཤ་ཡ་དཱུ་ཏི་ཏེ། བཛྲ་ག་མ་ཨ་ནུཏྟ་རཾ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། ར་ར་ཙཱ་ལ་ཧ་ཛཿཧཱུྃ་ཨཿཧཱ་ཛྷེཾ་སྭཱ་ཧཱ། ཞེས་རོལ་མོ་དྲག་པོར་བཅས་པས་བསྟིམ་ཞིང་འབེབ་པའི་རྫས་དུད་ཀྱང་བདུག་གོ །དེ་ལྟར་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དངོས་གཞིའི་ཐོག་མར་བུམ་དབང་ནི། ཁྱེད་རང་རྣམས་དཔལ་ཆེན་པོའི་སྐུར་གསལ་བཞིན་པའི་ངང་ནས། དབང་རྫས་ཀྱི་བུམ་པ་འདིའི་ནང་གཞལ་ཡས་ཁང་དགུ་རྫོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་བཞུགས་པ་སྤྱི་བོར་བཞག་པའི་ཚེ། ལྷ་རྣམས་འོད་དུ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་ནར་གྱིས་བྱུང་སྟེ་སྤྱི་གཙུག་ཚངས་བུག་ཏུ་ཞུགས། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་གང་ནས་ཚེ་རབས་ཐོག་མེད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་། ཡི་དམ་ལྷ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་མོས་ཤིག །ཧཱུྃ༔ བཀྲ་ཤིས་བུམ་པ་རིན་ཆེན་བརྒྱན༔ བདེར་གཤེགས་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་བག་ཆགས་སྒྲིབ་བྱང་ཤོག༔ ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་དབང་བསྐུར་ལ་བུམ་ཆུ་འཐོར་ཞིང་བླུད། དབུ་རྒྱན་ཐོགས་ལ། དེ་ལྟར་བུམ་པས་དབང་བསྐུར་བས་བདུད་རྩིའི་ཆུས་ལུས་ཁེངས་ཤིང་ཆུ་ལྷག་གྱེན་དུ་ལུད་པ་ལས་རིགས་ཀྱི་བདག་པོ་རྒྱལ་བ་རྣམ་པ་ལྔས་དབུར་བརྒྱན་པའི་མོས་པ་མཛོད། ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ སྐུ་ལྔ་ཡེ་ཤེས་དུག་ལྔ་འཇོམས༔ དབུ་རྒྱན་རིགས་ལྔས་དབང་བསྐུར་བས༔ ཉོན་མོངས་བག་ཆགས་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བསྐུར། རྡོར་དྲིལ་ཐོགས་ལ། དེ་ལྟར་ཁྱེད་རྣམས་ཀྱི་ཕུང་ཁམས་ལྷར་བྱིན་གྱིས་བརླབས་ཤིང་རིགས་བདག་གི་རྒྱས་བཏབ་པ་རྒྱལ་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཁྲུས་གསོལ་ཞིང་ཅོད་པན་བཅིངས་པ་དང་ཆོས་མཚུངས་ལ། ད་ནི་བཀའ་རྟགས་ཀྱི་ཕྱག་རྒྱ་གཏད་པ་དང་མཚུངས་པ་རྡོར་དྲིལ་ལག་ཏུ་གཏད་པས་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་འགྲོ་བའི་དོན་སྤྱོད་ནུས་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ གསུང་དབྱངས་གྲགས་སྟོང་དྲིལ་བུ་གཉིས༔ ཐབས་ཤེས་ཟུང་འཇུག་དབང་བསྐུར་བས༔ མཉམ་ཉིད་དབྱེར་མེད་དབང་ཐོབ་ཤོག༔ ཛྙཱ་ན་བཛྲ་གྷནྡྷེ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཞེས་ལག་གཡས་གཡོན་དུ་གཏད་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་དུ་གཞུག་གོ །དེ་ནས་མཆོད་པ་རྣམ་པ་ལྔ་སྨན་རཀྟ་གཏོར་མ་རྣམས་འཁར་གཞོང་ལྟ་བུའི་སྣོད་ཆེ་བ་གཅིག་ཏུ་བཅུག་ནས་ལག་ཏུ་གཏད་ཅིང་། དེ་ནས་ཕྱི་ནང་གི་མཆོད་རྫས་ཡོངས་རྫོགས་གཏད་པས་རྒྱལ་སྲིད་ཀྱི་མངའ་ཐང་ལོངས་སྤྱོད་ཐམས་ཅད་འབོགས་པ་དང་ཆོས་མཚུངས་པར། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་མོས་པ་མཛོད་ཅིག ཧཱུྃ༔ སྨན་རག་གཏོར་མ་མཆོད་པའི་རྫས༔ དམ་རྫས་ཡོངས་རྫོགས་དབང་བསྐུར་བས༔ ལྷ་དང་དམ་རྫས་བསྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ དེ་ནས་དུར་ཁྲོད་ཆས་བརྒྱད་རྣམས་གཏད་ཅིང་། དེ་ལྟར་རྒྱལ་པོར་དབང་བསྐུར་བས་རྒྱལ་པོའི་ཆ་བྱད་དང་དཔའ་བརྗིད་ཀྱི་གོས་རྒྱན་རྣམས་གྱོན་པར་དབང་བ་ལྟར། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་རྟགས་ཀྱི་རྫས་རྣམས་གཏད་ཅིང་བཀོན་པས། མ་མོ་མཁའ་འགྲོ་རྣམས་ཀྱིས་རྗེ་དང་གཙོ་བོར་བཀུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན་ནུས་པར་གྱུར་པའི་ངེས་ཤེས་མཛོད་ཅིག །ཧཱུྃ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པ༔ དཔལ་གྱི་ཆས་དབང་བསྐུར་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ དེ་ལྟར་ཕྱི་ཐུན་མོང་རྫས་ཀྱི་དབང་རྣམས་རིམ་པར་བསྐུར་པས། འཁོར་ལོས་སྒྱུར་བའི་རྒྱལ་བུ་རྒྱལ་སར་དབང་བ་ཇི་ལྟ་བར་ཁྱེད་རྣམས་ཆོས་ཀྱི་རྒྱལ་སྲིད་ལ་བཀོད་ཅིང་མངའ་གསོལ་བའི་བྱིན་རླབས་མཐུ་འབྲས་ཀྱིས། དམ་པ་ཆོས་ཀྱི་རྒྱལ་ཁབ་ཏུ་མངོན་པར་སངས་རྒྱས་པའི་གོ་འཕང་ཐོབ་ནས་ནམ་མཁའ་མཉམ་པའི་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་པས་དེ་ལྟར་ཐུགས་ལ་ངེས་མཛོད། ཅེས་བརྗོད་ཅིང་ཤིས་བརྗོད་མདོར་བསྡུས་བྱ། དེ་ནས་གསང་སྔགས་ནང་དབང་ཟབ་མོ་བསྐུར་བ་ལ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པར་བྱེད་པ་ཡི་དམ་ལྷའི་དབང་། བཟླས་ལུང་གསང་བའི་དབང་། ཤེས་རབ་བརྡའི་དབང་གསུམ་དུ་ཡོད་པའི་དང་པོ་ཕྱག་རྒྱ་ལྷའི་དབང་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བར་ཞུ། དེ་ནས་སྐུ་ཙཀ་རྣམས་རིམ་པར་ཐོགས་ལ། ཁྱེད་རང་རྣམས་ཀྱི་ལུས་གདོས་བཅས་གཟུགས་ཀྱི་ཕུང་པོ་མ་དག་མཚན་འཛིན་གྱི་བག་ཆགས་སྦྱངས་ཤིང་ཡི་དམ་ལྷའི་སྐུར་གསལ་བཏབ། བྱིན་གྱིས་བརླབས། དབང་བསྐུར། རྒྱས་བཏབ་པ་སོགས་བགྱིས་པའི་དོན་རྣམས་དྲན་པར་བྱོས་ལ། སླར་ཡང་ལྷ་ལ་ལྷ་བསྟིམ་པ་ནན་ཏན་དུ་བགྱི་བ་ཡིན་པས། དེ་ཡང་མདུན་གྱི་དཀྱིལ་འཁོར་འདི་ཉིད་འདུས་བྱས་ཀུན་རྫོབ་རྫས་ཀྱི་དངོས་པོ་ཙམ་དུ་མ་འཛིན་པར་ཡེ་ཤེས་རང་བྱུང་སྤྲུལ་པའི་གཞལ་ཡས་ཆོས་ཉིད་རོལ་པ་ཆེན་པོའི་ཕོ་བྲང་། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་ཀྱི་དཀྱིལ་འཁོར་སྙིང་པོའི་གཙོ་མཆོག་འཁོར་འདས་མ་ལུས་པའི་ཁྱབ་བདག་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་སྐུ་ལས་རང་འདྲའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ་ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བ་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ་པའི་མོས་གུས་རྩེ་གཅིག་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་ཆེ་བའི་མཆོག༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ༔ ཡབ་ཡུམ་སྲས་དང་བཅས་པའི་དབང་བསྐུར་བས༔ སྐལ་ལྡན་བུ་ལ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་རོལ་མོ་བསྒྲགས་ཤིང་དཔོན་སློབ་གཉིས་ཀས་ཏིང་འཛིན་དང་ལྡན་པས་སྤྱི་གཙུག་ཏུ་དབང་བསྐུར་ཞིང་བསྟིམ་མོ། །དེ་ལྟར་གཙོ་བོ་གཞན་ཐམས་ཅད་རིགས་འགྲེས་ཏེ། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོའི་གཙོ་བོ་འཇམ་དཔལ་གཤིན་རྗེའི་གཤེད་ལས་རང་འདྲའི་སྐུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་སྐུ་མཆོག་གཤིན་རྗེ་གཤེད༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན༔ སྐལ་ལྡན་བུ་ལ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་དཔྲལ་བར་བསྐུར་རོ། །ནུབ་ཕྱོགས་ཀྱི་དཀྱིལ་འཁོར་དབུས་ནས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་ལས་རང་འདྲའི་སྐུ་བྱོན་ཏེ་མགྲིན་པའི་གནས་སུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གསུང་མཆོག་དབང་ཆེན་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ འགག་མེད་གསུང་དབྱངས་འགྲོ་ཀུན་དབང་དུ་སྡུད༔ སྐལ་ལྡན་བུ་ལ་གསུང་གི་དངོས་གྲུབ་སྩོལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགྲིན་པར་བསྐུར་རོ། །དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དཔལ་ཆེན་བཛྲ་ཧེ་རུ་ཀ་འཕྲོས་ཏེ་སྙིང་ཁར་ཐིམ་པར་སྒོམ་མཛོད་ཅིག ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཐུགས་མཆོག་བཛྲ་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ གསལ་སྟོང་མཐའ་བྲལ་ཟུང་འཇུག་རྡོ་རྗེའི་ཐུགས༔ སྐལ་ལྡན་བུ་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་ཁར་བསྐུར་རོ། །བྱང་ཕྱོགས་དཀྱིལ་འཁོར་གྱི་གཙོ་བོ་ཕྲིན་ལས་རྡོ་རྗེ་གཞོན་ནུ་ལས་རང་འདྲའི་སྐུ་འཕྲོས་ཏེ་ལྟེ་བར་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཕྲིན་ལས་ཕུར་པའི་ལྷ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་བཅས༔ བྱིན་རླབས་ཐོགས་མེད་ནུས་མཐུའི་དབང་བསྐུར་བས༔ སྐལ་ལྡན་བུ་ལ་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བསྐུར་རོ། །ཤར་ལྷོའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མེད་ཧེ་རུ་ཀ་ལས་རང་འདྲའི་སྐུ་འཕྲོས་ནས་གསང་བའི་གནས་སུ་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་བླ་མེད་ཧེ་རུ་ཀ༔ མ་མོ་རྦོད་གཏོང་ཚོགས་ཀྱི་དབུས་ན་བཞུགས༔ ལྷ་མོ་མོ་རྒྱུད་མཁའ་འགྲོ་ཀུན་འདུས་དབང༔ སྐལ་ལྡན་བུ་ལ་མཁའ་འགྲོས་དངོས་གྲུབ་སྩོལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་སཏྭཾ་མ་མ་ཡོ་གི་ནཱི་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསང་བར་བསྐུར་རོ། །ལྷོ་ནུབ་ཀྱི་དཀྱིལ་འཁོར་ནས་རིག་འཛིན་སློབ་དཔོན་གྱི་སྤྲུལ་པ་འཕྲོས་ནས་སྤྱི་གཙུག་ཏུ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་བླ་མ་ཐོད་ཕྲེང་རྩལ༔ རྒྱ་བོད་གྲུབ་ཐོབ་རྩ་བརྒྱུད་གུ་རུ་རྣམས༔ ཡབ་ཡུམ་སྲས་བཅས་ཐུགས་རྗེའི་བྱིན་རླབས་དབང༔ སྐལ་ལྡན་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་བཛྲ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་གཙུག་ཏུ་བསྐུར་རོ། །ནུབ་བྱང་དཀྱིལ་འཁོར་གྱི་མངའ་བདག་དཔལ་ཆེན་དྲེགས་པ་ཀུན་འདུལ་ལས་རང་འདྲའི་སྤྲུལ་པ་འཕྲོས་ཏེ་པུས་མོ་གཡས་སུ་ཐིམ་པར་སྒོམ་མཛོད། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་དྲེགས་པ་ཀུན་འདུལ་ནི༔ ཡབ་ཡུམ་སྲས་དང་འཁོར་ཚོགས་ཐམས་ཅད་ཀྱིས༔ ཆོས་སྐྱོང་སྲུང་མ་ལས་ལ་འཁོལ་བ་དང༔ སྐལ་ལྡན་བུ་ལ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པུས་མོ་གཡས་སུ་བསྐུར་རོ། །དཀྱིལ་འཁོར་བྱང་ཤར་གྱི་གཙོ་བོ་དཔལ་ཆེན་སྟོབས་ལྡན་ནག་པོ་ལས་རང་འདྲའི་སྤྲུལ་པ་འཕྲོས་པ་པུས་མོ་གཡོན་པར་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་སྟོབས་ལྡན་ནག་པོ་ནི༔ ཡབ་ཡུམ་སྲས་དང་འཁོར་བཅས་མ་ལུས་པས༔ འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་ནི༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་པུས་མོ་གཡོན་དུ་བསྐུར་རོ། །གཙོ་མཆོག་གི་སྐུའི་དཔུང་པ་གཡས་གཡོན་གྱི་སྤྲུལ་པའི་ཁྱུང་ཆེན་དཀར་ནག་གཉིས་ལས་རང་འདྲའི་སྤྲུལ་པ་རེ་འཕྲོས་ནས་དཔུང་པ་གཉིས་ལ་ཐིམ་པར་སྒོམ་མཛོད། ཧཱུྃ་ཁྲོཾ༔ བྱ་ཁྱུང་རྒྱལ་པོ་དཀར་ནག་གཉིས༔ རྡོ་རྗེའི་མཆུ་ལ་རལ་གྲིའི་སྤུ༔ ལྕགས་ཀྱུའི་སྡེར་མོ་གནམ་ལྕགས་རྭ༔ ས་བདག་ཀླུ་འདུལ་དབང་ཐོབ་ཤོག༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་དཔུང་པ་གཡས་གཡོན་ལ་བསྐུར་ཞིང་བསྟིམ་མོ། །སླར་ཡང་དཀྱིལ་འཁོར་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ཐམས་ཅད་མ་ལུས་པའི་སྐུ་སོ་སོ་ལས་མར་མེ་གཅིག་ལས་གཉིས་སུ་མཆེད་པའམ། ནམ་མཁའི་ཟླ་བ་མཚོ་རྫིང་གི་ནང་དུ་སྣང་བ་ལྟར་རྫུ་འཕྲུལ་སྐུའི་སྣང་བརྙན་རེ་རེ་ཁྱོད་རང་རྣམས་སོ་སོ་ལ་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ་སླར་ཡང་གསལ་ཐེབས་ཤིང་བྱིན་རླབས་ཀྱི་ནུས་སྟོབས་ཆེས་ཆེར་འཕེལ་བར་གྱུར་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་དྲག་སྔགས་སྤྱི་དྲིལ་ཆེན་མོ་ཚར་གཅིག་བརྗོད་ཅིང་རོལ་མོ་བསྒྲག །མེ་ཏོག་འཐོར་རོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་གིས་ལུས་སྤྲུལ་པ་སྐུར་བྱིན་གྱིས་བརླབས་ནས། གཉིས་པ་བཟླས་ལུང་དང་གསང་བའི་དབང་གིས་ངག་སྨིན་པར་བྱེད་པ་ལ། དཀྱིལ་འཁོར་དགུའི་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དང་སྔགས་ཕྲེང་སྐུ་མདོག་དང་མཚུངས་པ་འཁོར་བ་རྣམས་གྱེན་དུ་ནར་གྱིས་བྱུང་ནས་ཞལ་གྱི་སྒོ་ནས་འཐོན་པ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ལྗགས་ཀྱི་སྟེང་པད་ཟླ་ལ་སྔགས་ཀྱི་འཁོར་ལོ་ལུ་གུ་རྒྱུད་དུ་འཁོར་བར་བསྒོམ་ཞིང་སྔགས་ཀྱི་རྗེས་ཟློས་ཀྱང་མཛད་འཚལ། ཞེས་ཕྲེང་བའི་སྣ་རེ་ནས་དཔོན་སློབ་གཉིས་ཀས་བཟུང་ལ། རྒྱས་པར་ལས་གཞུང་གི་འཛབ་ལྟར་དཔལ་དགུ་སོ་སོའི་སྙིང་པོ་བཟླས་ལུང་འབོགས་པའམ། མདོར་བསྡུ་ན། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཚར་གསུམ་རྗེས་ཟློས་བྱར་གཞུག །ཐོད་པའི་བདུད་རྩི་ཨ་མྲྀཏ་མངར་གསུམ་སྦྱར་བ་ཐོགས་ཏེ། དེའི་བྱིན་རླབས་སྨིན་ཅིང་བརྟན་པར་བྱ་བའི་སླད་དུ་བླ་མ་དཔལ་ཆེན་པོ་ཆེ་མཆོག་ཡབ་ཡུམ་གྱི་སྐུར་བཞེངས་ཏེ། མ་ཆགས་ཐབས་ཀྱིས་རོལ་པ་མཉམ་སྦྱོར་བདེ་ཆེན་གྱི་ལོངས་སྤྱོད་མཛད་པའི་དངོས་གྲུབ་བྱང་སེམས་བདུད་རྩི་འདི་ཉིད་སྐལ་ལྡན་བུ་ལ་བྱིན་པས་ངག་ཐ་མལ་གྱི་བག་ཆགས་ལས་གྲུབ་ཉེས་ཚོགས་ཐམས་ཅད་དག་ཅིང་། རྩ་རླུང་ཐིག་ལེ་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པའི་ངེས་ཤེས་བསྐྱེད་མཛོད་ཅིག ཧཱུྃ༔ བླ་མ་བདེ་གཤེགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་སེམས་འདིས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨཱ་བེ་ཤ་ཡ་ཨཿཨཿཨ༔ ཞེས་མགྲིན་པར་དབང་བསྐུར་ཞིང་བདུད་རྩི་བླུད། དེ་ནས་རིག་ཙཀ་ཐོགས་ལ། དེ་ལྟར་གསང་དབང་ངག་ལ་བསྐུར་པས་ངག་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབས་ནས། གསུམ་པ་ཤེས་རབ་ཡེ་ཤེས་དབང་གིས་ཡིད་སྨིན་པར་བྱེད་པ་ལ། ཁྱེད་ཅག་རྣམས་དཀྱིལ་འཁོར་བདག་པོ་གཙོ་མཆོག་ཧེ་རུ་ཀ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་མཛད་པའི་ངང་ནས། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གྱུར་ཆོས་ཐམས་ཅད་ཀྱི་འབྱུང་གནས་བདེ་བའི་ཡེ་ཤེས་མཆོག་གི་གསང་མཛོད་དུ་གྱུར་པ་ཡུམ་ཆེན་མོ་གནམ་ཞལ་དབྱིངས་ཕྱུག་མའི་སྐུའི་ཟློས་གར་མཚན་དཔེའི་རི་མོར་ཤར་བ་འདི་ཉིད་གཏད་པ་ལ་བསྟེན་ནས། བླ་ན་མེད་པའི་མྱུར་ལམ་ཟབ་མོའི་སྣོད་ལྡན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ མཚན་ལྡན་ཡིད་འོང་གྲོགས་མཆོག་འདི༔ བསྟེན་པས་བདེ་སྟོང་རྒྱུད་ལ་སྐྱེ༔ ཐིག་ལེ་དབབ་བཟུང་འདྲེན་དགྲམ་གྱིས༔ བདེ་ཆེན་ལྷན་སྐྱེས་རྟོགས་པར་ཤོག༔ ཨ་ཧོ་སུ་ཁ་ཧོ༔ ཞེས་གཏད་ལ། ཧཱུྃ༔ ཡབ་ཡུམ་གཉིས་ཀ་སྣང་སྟོང་ལྷ༔ རྡོ་རྗེ་པདྨ་བྱིན་བརླབས་ཏེ༔ དབབ་འཛིན་འདྲེན་བཀྲམ་འཁྲུལ་འཁོར་གྱིས༔ བདེ་སྟོང་རང་ངོ་ཤེས་པར་གྱིས༔ ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་བྱིན་པའི་མཚན་ལྡན་མ་དང་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་ལུགས་འབྱུང་ལུགས་ལྡོག་གི་མཐར་ཐུག་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ནས་ཤེལ་རྡོ་མེ་ལོང་ཐོགས་ལ། ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་གྲུབ་དོན༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གདོད་ནས་ཡང་དག་གཉུག་མའི་གཤིས༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཛྙཱ་ན་པཉྩ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཿཨཿཨ༔ ཞེས་སྙིང་ཁར་བཞག་ལ། དེའང་མེ་ལོང་ཤེལ་རྡོའི་དཔེ་ལ་ལྟོས་དང་། མེད་བཞིན་སྣང་བའི་གཟུགས་བརྙན་ཁ་དོག་དུ་མར་གསལ་བར་ཤར་བ་ཡང་། ཤར་བ་ཉིད་དངོས་པོར་མ་གྲུབ་པའི་སྟོང་པར་འདུག་པ་དཔེ་འདི་ཇི་ལྟ་བར་རང་གི་སེམས་ཉིད་ཡེ་ནས་དངོས་པོ་དང་མཚན་མར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། མེད་པའི་རང་མདངས་འགག་མེད་ཀྱི་གསལ་སྣང་སྣ་ཚོགས་སུ་ཤར། གང་ལྟར་འཆར་ཡང་དོན་ལ་བདེན་པས་དབེན་པ་འདི་ནི་སེམས་ཉིད་ཀྱི་གནས་ལུགས་སམ་ཆོས་ཉིད་ཡིན་ལ། དེའང་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །གསལ་སྟོང་དབྱེར་མེད་ཀྱི་རང་རྩལ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ །དེ་གསུམ་ཀའང་ཐ་དད་མ་ཡིན་པ་རང་སེམས་གཅིག་པུའི་ངང་དུ་རྫོགས་པ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་གྱིས་ལ་མཉམ་པར་འཇོག་པར་ཞུ། མཐའ་རྟེན་བསྒྲལ་དབང་ནི་ལྕགས་ཕུར་ལག་ཏུ་གཏད་དེ། དེ་ནས་མཐའ་རྟེན་ཕྲིན་ལས་དྲག་པོ་གདུག་པ་འདུལ་བྱེད་ཕུར་པས་དབང་བསྐུར་བ་ཡིན་པས། ལྕགས་ཕུར་འདི་ཉིད་ངོ་བོ་དཔལ་ཆེན་པོ་ཆེ་མཆོག་ལྷ་དགུ་ལ་རྣམ་པ་ལས་བྱེད་སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཁྲོ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ་བ་ལ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་དྲངས་མ་ཐག་པ་ལྟ་བུ་མེའི་ཚྭ་ཚྭ་འཕྲོ་བ་ཅན་དུ་གསལ་བ་འདི་ཁྱེད་ཀྱི་ལག་ཏུ་གཏད་ཅིང་འདྲིལ་བ་ཙམ་གྱིས། མ་རུངས་གདུག་པའི་དགྲ་བགེགས་ཚར་གཅོད་པའི་ནུས་པ་ཐོབ་པར་སྒོམ་མཛོད་ཅིག ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲག་སྔགས་བཟླ་ཞིང་འདྲིལ་བར་བྱ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཨཱ༔ ཞེས་འདྲིལ་ཞིང་འདེབས་ཚུལ་བྱར་གཞུག །དེ་ལྟར་བདེ་གཤེགས་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོའི་དབང་བསྐུར་ཟབ་པའི་མཐར་ཐུག་པ་འདི་ལྟ་བུ་ལེགས་པར་ཐོབ་པ་ཡིན་པས། དབང་སྲོག་དམ་ཚིག་ལ་རགས་ལས་པའི་ཕྱིར་ཚུལ་བཞིན་བསྲུང་དགོས་ལ། དེའང་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། སྤྱིར་གཅེས་པའི་སྤང་བླང་། སྒོས་སུ་དབང་བཞིའི་བསླབ་བྱ། ཁྱད་པར་སྒྲུབ་པའི་དམ་ཚིག་ལ་སོགས་པ་ཐམས་ཅད་ཅི་ནུས་སུ་བསྲུང་ཞིང་ལམ་རིམ་པ་གཉིས་ལ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་ཆེན་པོ་བསྙིལ་བས་དབང་གི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་། སྐྱེས་པ་གོང་འཕེལ་དུ་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །ཅེས་བཀྲ་ཤིས་གང་འོས་བརྗོད་ཅིང་། དགེ་བསྔོ་དང་། ཚོགས་ལ་རོལ་པ་སོགས་དཀྱིལ་འཁོར་རྗེས་ཆོག་སྤྱི་ལྟར་བྱས་པས་འགྲུབ་བོ། །མཁས་འདོད་དབང་གིས་བཟོ་བཅོས་མ་ལགས་ཀྱང་། །ཡིག་ཚོགས་མང་པོ་བྲིས་པས་ངལ་རྣམས་དང་། །དཔེ་ཀློག་དམན་པའི་དབང་བསྐུར་མཁན་པོ་ལ། །ནག་འགྲོས་ཉུང་ངུས་སེམས་ལ་ཕན་མཐོང་ནས། །བྱིན་ལྡན་གོང་མའི་གསུང་བཟང་ལས། །སྙིང་པོ་ཙམ་དུ་བསྡུས་པའི་དགེས། །སྒྲུབ་ཐབས་སྙིང་པོ་འདིར་ཞུགས་ནས། །དཀྱིལ་འཁོར་སྙིང་པོ་མྱུར་འགྲུབ་ཤོག །ཅེས་པའང་པདྨའི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དབེན་གནས་ཀུན་བཟང་བདེ་གླིང་ཧེ་རུ་ཀའི་ལྷ་ཁང་དུ་སྦྱར་བ་དགེ་ལེགས་འཕེལ།། །།

བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་ (Volume 16, Text 3)

༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་བཞུགས་སོ༔ ༔ བདེ་གཤེགས་ཡོངས་འདུས་ལས༔ སྙིང་པོ་དོན་གྱི་གནས་གསལ་ཞེས་མི་འགྱུར་རྡོ་རྗེའི་ལམ་གྱི་ཆིངས་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ ཟབ་མོ་ཡེ་ཤེས་མཆོག་གི་ལམ༔ བདེ་གཤེགས་ཡོངས་འདུས་བཀའ་ཡི་ལུང༔ འགྱུར་མེད་རྡོ་རྗེའི་གསང་ལམ་འདིར༔ ཞུགས་ཤིག་འབྲས་བུའི་ས་ལ་རེག༔ རིག་པའི་རྩལ་དང་བཟླས་པ་རླུང༔ མྱོང་བ་རྩོམ་པའི་རྟོག་པ་ནི༔ མ་རྩོལ་ཡེངས་མེད་རོལ་པ་ཆེ༔ ལམ་འདིར་འགྲོ་བའི་གྲོགས་སུ་བསྟན༔ ཐོག་མར་བླ་མ་ལྷག་པའི་ལྷ་མཆོག་ལ༔ འཇུག་པའི་གསོལ་བ་འདེབས་པ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་བླ་མ་ལ༔ སྐྱབས་མཆི་གསང་ཆེན་དངོས་གྲུབ་སྩོལ༔ སེམས་བསྐྱེད་པ་ནི༔ གསང་ཆེན་ཡེ་ཤེས་ཟབ་བཅུད་ཀྱིས༔ འགྲོ་རྣམས་གཏན་བདེའི་གོ་འཕང་བསྒྲུབ༔ འགྲོ་རྣམས་རླུང་སེམས་སྣང་སྟོང་ལ༔ བདེ་གཤེགས་སྙིང་པོ་དབྱེར་མེད་བསྲེ༔ མཚམས་བཅད་པ་ནི༔ ཧཱུྃ༔ རང་སྣང་སྐད་ཅིག་དྲན་རྫོགས་ཧེ་རུ་ཀ༔ མཉམ་ཉིད་ཡེ་ཤེས་རྒྱན་དང་ཆ་ལུགས་རྫོགས༔ གཟུང་འཛིན་གཉིས་འཛིན་གདོན་བགེགས་རང་ངོར་དེངས༔ སྐལ་མེད་བར་ཆད་མ་འདའ་རང་སར་དེངས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མཉམ་ཉིད་ཁྲོ་རྒྱལ་མི་གཡོ་རང་གྲོལ་རྩལ༔ ཧཱུྃ་དང་ཁྲོ་ཆུང་མཚོན་ཆ་མེ་རིའི་གུར༔ གསང་སྔགས་ལྷ་ཡི་རང་རྩལ་ཡེ་ཤེས་ལྷ༔ ལྷུན་གྲུབ་འདུས་མ་བྱས་པའི་རྟེན་དུ་གྱུར༔ ཨ་ཨ་ཨ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་ཧཱུྃ༔ བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧཱུྃ༔ རང་གྲོལ་མི་གཡོ་མཉམ་ཉིད་ཡེ་ཤེས་ཀྱི༔ རང་མདངས་བདེ་གཤེགས་ཞི་ཁྲོའི་རོལ་པར་ཤར༔ རང་སྣང་ལྷ་ལ་རང་རིག་ཕྱག་བྱ་བའི༔ ཅིར་སྣང་ཆོས་ཉིད་རོལ་པའི་ཀློང་དུ་བལྟ༔ བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་དག་པ་རང་གྲོལ་ལྷུན་གྲུབ་ལ༔ ཕྱོགས་བཅུའི་བདེ་གཤེགས་རྒྱ་མཚོ་སྤྲིན་བཞིན་འདུས༔ མཉམ་པ་ཉིད་ལ་ཐུགས་རྗེ་མཉམ་རོལ་པའི༔ བདེ་གཤེགས་ཞི་ཁྲོས་རྣལ་འབྱོར་བྱིན་གྱིས་རློབས༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཛ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གཙང་སྦྱར་ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ རཾ་ཡཾ་ཁཾ་གིས་མེ་རླུང་འབྱུང་བས་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་སྤེལ་ཅིང་བསྒྱུར༔ རྣམ་ལྔའི་འདོད་ཡོན་མཆོད་ཚོགས་སྤྲིན་ལྟར་འཁྲིགས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་རཱ་སྱ་ཨཱཿཧཱུྃ༔ ཨོཾ་བཛྲ་སྤརྴེ་ཨཱཿཧཱུྃ༔ ཨོཾ་བཛྲ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ ཨོཾ༔ བདུད་རྩིའི་སྨན་ལ་རིགས་ལྔའི་བཅུད་སྩོལ་ཅིག༔ ཨཱ༔ འཁོར་བའི་ཁྲག་ལ་གཱིརྟཱིའི་དམར་ཆེན་སྩོལ༔ ཧཱུྃ༔ ཤ་ལྔ་གཏོར་མ་བདུད་རྩིའི་ངོ་བོར་གྱུར༔ ཨཱ༔ བྱང་ཆུབ་མཆོད་པ་ཀུན་བཟང་ཡངས་པ་ཆེ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཧཱུྃ་ཧྲཱིཿཋཱ༔ ཏིང་འཛིན་རྣམ་གསུམ་ནི༔ ཨོཾ༔ ཀ་ནས་དག་པའི་དགོངས་པ་ཆོས་ཀྱི་སྐུ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ༔ ཨཱ༔ ལྷུན་གྱིས་གྲུབ་པའི་རང་མདངས་ལོངས་སྤྱོད་རྫོགས༔ ཧཱུྃ༔ གང་འདུལ་སྤྲུལ་སྐུ་རྒྱུ་ཡི་སེམས་དཔར་སྣང༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་སཏྭ་ཀྲོ་ཏ་ཧཱུྃ༔ ཧཱུྃ༔ སེམས་དཔའ་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ རྒྱན་མེད་གང་འདུལ་ཐུགས་རྗེའི་མཁྱེན་བརྩེར་ཆགས༔ ཨོཾ་བཛྲ་ཧེ་རུ་ཀ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ༔ བཛྲ་ཧེ་རུ་ཀོ་བྷ་ཝ་སཏྭ་ཨཱ༔ ཡེ་ཤེས་འདུ་འཕྲོའི་གདན་སྟེང་འཁོར་ལོའི་དབུས༔ ཐུགས་རྗེའི་རིག་མདངས་ཧཱུྃ་ལས་ཧཱུྃ་མཛད་ལ༔ ཁྲོ་བཅུ་མི་གཡོ་འཁོར་ལོ་རྟག་ཏུ་འཁོར༔ བྱང་ཆུབ་བར་གྱི་སྲུང་ཟློག་དམ་ཚིག་ཟུངས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་སྦྱང་བ་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འཕྲོས་པས༔ ནམ་མཁའི་དབུས་སུ་རླུང་སྟེང་རཀྟའི་མཚོ༔ ཞིང་ཆེན་ས་གཞི་ཀིཾ་རུས་རི་རབ་མེ༔ དག་པ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེེ་བྷནྡྷ་ཛྙཱ་ན་ཙཀྲ་མཎྜ་ལ་ཨེ་བྷྲཱུྃ༔ སྐམ་རློན་རྩིག་པ་ཐོད་ཚལ་དྲྭ་བ་དང༔ ཞིང་གི་རེ་ལྡེ་ཞིང་ལྤགས་སྒོ་ཁེབས་སོགས༔ དུར་ཁྲོད་གཞལ་ཡས་ཕོ་བྲང་གླིང་དགུར་ལྡན༔ མ་འདྲེས་ལྷུན་གྲུབ་མཚན་ཉིད་ཡོན་ཏན་རྫོགས༔ གདན་བསྐྱེད་པ་ནི༔ བསམ་ཞིང་སྤྲུལ་པའི་བྱོལ་སོང་ལྷ་ཆེན་གདན༔ སྟེང་དུ་དབྱངས་གསལ་ཉི་ཟླའི་མཚན་དཔེའི་མདངས༔ རྡོ་རྗེ་བྷནྡྷ་ཨ་ཧཾ་གཉིས་མེད་ཀྱི༔ གཉིས་མེད་ལྷུན་མཉམ་ཡེ་ཤེས་ལྔ་རྫོགས་ཀྱི༔ རང་བཞིན་པད་ཉིའི་སྟེང་དུ་དཔལ་ཆེན་པོ༔ ཆེ་མཆོག་ཧེ་རུ་མཐིང་ནག་ནམ་མཁའི་མདངས༔ ས་ལམ་གཟི་མདངས་རྔམ་པའི་ཉེར་གཅིག་དབུ༔ ཕྱག་རྒྱ་ཞེ་གཉིས་བདེ་གཤེགས་དཀྱིལ་འཁོར་རྫོགས༔ གཉིས་མེད་དགྱེས་མཛད་གནམ་ཞལ་བདེ་བར་རོལ༔ ཡོན་ཏན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཐབས་ཤེས་གསང་བ་གཉིས་མེད་དཀྱིལ་འཁོར་དུ༔ ཟླ་བ་ཨོཾ་དང་ཉི་མ་མུཾ་འཕྲོ་འདུ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ག་ཡ་ཧོ༔ རཱ་ག་ཡ་མི༔ ཨ་ལ་ལ་ཧོ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་འདུས་པའི་བྱང་སེམས་ཐིག་ལེའི་ཆ༔ ས་བོན་སྙིང་པོ་བརྒྱད་གྱུར་འཕྲོས་པ་ལས༔ ཤར་དུ་ཁྲག་འཐུང་ཡབ་ཡུམ་རིགས་མདངས་འཁོར༔ ལྷོ་ཕྱོགས་གཤིན་རྗེ་ཡབ་ཡུམ་རིགས་མདངས་འཁོར༔ ནུབ་ཏུ་དབང་ཆེན་ཡབ་ཡུམ་རིགས་མདངས་འཁོར༔ བྱང་དུ་ཕུར་པ་ཡབ་ཡུམ་རིགས་མདངས་འཁོར༔ ཤར་ལྷོ་བླ་མེད་ཡབ་ཡུམ་རིགས་མདངས་འཁོར༔ ལྷོ་ནུབ་རིག་འཛིན་ཡབ་ཡུམ་རིགས་མདངས་འཁོར༔ ནུབ་བྱང་དྲེགས་པ་ཡབ་ཡུམ་རིགས་མདངས་འཁོར༔ བྱང་ཤར་དྲག་སྔགས་ཡབ་ཡུམ་རིགས་མདངས་འཁོར༔ ཕྱི་རིམ་དཔལ་གྱི་བཀའ་སྡོད་འཁོར་བཅས་གསལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གསལ་བ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡིས་བྱིན་གྱིས་བརླབས༔ ཧཱུྃ༔ བདེ་གཤེགས་ཐམས་ཅད་འདུས་པའི་དམ་ཚིག་ལས༔ སྣང་སྟོང་གཉིས་མེད་ཆུ་ཟླ་འཇའ་ཚོན་ལྟར༔ གང་ཤར་ཡི་དམ་རོལ་པ་ཡེངས་མེད་ཀྱི༔ མཐར་ཐུག་ཀུན་མཁྱེན་ལྷ་དང་དབྱེར་མེད་གྱུར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སྤྱན་དྲང་བ་ནི༔ ཧཱུྃ༔ རྒྱལ་བའི་ཞིང་མཆོག་གསང་ཆེན་ལྷུན་གྲུབ་ནས༔ རྒྱལ་བའི་མཐུ་སྟོབས་ཀུན་འདུས་དཔལ་ཆེན་པོ༔ གང་འདུལ་ཕྱོགས་བཅུའི་བདེ་གཤེགས་ཞི་ཁྲོའི་ཚོགས༔ མཛད་པ་ལྷུན་གྲུབ་འབར་བའི་སྐུར་བཞེངས་ལ༔ ཕྲིན་ལས་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་དཔལ་ཆེན་ཆེ་བའི་མཆོག༔ གཤིན་རྗེ་དབང་ཆེན་ཁྲག་འཐུང་སྐུ་གསུང་ཐུགས༔ བདུད་རྩི་ཡོན་ཏན་ཕྲིན་ལས་ཕུར་པ་དང༔ རིག་རྩལ་དྲེགས་པ་དྲག་སྔགས་བཀའ་སྡོད་འཁོར༔ མཛད་པ་ལྷུན་གྲུབ་དབྱེར་མེད་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྒྱལ་བའི་ཐུགས་རྗེ་གནས་ཡུལ་ཀུན་ཁྱབ་ལ༔ འགྲོ་འོང་གཤེགས་བཞུགས་གཉིས་མེད་ཀློང་ཡངས་ཀྱང༔ རྗེས་འཇུག་འདོད་པའི་གསོལ་བ་འདེབས་པ་ལ༔ བརྩེ་བས་རྗེས་འཇུག་སྐྱོང་ཕྱིར་ཐུགས་རྗེས་བཞུགས༔ བཛྲ་ས་མ་ཡ་པ་ཤ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་ལ་སྒོ་གསུམ་ཕྱག་འཚལ་ལོ༔ ཐོག་མེད་ད་དུས་མ་རིག་ཉེས་སྒྲིབ་བཤགས༔ བྱིན་རླབས་གསང་ཆེན་དཀྱིལ་འཁོར་འཇུག་པའི་བཅུད༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་མཛོད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ མཆོད་འབུལ་ནི༔ ཧཱུྃ༔ བདག་གིས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དངོས་འབྱོར་ཡིད་སྤྲུལ་ཏིང་འཛིན་རོལ་པས་མཆོད༔ ཕྱོགས་བཅུའི་བདེ་གཤེགས་རྒྱ་མཚོ་དགྱེས་པའི་མདངས༔ བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྤེ༴ ཨོཾ་བཛྲ་དྷཱུ་པེ༴ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གནྡྷེ༴ ཨོཾ་བཛྲ་ནཻ་ཝིདྱ༴ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཨོཾ་ཨཱཿབཛྲ་ཤབྡ༴ ཨོཾ་ཨཱཿབཛྲ་གནྡྷེ༴ ཨོཾ་ཨཱཿབཛྲ་རཱ་སྱ༴ ཨོཾ་ཨཱཿབཛྲ་སྤརྴེ༴ ནང་མཆོད་ཀྱི་དང་པོ་སྨན་འབུལ་བ་ནི༔ ཡེ་ཤེས་པ་མངོན་དུ་གསལ་བཏབ་ལ༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཁྲོ་བོའི་ལྷ་ཚོགས་ལ༔ འགྲོ་ཀུན་ཉོན་སྒྲིབ་སྦྱོང་ཕྱིར་སྨན་འབུལ་བས༔ ཉོན་མོངས་ཐུགས་རྗེའི་སྨན་གྱིས་འཚོ་མཛད་ཅིང༔ ཡེ་ཤེས་རྣམ་ལྔས་སྒྲིབ་པ་རང་གྲོལ་མཛོད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དངོས་གྲུབ་ཀྱི་བཅུད་བླང་བ་ནི༔ ཧཱུྃ༔ རྒྱུ་རྐྱེན་སྒྲུབ་པའི་གསང་ཆེན་དམ་པའི་རྫས༔ བདེ་གཤེགས་རྟེན་དང་བྱིན་གྱིས་བརླབས་པའི་བཅུད༔ ཉོན་མོངས་འཁོར་བ་སྒྲོལ་ཕྱིར་བཅུད་བླངས་པར༔ བདེ་གཤེགས་རྒྱ་མཚོའི་རང་བཞིན་བྱིན་གྱིས་བརླབས༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ རཀྟ་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་བདག་འཛིན་བསྒྲལ་ཕྱིར་རཀྟ་འབུལ༔ འགྲོ་རྣམས་མ་རིག་བསྒྲལ་ནས་རིག་པའི་བཅུད༔ བདག་འཛིན་རང་གྲོལ་མཉམ་ཉིད་མི་གཡོ་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་འདུལ་བསོད་ནམས་ཐོབ་ཕྱིར་གཏོར་མ་འབུལ༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུའི་གཏེར༔ འགྲོ་ཀུན་ཞི་བར་བསྐྱལ་བའི་སྟོབས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ དོན་སྙིང་ལྔ་སོགས་འབུལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་རྟོག་ཚོགས་སྦྱང་ཕྱིར་དོན་སྙིང་འབུལ༔ ང་རྒྱལ་ཕྲག་དོག་ཆོས་ཉིད་དག་པའི་ཀློང༔ མི་གཡོ་མཉམ་ཉིད་ཡེ་ཤེས་རང་གྲོལ་ཤོག༔ མ་ཧཱ་མཱཾ་ས་མ་ཧཱ་རཀྟ་མ་ཧཱ་ཙིཏྟ་མ་ཧཱ་གོ་རོ་ཙ་ན་མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ བྱང་ཆུབ་སེམས་ཀྱི་མཆོད་པ་ནི༔ ཧཱུྃ༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ཚོགས་ལ༔ འགྲོ་ཀུན་གནས་ལུགས་རྟོགས་ཕྱིར་བྱང་སེམས་འབུལ༔ མཉམ་ཉིད་ཀུན་བཟང་དགོངས་པ་མངོན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ བདེ་གཤེགས་གསང་ཆེན་རིགས་རྣམས་ཀུན་འདུས་པའི༔ ཆེ་བའི་ཆེ་མཆོག་དཔལ་ཆེན་རྔམ་པའི་སྐུ༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱ་ལྡན༔ རིགས་བཞི་ཁྲག་འཐུང་དབུས་ན་འགྱིང་ལ་བསྟོད༔ ཧཱུྃ༔ མཐུ་སྟོབས་འབར་བ་གར་དགུའི་ཉམས་ལྡན་གྱིས༔ བཞི་བཅུ་རྩ་གཉིས་ཞི་བའི་དཀྱིལ་འཁོར་འཛིན༔ ལྷ་བརྒྱད་ཀླུ་བརྒྱད་གདན་ལ་གཡས་གཡོན་རོལ༔ ཞི་ཁྲོ་རིགས་འདུས་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་དབྱངས་ནི༔ ཧཱུྃ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་མི་གཡོ་བར༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོ་ཟབ་མོའི་ལམ༔ བསྐྱེད་རྫོགས་ནུས་པ་གསང་སྔགས་བཅུད་འབྱིན་པའི༔ དམ་ཚིག་བདེ་བ་ཆེན་པོའི་ཀློང་དུ་འཇུག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་སརྦ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་སིདྡྷི་ས་མ་ཡ་ཧྲཱིཾ་ཧཱུྃ་ཕཊ༔ གྲངས་དང་ཚད་དང་རྟགས་དང་སྦྱར༔ དུས་སུ་རྣལ་འབྱོར་རོལ་པའི་དགའ་སྟོན་བྱ་བ་ནི༔ རྫས་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ ཡེ་ཤེས་རོལ་པའི་དག་བྱེད་འབྱུང་བས་སྦྱངས༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་མདངས་ཀྱིས་བྱིན་རླབས་སྤེལ་ཞིང་བསྒྱུར༔ གསང་ཆེན་སྔགས་ཀྱི་ལོངས་སྤྱོད་རྫས་སུ་གྱུར༔ ཞི་ཁྲོ་ཡབ་ཡུམ་སྲས་འཁོར་མ་ལུས་ཀུན༔ གང་ལ་དགྱེས་པ་དེ་བཞིན་ལྷུན་གྱིས་གྲུབ༔ ཚོགས་ཀྱི་སྤྱན་འདྲེན་ནི༔ ཧཱུྃ༔ འདུས་མ་ཡེ་བྱས་འོག་མིན་ཆོས་ཀྱི་དབྱིངས༔ དག་པ་ལྷུན་གྲུབ་ཞིང་གི་སྟོན་པའི་ཚོགས༔ དགོངས་པ་ལྷུན་གྲུབ་མཁའ་ཀློང་དབྱེར་མེད་ཀྱི༔ མཁྱེན་བརྩེ་མཛད་ཕྲིན་དགའ་སྟོན་ཚོགས་ལ་གཟིགས༔ ཚོགས་ཕུད་འབུལ་བ་ནི༔ འཁོར་བའི་རང་རྒྱུད་བསྒྲལ་བའི་འདོད་ཡོན་ཚོགས༔ དུ་མ་རོ་གཅིག་ཟག་མེད་ཡེ་ཤེས་བཅུད༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་ལྷ་ལ་འབུལ༔ བཞེས་ནས་གསང་ཆེན་ཡེ་ཤེས་བདག་ལ་སྩོལ༔ ག་ཎ་ཙཀྲ་ལ་ཁཱ་ཧི༔ གཉིས་པ་བཤགས་པ་ནི༔ ཚིག་གིས་གསལ་གདབ་པ་ནི༔ ཧཱུྃ༔ གསང་ཆེན་ཡེ་ཤེས་བཅུད་ཆེན་འདི་བཞེས་ལ༔ གསང་འོས་གསང་བ་འཆལ་བ་མཐོལ་ཞིང་བཤགས༔ དུས་གསུམ་སྒྲིབ་པའི་ཉམས་པ་སོར་ཆུད་ནས༔ དྲི་མེད་ཆོས་སྐུའི་དགོངས་པ་མངོན་གྱུར་མཛོད༔ བསྒྲལ་ལས་དགུག་གཞུག་དང༔ ཧཱུྃ༔ བདེ་གཤེགས་ལྷ་ཚོགས་ཐུགས་རྗེ་དྲག་པོར་བཞེངས༔ མི་སྲུན་རྔམས་པས་མཚོན་ཆའི་ཆར་ཕོབ་ཅིག༔ དགྲ་བགེགས་ལོག་ལྟའི་བསམ་སྦྱོར་རྟེན་དང་ཕྲོལ༔ རུ་དྲ་བགེགས་ཀྱི་ཆོས་མིན་གཞོམ་དུ་གསོལ༔ བསྟབ་པ་ནི༔ ཧཱུྃ༔ རྔམས་བརྗིད་རོལ་པ་ཞི་ཁྲོའི་ཞལ་གདངས་པའི༔ ཀློང་དུ་ལོག་སྤྱོད་དགྲ་བགེགས་ཁ་ཁ་ཁཱ་ཧི༔ མཐར་ཐུག་བར་དུ་བར་ཆད་མེད་པར་མཛོད༔ མི་མཐུན་དུག་ལྔ་དབྱིངས་སུ་དག་པར་གྱིས༔ རྡོ་རྗེ་སློབ་དཔོན་ལ་དྲངས་ཏེ༔ ཧོ༔ ལས་བཞིའི་སྟོན་པ་རྡོ་རྗེ་རྒྱལ་པོ་དགོངས༔ ཕྲིན་ལས་བཞི་ཡི་ཟག་མེད་ཚོགས་ལ་རོལ༔ ཞེས་དྲངས་ཏེ་སློབ་དཔོན་གྱིས༔ ཧོ༔ ཤེས་ཉོན་ཞི་ཞིང་ཡོན་ཏན་ཞིང་ཁམས་རྒྱས༔ འཁོར་འདས་དབང་དང་དྲག་པོའི་ཕྲིན་ལས་སྤྱོད༔ རྒྱལ་ཚབ་ལ༔ ཧོ༔ སློབ་དཔོན་གཉེར་འཛིན་རྒྱལ་ཚབ་གཉིས་པ་དགོངས༔ ཕྲིན་ལས་བཞི་ཡི་ཟག་མེད་ཚོགས་ལ་རོལ༔ ཞེས་དྲངས་ཏེ༔ ཡང༔ ཧྲཱི༔ གསང་ཆེན་བཅུད་ཀྱི་དམ་རྫས་ཡོན་ཏན་གྱི༔ གང་ལ་གང་འདུལ་དེ་བཞིན་ལོངས་སྤྱོད་དོ༔ འདུས་པ་རྒྱ་མཚོ་ལ་སློབ་དཔོན་གྱིས༔ ཧོ༔ གསང་སྔགས་རྫས་ཀྱི་ཡོན་ཏན་འདོད་རྒུའི་གཏེར༔ སྤྱོད་ཅིག་བྱང་ཆུབ་སེམས་ཀྱིས་འགྲོ་དོན་གྱིས༔ ཕུད་ལྷག་རིམ་གསུམ་ནི༔ ཧཱུྃ༔ དང་པོ་ཕུད་ཀྱིས་ཞི་ཁྲོའི་ལྷ་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་མ་མོ་མཁའ་འགྲོ་བསྐང༔ ཐ་མ་ལྷག་མས་བཀའ་སྡོད་ཆོས་སྐྱོང་གསོལ༔ གཙོ་དང་སྲས་འཁོར་ཁྱད་པར་མཆོད་པ་ཆེ༔ རྒྱུ་འབྲས་ཐིག་ལེ་ཉག་གཅིག་ཆོས་ཉིད་བསྲེ༔ ཨོཾ་ཨ་མྲྀཏ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ལྷག་མ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་པའི༔ དབང་མོ་ཉེར་བརྒྱད་གིང་ཆེན་བཅོ་བརྒྱད་དང༔ མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི༔ འབར་མ་ཞིང་སྐྱོང་ཕོ་ཉ་དྲུག་ཅུ་བཞི༔ དུར་ཁྲོད་བདག་མོ་མཁའ་འགྲོ་ཤུགས་འགྲོའི་ཚོགས༔ ཞིང་ཆེན་གོན་ཞིང་གནས་ཡུལ་དུར་ཁྲོད་ཉུལ༔ བྷནྡྷ་བདུད་རྩི་དམར་ཆེེན་ཤ་ཁྲག་རོལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་ཆེན་སློབ་དཔོན་བཀའ་བཞིན་དུ༔ ད་ལྟ་རྣལ་འབྱོར་བརྒྱུད་འཛིན་སྡོངས་གྲོགས་མཛོད༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བི་ཤྭ་ལོ་ཀ་སརྦ་ས་མ་ཡ་ཌཱ་ཀི་ནཱི༔ ཡཀྴ་རཀྴ་བྷཱུ་ཏ་པྲེ་ཏ་སརྦ་མ་ཧཱ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ༔ དེ་ནས་སྔོན་གྱི་ཆད་དོན་གྱི་ཐ་ཚིག་ནི༔ བྷྱོ༔ སྔོན་ཚེ་བར་དང་བསྐལ་པའི་ཐ་མ་ལ༔ ཀུན་བཟང་ཧེ་རུ་ཀ་དང་པདྨ་ཡི༔ རིམ་བཞིན་སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཕྱི་ནང་དྲེགས་པ་བཀའ་སྲུང་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་ཕྱི་ནང་དྲེགས་པའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ཆོས་སྐྱོང་རྣམས༔ བྷྱོ༔ རྩོད་དུས་ལྔ་བརྒྱ་ཐ་མའི་སྙིགས་དུས་འདིར༔ བཅོམ་ལྡན་དཔལ་ཆེན་པདྨ་ཐོད་ཕྲེང་གིས༔ གདུལ་དཀའ་འདུལ་བྱེད་ཀློང་གསལ་སྙིང་པོ་ལ༔ དབང་བསྐུར་ལུང་བསྟན་མཐུ་རྩལ་བྱིན་པའི་ཚེ༔ ཁས་བླངས་དམ་བཅས་དྲེགས་པ་བཀའ་སྲུང་གིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་ཕྱི་ནང་དྲེགས་པའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ བརྟན་སྐྱོང་ནི༔ བྷྱོ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་སྒྲུབ་མཆོག་གྲོགས་ཀྱི་གཉེན༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ བོད་ཁམས་སྐྱོང་བའི་སྐྱོང་མ་འཁོར་དང་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབས་ཤིག་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ཚིག་ཇི་བཞིན་དགྲ་བགེགས་སྒྲོལ༔ བསམ་དོན་ལྷུན་གྲུབ་བྱ་བ་མཐར་ཕྱིན་མཛོད༔ ལ་ལཱ༔ ལེ་ལཻ༔ ཏ་ཏཱ༔ ཏེ་ཏཻ༔ མ་མཱ༔ ཟོར་འཕེན་ནི༔ ཧོ༔ ཕྱོགས་བཅུའི་ལྷ་ཀླུས་ཟོར་ཐུན་ལམ་ཕྱེ་འཚལ༔ ལྷ་སྲིན་སྡེ་བརྒྱད་གྲོགས་མཛོད་ཟོར་དང་ཆས༔ དྲག་པོའི་ཟོར་གྱི་ཐུན་ལམ་འདི་བཅུ་ཚང༔ དཔལ་ཆེན་བཀའ་བཞིན་དུས་ལས་མ་འདའ་ཞིག༔ ཧཱུྃ་ཧཱུྃ༔ ཞེས་འཕངས་ལ་མནན་པ་ནི༔ མིང་དང་ཆ་མཐུན་བག་ཉལ་རྗེས་སྙོགས་ཤིང༔ མགོ་བསྐོར་བག་ཉལ་དགྲ་བགེགས་མནན་པར་སཏྭཾ༔ སེམས་བསྐྱེད་བར་དུ་ལྡང་བའི་གནས་མིན་ནོ༔ ས་མ་ཡ་ཧཱུྃ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཚེ་འགུགས་ནི༔ ཧྲཱིཿཧཱུྃ༔ ཕྲིན་ལས་རྣམ་བཞི་སྒྲུབ་པའི་རང་མདངས་སྙིང༔ མི་ཤིགས་སྐྱེ་འཆི་གཉིས་མེད་ཚེ་ཡི་ལྷ༔ ལྷ་དང་དྲང་སྲོང་གྲུབ་པ་ཚེ་ཡི་བཅུད༔ ལྷ་ཀླུ་མངའ་ཐང་འབྱུང་བའི་བཅུད་ཀྱིས་རྒྱས༔ ཧྲཱིཿཧྲཱིཿཧྲཱི༔ བཀྲ་ཤིས་ནི༔ ཧཱུྃ༔ ཞི་ཁྲོ་ཁྲག་འཐུང་རིགས་འདུས་མཐུ་རྩལ་གྱིས༔ ནུས་པ་མི་ཟད་གཏེར་གྱི་བཀྲ་ཤིས་ཆར༔ སྒྲུབ་མཆོག་བཀྲ་ཤིས་དཔལ་ལ་སྤྱོད་བཞིན་དུ༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ བསྔོ་བ་དང་སྨོན་ལམ་ནི༔ བསྐྱེད་རྫོགས་འབྲས་བུའི་དགེ་བས་འགྲོ་བ་ཀུན༔ སྔོན་ལས་འཕྲལ་རྐྱེན་སྡུག་བསྔལ་མི་འབྱུང་ཞིང༔ དགའ་བདེ་ཡེ་ཤེས་དཔལ་ལ་རོལ་པའི་ཚེ༔ ཞིང་རྣམས་ཀུན་ཏུ་ཆོས་འཁོར་བསྐོར་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱི་རབས་སྐལ་ལྡན་གངས་ཁྲོད་དུ༔ བསྐྱེད་རྫོགས་སྙིང་པོར་ལམ་བྱ་ཞིང༔ འབྲས་བུ་ཡེ་ཤེས་བཅུད་བླངས་པའི༔ གོ་འཕང་ཚུལ་འདིར་བསྒྲུབ་པར་རིགས༔ ཞིང་ལ་ནས་བཏབ་ནས་སྨིན་བཞིན༔ ལྷ་འདིའི་ས་བོན་དེ་བཞིན་ནོ༔ དཀྱིལ་འཁོར་གཅིག་ལ་རྒྱུད་དགུ་ཡི༔ ནུས་པ་འབྱིན་པའི་གནད་དམ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་ཀློང་གསལ་སྙིང་པོས་ཞལ་བཤུས་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བརྩོན་པའོ།། །།

སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་བཀླག་ཆོག་ཏུ་བཀོད་པ་ཐིག་ལེ་རབ་འབྱམས་ (Volume 16, Text 4)

༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་བཀླག་ཆོག་ཏུ་བཀོད་པ་ཐིག་ལེ་རབ་འབྱམས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱཥྚ་སཱ་དྷ་ཀ་དེ་བཱ་ཡ། དངོས་གྲུབ་གཏེར་ཆེན་ཐེག་རིམ་དགུ་ཡི་ལྷ། །དཀྱིལ་འཁོར་གཅིག་རྫོགས་རང་རིག་ཀློང་དགུའི་ངང་། །གདོད་ནས་མཉམ་རོལ་རྟོགས་པས་བཏུད་ནས་འདིར། །ཟབ་རྒྱའི་བཅུད་ཀྱི་སྙིང་པོ་གསལ་བར་བྱ། །སྒྲུབ་ཆེན་བཀའ་བརྒྱད་ཀྱི་ཟབ་གཏེར་ཇི་སྙེད་པའི་སྙིང་པོའི་ཡང་བཅུད་དུ་བསྔགས་པ་འདིའི་སྨིན་བྱེད་རྒྱས་པ་རྩ་བའི་གཏེར་གཞུང་ལྟར་སྒོ་འབྱེད་ཁྲུས་དབང་ནས་བརྩམ། དབང་ལེ་རྣམས་མཐར་ཆགས་སུ་བསྐུར་དགོས་པ་ཡིན་ལ། འདིར་དོན་དབང་སྙིང་པོར་དྲིལ་ཏེ་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་སྔོན་འགྲོ །དངོས་གཞི་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ལ་གཉིས། བཤམ་དང་དབང་སྒྲུབ། སློབ་མ་སྟ་གོན་གྱི་རིམ་པའོ། །དང་པོ་ཡོ་བྱད་བཤམ་གྱི་རིམ་པ་ནི། སྟེགས་ཡངས་པར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་རྐང་གསུམ་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་པ་བཀོད། མདུན་དུ་དཔལ་དགུ་ཁྱུང་དང་བཅས་པའི་ལྷ་ཙཀ གཡས་སུ་དབུ་རྒྱན། རྡོར་དྲིལ། བྷནྡྷ་བདུད་རྩི། དཔལ་ཆས། གཡོན་དུ་ཐོད་ཆང་ཆོས་སྨན་སྦྱར་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཞི་ཁྲོའི་རྩ་སྔགས་བྲིས་པས་བཀབ་པ་དང་། རྡོ་རྗེ་རྩེ་དགུ་ཧཱུྃ་མཚན། དགང་གཟར་བླུགས། མེ་ཕུང་། ཕུར་པ། རྒྱབ་ཏུ་ཐོད་ཆང་མངར་གསུམ་སྦྱར་བ། རིག་ཙཀ ཤེལ་རྡོ། རྨ་བྱའི་མདོངས་སྒྲོ་རྣམས་དང་། སློབ་མ་ཐུན་མིན་ལ་བཀའ་རྫོགས་བྱེད་ན། རྒྱལ་མཚན། གཎྜི། དུང་། ཀ་པཱ་ལི། ཕྱག་ཤིང་། ཕུར་པ། སྒྲུབ་ཡིག །ལྕགས་ཧོམ་དུ་ཉ་བོ། ལྕགས་ཕུར་རྣམས་ཀྱང་གང་བདེར་བཞག །མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམ་བདུན་བཤམ། ལས་བུམ། མིག་དར། མེ་ཏོག །སྔོན་གཏོར། ཚོགས་རྫས། ཆད་བརྟན་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། སྔོན་འགྲོའི་རིགས་རྒྱས་བསྡུས་གང་འོས་བྱས་ལ། ལས་བྱང་ཆེ་ཆུང་གཉིས་ལས་སྐབས་འདིར་ལས་བྱང་ཆུང་བ་སྙིང་པོ་དོན་གྱི་གནས་གསལ་ལྟར། བདག་དང་མདུན་གྱི་སྒྲུབ་རྫས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་སྣང་ཡེ་ཤེས་གཅིག་གི་རོལ་པར་བསྒོམས་ལ་དབང་བསྐུར་རྒྱས་གདབ། སྤྱན་འདྲེན། བཞུགས་གསོལ་གྱི་བར་བཏང་། རང་ཉིད་གཙོ་བོ་ལས་ལོགས་སུ་བྱེ་བས་ཕྱག་དང་སྙིང་ག་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བསྟོད་བྱེད་པར་མོས། སླར་ཛཔ྄་ཁང་ཕྱེས་ཏེ་སྤྱི་སྒོས་ཀྱི་ཛཔ྄་རྣམས་དམིགས་པའི་སྤྲོ་བསྡུ་སྤྱི་མཐུན་བྱས་ལ་ཅི་ནུས་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས་གཟུངས་ཐག་ལ་འཛིན་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞི་བ་དང་ཁྲོ་བོའི་སྤྱི་སྔགས་སོ་སོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་བཏགས་པ་བརྒྱ་རྩ་ཙམ་རེ་བཟླ། ལས་བུམ་དུ། ལྔ་ཚན་ལྡན་པའི་བཅུད་ལྡན་གཞལ་ཡས་ཁང༔ རབ་མཛེས་སེམས་དཔའ་རབ་དཀར་གངས་རི་ལྟར༔ རྡོ་རྗེ་དྲིལ་བུ་འགྱིང་ཚུལ་བརྗིད་ལྡན་བསྐྱེད༔ ཐུགས་ཀའི་སྔགས་ལས་བཅུད་ཀྱི་བདུད་རྩི་ཡི༔ རྒྱུན་ལྡན་ཆུ་བོས་བུམ་པ་གང་བར་གྱུར༔ ཅེས་གསལ་བཏབ་ལ་ཡིག་བརྒྱ་དང་ཡིག་དྲུག་ཅི་རིགས་བཟླས་རྗེས། ཆོས་སྐྱོང་སྤྱི་དང་གཏེར་སྲུང་གི་གཏོར་འབུལ་དང་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་སློབ་མ་སྟ་གོན་མདོར་བསྡུས་པ་ནི། སློབ་མ་འདུས་ལ། ཧྲཱིཿ བདེ་གཤེགས་རྒྱལ་བ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་ཁྲུས་བྱ། རང་ཉིད་དྲག་པོའི་ང་རྒྱལ་གྱིས་བགེགས་འགུགས། བགེགས་གཏོར་བྱིན་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ་ལས་གཞུང་གི་བཀའ་བསྒོ་དང་། བདེན་སྟོབས་ཚིག་ལྷུག་བརྗོད་ཅིང་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད། སྲུང་འཁོར་ལས་བྱང་ལྟར་འདོན་བསྒོམ་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། ཆོས་བཤད་གང་འོས་དང་། ཁྱད་པར་དེའང་བཅོམ་ལྡན་འདས་དཔལ་ཆེན་པོའི་ཡེ་ཤེས་ཀློང་དགུའི་རྩལ་ལས་ཤར་བའི་རིག་འཛིན་གྲུབ་པ་ཡོངས་ཀྱི་སྤྱི་རྗེ་ཧེ་རུ་ཀ་ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་འཕགས་བོད་ལྗོངས་ཀྱི་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་སྒྲུབ་པ་བཀའ་བརྒྱད་སྤྱི་དང་བྱེ་བྲག་ཏུ་སྒྲུབ་པའི་གདམས་ངག་མཐའ་ཡས་པས་སྨིན་ཅིང་གྲོལ་བའི་ལམ་དུ་འགོད་་པར་མཛད་དེ། གདམས་སྐོར་རྣམས་སྙིགས་མའི་དུས་མཐར་བསྟན་པ་ལ་འཕེལ་འགྲིབ་དུ་མ་འབྱུང་བ་དང་། བཅོས་པའི་ཆོས་ལུགས་སྣ་ཚོགས་པ་དར་བས་དངོས་གྲུབ་མི་ཐོབ་པར་མཁྱེན་ནས་གཏེར་ཁ་དུ་མར་སྦས་ཤིང་འབྱིན་བྱེད་སྤྲུལ་པའི་གཏེར་སྟོན་བརྒྱུད་མར་འབྱུང་བར་བྱིན་གྱིས་བརླབས་པ་ལས། འདིར་ཇི་སྐད་དུ། བདག་འདྲ་འཆི་མེད་པདྨ་ཐོད་ཕྲེང་གིས༔ རྒྱ་བལ་བོད་དུ་གཏེར་ཁ་ཇི་སྙེད་སྦས༔ ཐམས་ཅད་སྨིན་གྲོལ་ལམ་གྱི་མཐར་ཐུག་སྟེ༔ ཁྱད་པར་བདེ་གཤེགས་ཡོངས་འདུས་སྨིན་ལམ་འདི༔ དུས་མཐའི་འགྲོ་བ་རྨུ་རྒོད་འདུལ་དོན་དུ༔ གདུལ་བྱ་འདུལ་བྱེད་ཟབ་རྒྱའི་བཅུད་འདུས་སོ༔ ཞེས་དང་། སྒྲུབ་པ་བཀའ་བརྒྱད་མཐའ་ཡི་རྒྱ་མཚོ་ལས༔ བདེ་གཤེགས་ཡོངས་འདུས་སྨན་ཆུ་ནུས་པའི་བཅུད༔ གཉིས་སུ་མ་ཡིན་སོ་སོར་བཅུད་བསྡུས་ཏེ༔ རྒྱ་གར་གྲུབ་ཆེན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་གདུལ་བྱ་འདུལ་ཕྱིར་རྒྱས་བཏབ་བོ༔ ཞེས་བསྔགས་པར་མཛད་པ་ལྟར་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་དབང་སྐལ་དུ་བསྩལ་པ་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཞེས་སྒྲུབ་སྡེའི་བཀའ་སྲོལ་རྒྱ་མཚོ་ཆེན་པོ་ལས་ཡང་སྙིང་བདུད་རྩིའི་གོང་བུར་གྱུར་པ་་འདི་ཉིད། སུམ་ཅུ་ཁ་རལ་གྱི་དུས་སུ་འཕྲུལ་གྱི་བློན་པོ་མགར་སྟོང་བཙན་ཡུལ་བཟུང་། ལང་གྲོ་ལོ་ཙཱ་དཀོན་མཆོག་འབྱུང་གནས། རྨ་བན་རིན་ཆེན་མཆོག་རྣམས་ཀྱི་ཡེ་ཤེས་རོལ་པ་གཅིག་ཏུ་བསྡུས་པ་པདྨ་མདོ་སྔགས་གླིང་པའམ་རིག་འཛིན་ཀློང་གསལ་སྙིང་པོ་ཞེས་ཡོངས་སུ་གྲགས་ཤིང་རྩོད་པ་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་ཁེ་མི་འགྱུར་གསང་བའི་སྒྲོོམ་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པ་སྟེ། རྡོ་རྗེའི་གསུང་ལས། དུས་མཐར་ལས་ངན་ཚན་ནི་ཇེ་ཆེར་ཚེ༔ འདུལ་བྱེད་གདམས་པའི་སྙིང་པོ་ཇེ་ཆེར་ཟབ༔ གནད་འདི་དུས་མཐའི་རྨུ་རྒོད་འདུལ་དོན་དུ༔ བཅུད་སྙིང་སེང་གེའི་འོ་མ་ལྟ་བུ་འོ༔ ཞེས་དང་། འདི་ཕྱི་བར་དོར་བཅས་པའི་གེགས་སེལ་ནས༔ རྫོགས་ཆེན་ཀུན་བཟང་ས་ལ་རེག་པའི་ཐབས༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་དོན་འདི་བཀྲོལ༔ འདིར་འཇུག་རྡོ་རྗེ་འཆང་གི་ས་ནོན་པར༔ གཉིས་སུ་འཛིན་པའི་ཡིད་གཉིས་ཐེ་ཚོམ་མེད༔ དེ་ཕྱིར་གཅེས་སྤྲས་ཟུངསཤིག་རྗེས་འཇུག་རྣམས༔ ཞེས་སོགས་གདམས་པར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་རིམ་པ་རྒྱ་ཆེར་བཞུགས་པ་ལས་སྐབས་སུ་བབ་པ་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་ཉིད་བསྒྲུབ་པར་བགྱི་བ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བའི་ཆོ་ག་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་མཆོག་ཉིད་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་པ་ལ་དཀོན་མཆོག་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ་བདག་གཞན་མར་གྱུར་སེམས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བླ་མ་ལྷར༔ བདག་སོགས་མ་གྱུར་འགྲོ་ཀུན་སྐྱབས་སུ་མཆི༔ གནས་ངན་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ཏེ༔ འཁོར་བར་ཕྱིར་མི་ལྡོག་པའི་དངོས་གྲུབ་སྩོལ༔ ལན་གསུམ། སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་བདེའི་གོ་འཕང་ལ་སྦྱོར་བའི་སླད་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ཧྲཱི༔ གཏན་བདེར་སྨོན་ནས་དཀྱིལ་འཁོར་ཀློང་འཇུག་ནས༔ མ་གྱུར་འགྲོ་ཀུན་འདྲེན་པའི་ནུས་ཐོབ་ནས༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི༔ སྟོང་ཉིད་སྙིང་རྗེའི་སེམས་བསྐྱེད་མངོན་གྱུར་ཤོག༔ གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཆེ་མཆོག་དབྱེར་མེད་སློབ་དཔོན་དགོངས༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་དང༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་གྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ གསུམ། ཐ་མལ་རང་རྒྱུད་ཀྱི་རྟོག་འཛིན་རྣམ་པར་དག་ཅིང་སྨིན་བྱེད་ཀྱི་སྣོད་དུ་རུང་བར་བྱ་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། བླ་མ་ཀུན་བཟང་ཧེ་རུ་ཀ༔ སློབ་མ་ཡི་གེ་ཧཱུྃ་གྱུར་ཏེ༔ ཧེ་རུ་ཀ་ཡི་ཞལ་དུ་ཐིམ༔ གཉིས་མེད་མཁའ་ལས་འཁྲུངས་པ་ཡི༔ གསང་བདག་གསང་ཆེན་ཉན་པར་དབང༔ ཡང་དག་གསང་བའི་ལམ་ཡིན་ནོ༔ དེ་དག་གིས་སྔོན་འགྲོ་སྟ་གོན་གྱི་བྱ་བ་མདོར་བསྡུས་པ་གྲུབ་པ་ལགས། གཉིས་པ་དབང་དངོས་ལའང་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་དད་ལྡན་སློབ་བུ་ལ༔ ཞི་ཁྲོ་བདེ་གཤེགས་ཡོངས་འདུས་ཀྱི༔ སྨིན་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། ལན་ནི། ཧོ༔ ཁྱོད་ཉིད་སུ་ཡིན་ཇི་ལྟ་བུ༔ གསང་ཆེན་བདེ་གཤེགས་ཡོངས་འདུས་ནི༔ ཞི་བ་རྡོ་རྗེ་དབྱིངས་ཀུན་རྫོགས༔ ཡི་དམ་ཆེ་བཙན་དགུ་འདུས་ལ༔ བདུན་བརྒྱ་ཉེར་ལྔའི་སྙིང་པོ་འདུས༔ དཀྱིལ་འཁོར་གཅིག་ལ་ཐེག་དགུ་རེའི༔ ནུས་པ་འབྱིན་པའི་སྙིང་ཐིག་སྟེ༔ འཛིན་པའི་སྣོད་དང་ལྡན་ལགས་སམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་དགོངས་སུ་གསོལ༔ བདག་ནི་དད་པ་དམ་ཚིག་དང༔ སྙིང་རུས་ཐེག་ཆེན་སྔགས་ལ་དད༔ གསང་སྔགས་བླ་མེད་སྒྲུབ་ལ་སྨོན༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ དེའི་ལན་དུ། སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ནི༔ ཐེག་རྫོགས་ཡེ་ཤེས་ཡང་རྩེ་སྟེ༔ འདིར་འཇུག་དམན་པའི་བྱ་བ་བཏང༔ ཐེག་ཆེན་དམ་ཚིག་ལ་གནས་ཤིག༔ མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཁེ་ཉེན་གྱི་གནད་ལ་བཀར་ཏེ་ཁྱད་པར་གྱི་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧཱུྃ་ཧྲཱི༔ བདེ་གཤེགས་ཡོངས་འདུས་ལམ་གཞུག་གི༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ ཞི་ཁྲོ་དྲེགས་པ་དྲག་སྔགས་ཀྱི༔ དམ་ཚིག་རྣམས་ལ་ཡང་དག་འཇུག༔ བསྲུང་ན་ཡོན་ཏན་བརྗོད་ལས་འདས༔ ཉམས་ན་དམྱལ་བའི་དུཿཁ་མྱང༔ དེ་བས་རྟག་ཏུ་ཐུབ་པར་སྲུངས༔ དུང་ཆུ་སྦྱིན་ལ། དམ་ཚིག་རྡོ་རྗེའི་ཆུ་བཏུང་ཞིང་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་སརྦ་ཨི་དན་ན་ར་ཀན༔ རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ བསྒྲུབ་བྱའི་དཀྱིལ་འཁོར་ང་ཡིན་གྱིས༔ ཡིད་བཞིན་དབང་གི་དཀྱིལ་འཁོར་ལ༔ ཁྲུས་གསོལ་མཆོད་བསྟོད་གནས་སློབ་ཅིག༔ མི་ལྡོག་པའི་ཕྱིར་དུ་ཟབ་མོའི་ཆོས་བཤད་པ་འདིའི་དོན་ཐུགས་ལ་ངེས་པར་ཞུ། ཨེ་མ་ཧོ༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལ་ནི་རེས་འགའ་ཞིག༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་༔ གསང་སྔགས་བླ་ན་མེད་པའི་ཆོས༔ དེ་བས་ཀྱང་ནི་དཀོན་པ་སྟེ༔ མི་འབྲལ་འཛིན་པའི་ཆོས་ཉིད་ཡིན༔ བཛྲ་ས་མ་ཡ་ཏིཥྛ་ཧཱུྃ༔ འགྲིམ་དཀྱིལ་འདུ་བྱས་ལ། རིགས་ཀྱི་སྐལ་པ་བརྟག་པའི་སླད་དུ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ལས་འཕྲོ་ཡོད་པའི་ཚེ་རབས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ལྟོས་མེད་དུ་འདོར་མཛོད། ཧཱུྃ༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་ལྷ་ཚོགས་དགོངས༔ རབ་གུས་གདུང་ཤུགས་རིག་པའི་མེ་ཏོག་འདི༔ ཡོངས་གྲུབ་ཐུགས་རྗེ་ཆགས་པའི་ལྷ་ལ་འབུལ༔ ལས་འཕྲོ་རིགས་ཀྱི་བྱེ་བྲག་ཕྱེད་པར་ཤོག༔ ཨོཾ་བཛྲ་པུཥྤེ་པཱུ་ཙ་ཧོ༔ ཞེས་འདོར་དུ་གཞུག །རིགས་ངེས་པར་བྱས་ལ་མེ་ཏོག་རེ་ཞིག་བཞག །ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ཏེ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་གྱུར་པའི་སྙིང་ཁར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་ཞིང་གསལ་བའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་འོད་ཟེར་གྱི་ཕུང་པོར་འབར་ཞིང་འཕྲོ་བ་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་བ་བ་སྤུའི་ཁུང་བུ་ནས་ཞུགས། ལུས་ཐམས་ཅད་མེར་ཁྲིག་གང་བས་བདེ་བ་བཟོད་མེད་དུ་འབར་བར་མོས་ཤིག སྤོས་རོལ་དབྱངས་བཅས། ཧཱུྃ༔ བླ་མ་རིག་འཛིན་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཀུན་ནས་མཁྱེན་བརྩེས་གནས་འདིར་བྱིན་ཆེན་ཕོབ༔ སྒྲུབ་མཆོག་བྱིན་རློབས་དཀྱིལ་འཁོར་ལྷ་ཚོགས་བཞེངས༔ དབྱེར་མེད་ཡེ་ཤེས་ཏིང་འཛིན་བྱིན་གྱིས་རློབས༔ ཨོཾ་བཛྲ་ཧེ་རུ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་བེ་ཤ་ཡ་སྟཾ་བྷ་ཡ༔ ར་ར༔ ར་ར༔ ས་མ་ཡ་ཧཱུྃ༔ ཨ་ཛྷེཾ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་ཇི་སྲིད་བར་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ལས༔ བླ་མེད་གནས་སུ་བསྒྲལ་བའི་ཕྱིར༔ རྟེན་འབྲེལ་ཟབ་མོའི་དབང་མཆོག་སྩོལ༔ ལན་གསུམ། སྔར་ཕུལ་བའི་ཅོད་པན་རིགས་ཀྱི་ལྷས་ཁྱེད་རང་གི་སྤྱི་བོར་དབང་རྟགས་སུ་བཅིངས་པར་མོས་ཤིག ཅོད་པན་སྤྱི་བོར་བཞག་ལ། ཧཱུྃ༔ ཅོད་པན་འདི་ནི་དབང་གི་རྟགས༔ རང་བཞིན་ལྷ་ཡི་བྱིན་གྱིས་བརླབས༔ བར་ཆད་བདུད་ཀྱིས་མི་ཚུགས་ཤོག༔ འཁོར་བའི་སྐྱོན་གྱིས་མ་གོས་ཤོག༔ དབུས་སུ་ཕོག་ན་ཆེ་མཆོག་གི་རྩ་སྔགས་དང་། རྡོ་རྗེ་ཆེ་མཆོག་རྩལ༔ དེས་འགྲེས་ཏེ་སོ་སོའི་རྩ་སྔགས་དང་། ཤར་སོགས་རིམ་བཞིན། རྡོ་རྗེ་ཐུགས་མཆོག་རྩལ༔ རྡོ་རྗེ་སྐུ་མཆོག་རྩལ༔ རྡོ་རྗེ་གསུང་མཆོག་རྩལ༔ རྡོ་རྗེ་ལས་རབ་རྩལ༔ རྡོ་རྗེ་གསང་བ་རྩལ༔ རྡོ་རྗེ་ཐོད་པ་རྩལ༔ རྡོ་རྗེ་དྲག་པོ་རྩལ༔ རྡོ་རྗེ་སྟོབས་མཆོག་རྩལ༔ ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་མིང་དང་བཅས་པའི་དབང་བསྐུར་པས༔ ཁམས་གསུམ་ཆོས་ཀྱི་གྲགས་པའི་དབང་ཐོབ་པར་གྱུར་ཅིག༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། ཧཱུྃ༔ ལས་ཉོན་ཤེས་བྱའི་སྒྲིབ་པའི་གྲིབ༔ མ་རིག་ལིང་ཐོག་བཞིན་བསལ་བའི༔ བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དག་པའི་སྣང་བ་མངོན་དུ་བྱ༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་སྭཱ་ཧཱ༔ བདེ་གཤེགས་ཡོངས་འདུས་དཔལ་ཆེན་ཚོམ་བུ་དགུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བའི་མོས་པ་མཛོད་ཅིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལ་ཕྱི་ནང་གསང་བ་ཡང་གསང་ཕྲིན་ལས་ཐུགས་རྗེའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། ཐོག་མར་ཕྱི་བུམ་དབང་རྗེས་འབྲེལ་དང་བཅས་པ་གནང་བར་ཞུ་བ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཆེ་བའི་མཆོག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོོལ༔ བདག་ནི་མགོན་པོའི་རྗེས་འཇུག་གིས༔ སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ གསུམ། རྣམ་རྒྱལ་བུམ་པ་རང་བྱུང་རྡོ་རྗེའི་ཕོ་བྲང་ཆེན་པོར་བཅོམ་ལྡན་འདས་བདེ་གཤེགས་ཡོངས་འདུས་ཀྱི་ལྷ་ཚོགས་མངོན་དུ་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས། ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྒྲིབ་པ་བཞི་དག རྡོ་རྗེ་བཞིའི་གོ་འཕང་རྒྱུད་ལ་བཞག་པར་མོས་ཤིག ཧཱུྃ༔ རྣམ་པར་རྒྱལ་བ་བུམ་པའི་གཞལ་ཡས་སུ༔ ཞི་ཁྲོ་བདེ་གཤེགས་ཡོངས་འདུས་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ སྒྲིབ་ཚོགས་ཀུན་བྱང་དངོས་གྲུབ་མཆོག་ཐོབ་ཤོག༔ རྩ་སྔགས་ཤམ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྣམ་བུམ་སྤྱི་བོར་བཞག་ལ། བུམ་ཆུ་སྦྱིན། བུམ་པ་ཐོགས་ལ་ཆེ་བ་བསྐྱེད་པ་ནི། ཧཱུྃ༔ བུམ་པའི་དབང་མཆོག་རྟག་ཏུ་མཛེས་བྱེད་པ༔ དབང་བྱེད་ཡོངས་སུ་རྫོགས་པའི་ཀ་ལཱ་ཤ༔ སྤྱི་བོའི་དབང་རྟགས་པདྨ་རཱ་གའི་མདོག༔ དག་ཅིང་དྲི་མེད་པཉྩ་ལི་ཀཱས་དཀྲིས༔ འབྲས་བུ་རྒྱས་པའི་ཤིང་གིས་ཁ་བརྒྱན་ཏེ༔ གཟུངས་ཐག་ཁ་དོག་ལྔ་དང་རབ་ལྡན་པའི༔ བདུད་རྩིས་ཡོངས་བཀང་རིན་ཆེན་མེ་ཏོག་རྒྱན༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་སྙིང་པོ་ལྔ༔ སྨན་དར་ལྔ་ལྡན་བུམ་པའི་དབང་བསྐུར་པས༔ རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག༔ ཨོཾ་ཀ་ལཱ་ཤ་སརྦ་པཉྩ་གུ་ཎ་སིདྡྷི་ཧཱུྃ༔ མེ་ཏོག་འཐོར། རྣམ་པར་རྒྱལ་བ་བུམ་པའིི་དབང་བསྐུར་པས༔ བདེ་གཤེགས་ཡོངས་འདུས་ཀྱི་དཀྱིལ་འཁོར་ལྷའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དབུ་རྒྱན་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་ལྡན་གྱི་དབུས་སུ་རིགས་ལྔའི་རང་བཞིན་ཕྱག་མཚན་ལྔ་སྙིང་པོས་མཚན་པ་དབུ་ལ་བཅིངས་པས་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་མོས་ཤིག ཧཱུྃ༔ རིན་ཆེན་མཛེས་པའི་ཟུར་ཕུད་ལྔ་ལྡན་དབུས༔ ཕྱག་མཚན་ལྔ་དང་བདེ་གཤེགས་སྙིང་པོར་བཅས༔ རིགས་ལྔའི་རང་བཞིན་དབུ་རྒྱན་དབང་མཆོག་གིས༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགོ་བོར་བཀོན། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་མཚོན་པའི་རྡོར་དྲིལ་ལག་ཏུ་གཏད་པས་ཟུང་འཇུག་དོན་གྱི་རྣལ་འབྱོར་ལ་དབང་བརྙེས་པར་མོས་ཤིག ཧཱུྃ༔ ཐབས་ལྡན་རང་གྲོལ་ཡེ་ཤེས་རྣམ་ལྔའི་སྐུ༔ ཤེས་རབ་གསུང་དབྱངས་རྗེས་འགྲོ་སྙན་པའི་སྒྲ༔ དབྱེར་མེད་བདེ་ཆེན་རང་བཞིན་དབང་བསྐུར་བས༔ ཟུང་འཇུག་བདེ་ཆེན་ཉམས་ལ་སྤྱོད་པར་ཤོག༔ ཨོཾ་བཛྲ་གྷནྡྷ་ེཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལག་གཡས་གཡོན་དུ་གཏད་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་གཞུག །བནྡྷའི་བདུད་རྩི་གསུང་མཆོག་ནུས་པའི་བཅུད་ཀྱི་རང་བཞིན་མགྲིན་པར་མྱང་བས་རྡོ་རྗེའི་གསུང་གི་ནུས་པ་རྩལ་རྫོགས་སུ་ཐོབ་པར་མོས་ཤིག ཧཱུྃ༔ རྩ་བརྒྱད་ཡན་ལག་སྦྱར་བའི་པཉྩ་ལ༔ བདེ་གཤེགས་ཡོངས་འདུས་གསུང་གི་ནུས་པའི་བཅུད༔ ངག་ལ་དབང་འབྱོར་མྱོང་བའི་ཨ་མྲྀ་ཏ༔ ངག་གི་ནུས་པ་འབྱིན་པའི་རྩལ་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ༔ བནྡྷ་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སྤྱི་བོ་ནས་ཞུགས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལུས་ཀྱི་གནས་སོ་སོར་གྱེས་པ་ལ་ཐིམ་པར་མོས་ཏེ། ཆེ་མཆོག་གི་སྐུ་གཏད་ནས། ཧཱུྃ༔ སྐལ་ལྡན་རྡོ་རྗེའི་ལུས་དབང་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཆེ་མཆོག་ཐུགས་སུ་སྨིན་གྲོལ་ནས༔ སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ གཤིན་རྗེའི་སྐུ་དཔྲལ་བར་བཞག་པ་སོགས་འདོན་ཚིག་དང་བསྟུན་ལ། ཧཱུྃ། སྐལ་ལྡན་རྡོ་རྗེའི་སྤྱི་བོ་ན། །གཤིན་རྗེ་ཡབ་ཡུམ་དབང་བསྐུར་བས། །གཤིན་རྗེ་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་མགྲིན་པ་ལ། །དབང་ཆེན་ཡབ་ཡུམ་དབང་བསྐུར་བས། །དབང་ཆེན་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་ཐུགས་ཀ་ན། །ཡང་དག་ཡབ་ཡུམ་དབང་བསྐུར་བས། །ཡང་དག་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ་རྫོགས་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སྐལ་ལྡན་རྡོ་རྗེའི་ལྟེ་བ་ན། །ཕུར་པ་ཡབ་ཡུམ་དབང་བསྐུར་བས། །ཕུར་པའི་ཐུགས་སུ་སྨིན་གྲོལ་ནས། །སྟོབས་རྩལ་ནུས་པའི་མཐུ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་གསང་བ་ན། །བླ་མེད་ཡབ་ཡུམ་དབང་བསྐུར་བས། །བླ་མེད་ཐུགས་སུ་སྨིན༴ སྟོབས་རྩལ༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རི་ཧཱུྃ། སརྦ་ས་མ་ཡ་ཨ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་སྤྱི་གཙུག་ཏུ། །རིག་འཛིན་ཡབ་ཡུམ་དབང་བསྐུར་བས། །རིག་འཛིན་ཐུགས་སུ་སྨིན༴ སྟོབས་རྩལ༴ ཨོཾ་མ་ཧཱ་གུ་རུ་སརྦ་ཧཱུྃ། སརྦ་ས་མ་ཡ་ཨ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་བརླ་གཡས་ན། །དྲེགས་པ་ཀུན་འདུལ་དབང༴ དྲེགས་པའི་ཐུགས་སུ༴ སྟོབས་རྩལ༴ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ། སརྦ་ས་མ་ཡ༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་བརླ་གཡོན་ན། །སྟོབས་ལྡན་ནག་པོའི་དབང༴ སྟོབས་ལྡན་ཐུགས༴ སྟོབས་རྩལ་ནུས་པའི༴ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོ་སརྦ་ས་མ་ཡ་ཨ་བྷི༴ ཧཱུྃ། སྐལ་ལྡན་རྡོ་རྗེའི་དཔུང་པ་ན། །དམར་ནག་ཁྱུང་གི་དབང༴ ཁྱུང་ཆེན་ཐུགས༴ སྟོབས་རྩལ༴ ཨོཾ་ཁྲོཾ་ག་རུ་ཊ་ཧཱུྃ། སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དུར་ཁྲོད་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ་མ་མོ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེར་གྱུར་པའི་མོས་པ་མཛོད། ཧཱུྃ། ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང་། །སྦྲུལ་ཆུན་སྟག་ཤམ་ཐལ་ཆེན་དང། །རཀྟ་ཞག་གི་ཟོ་རིས་རྒྱན། །དཔལ་ཆེན་ཆས་ཀྱིས་དབང་བསྐུར་བས། །སྟོབས་རྩལ་ནུས་པ་ཡོངས་རྫོགས་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་ཡོ་གི་ནཱི་ཨ་བྷི་ཥིཉྩ་ས་མ་ཡ་ཧཱུྃ་ཨཱཿ གནས་རྣམས་སུ་བགོ་ཚུལ་བྱ། དེ་ལྟར་ཕྱི་བུམ་པའི་དབང་བསྐུར་པས་གཞི་དུས་སུ་ནང་དབང་བསྐུར་བའི་སྣོད་དུ་རུང་། གསང་སྔགས་ཀྱིི་བྱ་བ་སྤྱད་པས་གཟུང་འཛིན་གྱི་དྲི་མ་དག །ལམ་དུས་སུ་ས་བརྒྱད་པ་བགྲོད་ཅིང་འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་བཞག་པ་ཡིན་ནོ། །གཉིས་པ་ནང་གི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་ཅག་སྐལ་ལྡན་རྗེས་འཇུག་ལ༔ གསང་ཆེན་བདེ་གཤེགས་ཡོངས་འདུས་ཀྱི༔ ནང་གི་སྨིན་ལམ་དངོས་གྲུབ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ། ཨེ་མ་ཧོཿགསང་ཆེན་སྙིང་པོའི་བཅུད༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་དུ༔ ནང་གི་དོན་དམ་བཅུད་འཛིན་ན༔ གསང་བ་སྙིང་པོའི་ལམ་ཁྱེར་བཅས༔ དམ་མེད་གཞན་ལ་སྨྲ་མི་རུང༔ ས་མ་ཡ་ཧཱུྃ་ས་མཱ་ཏི་ཧྲཱི༔ ཏིཥྛ་བཛྲ་ཧཱུྃ་སྭཱ་ཧཱ༔ ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་སྒོ་གསུམ་གྱི་གནད་གཅུན་ཏེ་སོགས་སྔར་ལྟར་བརྗོད་ལ་ཡེ་ཤེས་པ་དབབ། ཚིགས་བཅད་མི་དགོས། སྔགས་ཙམ་གྱིས་ཆོག་ཅིང་བརྟན་པར་བྱ། རང་བྱུང་བུམ་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་ལྷ་ཚོགས་བདུད་རྩིའི་དྭངས་མར་འཁྱིལ་བའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས་གདོས་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་སྙིང་པོའི་ལྷ་སྐུར་སྨིན་པར་མོས་ཤིག །སྨན་ཐོད་སྤྱི་བོར་བཞག་ཅིང་ལྕེར་སྦྱིན་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་གསང་སྙིང་གི༔ བླ་མེད་ཐིག་ལེ་འདུས་པའི་རྟེན༔ གཞལ་ཡས་ལྷ་ཡི་བདུད་རྩི་དང༔ ལྷ་རུ་སྨིན་པའི་ནུས་པ་འབྱིན༔ རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མེ་ལོང་སྔགས་ཀྱི་འཁོར་ལོ་ལས་གཉིས་པ་འཕྲོས་ཏེ་མགྲིན་པ་ནས་ཞུགས། རྩ་རླུང་བྱིན་གྱིས་བརླབས་པས་ངག་རླུང་རྡོ་རྗེ་ནཱ་ད་གསང་སྔགས་ཀྱི་རང་སྒྲར་སྨིན་པར་མོས་ཤིག །མེ་ལོང་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་བཀའ་བརྒྱད་ལྷ་ཚོགས་ཀྱི༔ ཡང་སྙིང་སྔགས་ཀྱི་འཁོར་ལོ་ནི༔ མེ་ལོང་གཟུགས་བརྙན་ཇི་ལྟ་བུའི༔ གསང་བ་སྔགས་ལ་མངའ་དབང་སྒྱུར༔ རྩ་སྔགས་ཤམ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལྷ་ཚོགས་རྣམས་ཀྱི་ཐུགས་ལས་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་འཕྲོས་ཏེ་སྙིང་ཁར་ཐིམ་པས་གཟུང་འཛིན་འཁྲུལ་པའི་རྟོག་ཚོགས་དབྱིངས་སུ་བཅོམ། འོད་གསལ་ཡེ་ཤེས་ཀྱི་དགོངས་པའི་རྩལ་ཆེན་རྫོགས་པར་མོས་ཤིག རྡོ་རྗེ་ཧཱུྃ་མཚན་སྙིང་ཁར་བཞག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ཉིད་མི་གཡོ་སྐྱེ་མེད་མཐའ་དང་བྲལ༔ གདུག་པ་འདུལ་མཛད་གནམ་ལྕགས་རྡོ་རྗེ་ཧཱུྃ༔ སློབ་མ་ལྷར་གསལ་བརྟན་པ་ཐུགས་ཀྱི་དབང༔ གཞོམ་གཞིག་མི་མངའ་རྡོ་རྗེའི་ཐུགས་འགྲུབ་ཤོག༔ རྩ་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲེག་བླུགས་ཀྱི་ཆས་ཕྱག་ཏུ་གཏད་པས་ལས་བཞིའི་སྦྱོར་བ་ལ་མངའ་བརྙེས་ཏེ་ཡོན་ཏན་གྱི་རང་རྩལ་ཕྱོགས་མེད་དུ་རྒྱས་པར་མོས་ཤིག །དགང་གཟར་བླུགས་དང་མེ་དཔུང་གཏད་ལ། ཧཱུྃ་ཧྲཱི༔ ཞི་དང་རྒྱས་དབང་མངོན་སྤྱོད་མཐུས༔ དྲག་པོའི་སྟོབས་ཀྱིས་གཉེར་ཀའི་ལས༔ ཁྲོ་རྒྱལ་ཡོན་ཏན་སྣ་ཚོགས་ཀུན༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཤཱནྟིཾ༔ པུཥྚིཾ༔ ཝ་ཤཾ༔ མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་ཕུར་བུ་གཏད་པས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་སྲིད་གསུམ་གདུག་ཅན་ཐལ་བར་འབྱིན་པའི་ནུས་མཐུ་ཐོབ་པར་མོས་ཤིག །ཕུར་པ་འདྲིལ་དུ་གཞུག་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་ཡོངས་འདུས་དྲག་པོའི་སྐུ༔ ཕྲིན་ལས་དགྲ་བགེགས་བསྒྲལ་བའི་ལས༔ གནམ་ལྕགས་ཐོག་གི་དབལ་གཟེར་འདིས༔ བསྟན་དགྲ་སྒྲོལ་བའི་མཐུ་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ཏྲ་མཱ་ར་ཡ་རྦད་རྦད༔ ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཕཊ༔ ནང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ནུས་པ་འཇུག་པའི་དབང་བསྐུར་པ་དེ་ཉིད་སླར་ཡང་བུམ་པའི་དབང་གིས་བརྟན་པར་བྱས་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ སློབ་དཔོན་ཐུགས་ལས་བརྡོལ་བའི་གསང་ཆེན་པོ༔ སྤྲོས་བྲལ་ཆོས་སྐུ་སྟོང་གསལ་འཛིན་པ་མེད༔ སྐལ་ལྡན་མཆོག་གི་དངོས་གྲུབ་དམ་པར་ཟུངས༔ ཐོགས་མེད་མཐུ་མངའ་བཅུད་ཆེན་དམ་པ་འདི༔ ཐུགས་རྗེའི་དབང་ཆེན་ཡོངས་སུ་རྫོགས་མཛད་པ༔ མྱོང་བཞིན་ཐུགས་རྗེའི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་ནང་གི་དབང་བསྐུར་པས་གཞི་དུས་སུ་གསང་དབང་གི་སྣོད་དུ་རུང་། བསྐྱེད་རིམ་ཆ་ལག་དང་བཅས་པ་ཀློང་དུ་ཆུད། ལུས་སྒྲིབ་དག ལམ་དུས་སུ་ས་དགུ་པ་བགྲོད་ཅིང་འབྲས་བུ་སྔགས་ཀྱི་ནུས་པ་རབ་ཏུ་བརྟན་པར་འགྱུར་བ་ཡིན་ནོ། །གསུམ་པ་གསང་བའི་དབང་ལའང་གསང་བ་དང་གསང་ཆེན་གཉིས་ཡོད་པ་ལས། ཐོག་མར་གསང་བའི་དབང་ཞུ་བའི་ཡོན་དུ་མེ་ཏོག་ཐོགས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡབ་ཡུམ་གསང་བའི་བདག༔ གསང་བའི་དཀྱིལ་འཁོར་བདག་ལ་སྟོན༔ བདེ་བ་ཆེན་པོའི་དངོས་གྲུབ་དོན༔ གསང་བའི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་བརྗོད་ལ་མེ་ཏོག་འཐོར། བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པ་མཁའ་གསང་ནས་ཕྱུང་སྟེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པའི་རྒྱུན་གྱིས་དབང་བསྐུར་བསྩལ་བར་མོས་ཤིག །ཐོད་རྫས་མངར་གསུམ་སྦྱར་བ་བྱིན་ལ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཀརྨ་སིདྡྷི་ཧཱུྃ༔ མ་ཧཱ་སུ་ཁ་ཧོ༔ ལུས་ཀྱི་ནང་ཐམས་ཅད་བདེ་བས་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག དེ་ལྟར་གསང་བའི་དབང་བསྐུར་པས་གཞི་དུས་སུ་གསང་ཆེན་གྱི་དབང་གི་སྣོད་དུ་རུང་། སྟེང་སྒོའི་མན་ངག་རིམ་ལྔ་རྩ་རླུང་གཏུམ་མོ་ལ་སོགས་པ་ཉམས་སུ་ལེན་པ་ལ་དབང་འབྱོར། ངག་སྒྲིབ་དག །ལམ་དུས་ས་བཅུ་པ་བགྲོད། འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསང་ཆེན་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་སླད་དུ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ གཉིས་མེད་ཡེ་ཤེས་བདེ་ཆེན་པོ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ རླུང་སེམས་བསྲེ་བའི་ཐབས་ཆེན་པོ༔ འཁོར་ལོ་བདེ་མཆོག་དངོས་གྲུབ་སྩོལ༔ ལན་གསུམ་དང་མེ་ཏོག་འཐོར། མཚན་ཉིད་དང་ལྡན་པའི་གཟུངས་མའི་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་གི་ལག་གཡས་སུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཨཱ༔ མཚན་ལྡན་བཀྲ་ཤིས་གཟུངས་མ་ནི༔ བསྟེན་པས་གཉིས་མེད་བདེ་ཆེན་སྐྱེད༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་བསྟེན་པར་གྱིས༔ ཨོཾ་ཏ་ཐཱ་ག་ཏ་གུ་ཧྱ་པྲ་ཛྙཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་གཏད་པའི་གཟུངས་མ་དེས་ཀྱང་བདེ་བའི་རྣམ་འགྱུར་སྟོན་བཞིན་པས། ཧོ༔ བདེ་ཆེན་འདོད་པའི་སྐལ་པ་ཅན༔ ང་ཡི་མཁའ་གསང་ཆོས་ཀྱི་དབྱིངས༔ དུས་གསུམ་རྒྱལ་བ་འབྱུང་བའི་གནས༔ ལུས་ཀྱི་དཀྱིལ་འཁོར་བདེ་བ་ཆེ༔ ཨ་ཧོ་སུ་ཁ་བཛྲ་མོཀྵ་ཧོ༔ ཞེས་ཐར་པ་བསྟེན་པར་བསྐུལ་ནས་པང་དུ་འཁོད་པར་གྱུར། ཁྱེད་རང་དཔལ་ཆེ་མཆོག་ཧེ་རུ་ཀ་དང་རིག་མ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་མཱུཾ་གྱིས་མཚན་པ། འདོད་པའི་སྒྱུ་རྩལ་དང་བཅས་ཏེ་སྙོམས་པར་ཞུགས་པས་དཀར་དམར་བྱང་ཆུབ་ཀྱི་སེམས་གཡོས། ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའི་མཐར་ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་གྱུར་པའི་བདེ་སྟོང་གི་རང་ངོ་ལ་མཉམ་པར་ཞོག་ཅིག ཨེ་མ་ཧོ༔ འཁོར་ལོ་བཞི་ཡི་རྦ་རླབས་ལས༔ དབབ་དང་སྐྱིལ་དང་ཟློག་པ་དང༔ བདེ་ཆེན་འདུ་འབྲལ་མེད་པའི་གནད༔ དགའ་བཞིའི་ཀློང་དུ་ཆུད་པར་བྱའོ༔ ཞེས་ངོ་སྤྲད། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡུལ་གསུམ་གསལ། དགྲ་གསུམ་སོད། བདུད་བཞི་ཆོམ། འགྲོ་དྲུག་གི་གཡང་ས་ཆོད། སྟེང་འོག་གི་སྒོ་ལ་བརྟེན་པའི་ཐབས་ལམ་ལ་དབང་ཐོབ། ཡིད་སྒྲིབ་དག །ལམ་དུས་སུ་ས་བཅུ་གཅིག་པ་བགྲོད། འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་ཡང་གསང་རིག་པ་རྩལ་གྱི་དབང་བསྐུར་ཞུ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཆེ་བའི་མཆོག༔ བླ་མེད་ཐེག་རྩེའི་ཟབ་ཁྱད་ཀྱི༔ རིག་པ་རྩལ་གྱི་དབང་མཆོག་གིས༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ གསུམ། ལན་དུ། ཨེ་མ་བདེ་ཆེན་གསང་ལམ་འདི་མནོས་ནས༔ རི་ངོགས་གཡའ་གནས་གངས་ཞོལ་དུ༔ ཆོས་ཉིད་རྣལ་འབྱོར་གངས་སེང་བཞིན༔ རིག་རྩལ་བདེ་ཆེན་བསྲེ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་བཀའ་དྲིན་ཅན༔ ཅི་གསུང་གསང་བ་རྡོ་རྗེའི་ཚིག༔ ལུང་བཞིན་མཛད་པ་བླ་མེད་བསྒྲུབ༔ རྗེས་སུ་འཛིན་པའི་དངོས་གྲུབ་སྩོལ༔ ཞེས་ཞུ། དམ་ཆུ་སྦྱིན་ལ། ཧོ༔ མཆོག་གསང་རྒྱལ་པོའི་དམ་ཚིག་ཆུས༔ འདི་ནས་བདེ་ཆེན་སར་འཕང་སྟེ༔ འཛིན་པའི་གནད་ལ་གཅེས་སྤྲས་སུ༔ བརྩོན་འགྲུས་སྐྱེད་ཅིག་ས་མ་ཡ༔ ས་མཱ་ཏི་ཨ་ས་མ་ཡ་ན་ར་ཀན༔ ཤེལ་རྡོ་བསྟན་ལ། གཞི་དབྱིངས་གདོད་མའི་ཀ་དག་ཤེལ་ལྟ་བུའི་ཀློང་དུ་འཁོར་འདས་ཀྱི་ལམ་སྣང་སྣ་ཚོགས་སུ་ཤར་ཡང་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་རིག་སྐུ་གསུམ་གྱི་རང་བཞིན་དུ་མཚོན་པར་གྱིས་ཤིག །ཨ་ཕཊ་ཕཊ༔ ཨ་སྐྱེ་བ་མེད་པ་ཤེལ་ལྟ་བུ༔ སྐྱེ་བའི་ཆོ་འཕྲུལ་འཇའ་ཚོན་བཞིན༔ སྐྱེ་བ་མེད་པ་ཤེལ་ལྟ་བུ༔ འགག་པ་མེད་པ་འཇའ་ཚོན་བཞིན༔ སྒྲིབ་མེད་གསལ་བ་ཤེལ་ལྟ་བུ༔ དྲི་མེད་དྭངས་པ་ཤེལ་ལྟ་བུ༔ བློ་གྲོས་ཐབས་འདི་བདེ་བ་ཆེའོ༔ ཀ་དག་རང་སྣང་ཤེལ་ལྟ་བུ༔ ལྷུན་གྲུབ་རང་མདངས་འཇའ་ཚོན་བཞིན༔ ཆོས་སྐུ་སྟོང་གསལ་ཤེལ་ལྟ་བུ༔ ལྷུན་གྲུབ་ལོངས་སྐུ་འཇའ་ཚོན་བཞིན༔ མངོན་དུ་གྱུར་པ་སྤྲུལ་པར་ལྟོས༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ༔ རྨ་བྱའི་མདོངས་བསྟན་ལ། དབྱིངས་རང་བྱུང་གི་སྒྲོན་མེའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གོང་འཕེལ་ལྷུན་གྲུབ་ཀྱི་སྣང་བ་ཐབས་འདིས་མཚོན་ཏེ་སྣང་བཞི་ཟད་སར་སྐྱོལ་བར་ཞུ། ཨ༔ ལྟོས་ཤིག་ལྷུན་གྲུབ་སྣང་བར་ལྟོས༔ དཀར་དམར་ཁ་དོག་འཇའ་འོད་བཞིན༔ མ་འགགས་གསལ་སྣང་སོ་སོར་འདྲེས༔ ངོས་བཟུང་འཛིན་པའི་མཐའ་ལས་འདས༔ མཚན་མར་མི་སྤྱོད་སྣང་སྟོང་དུ༔ ལམ་དུ་ཁྱེར་ཅིིག་རིགས་ཀྱི་བུ༔ ཡུལ་སྣང་སྲེས་ཤིག་བདེ་བ་ཆེ༔ དྲིལ་བུ་གསིལ་ལ། ཨཱ༔ ལྟོས་ཤིག་དཔྱོད་ཅིག་སྐལ་པ་ཅན༔ ཤེས་རབ་དྲིལ་བུའི་སྐད་འདི་ཉིད༔ མཁའ་ལས་བྱུང་ངམ་ཀློང་ལས་བྱུང༔ ཡུལ་སྣང་བསྲེ་བའི་དོན་སྨྲོས་ཤིག༔ དྲིལ་བུའི་སྒྲ་ཕྱི་ནང་གང་དུའང་མི་གནས་ཀྱང་རྐྱེན་ལ་བརྟེན་ནས་གྲགས་པ་ལྟར་ཡུལ་སེམས་ཕྱི་ནང་གང་དུའང་མ་ཆད་དེ་རྐྱེན་ལ་བརྟེན་ནས་སྣང་ཡང་རང་བཞིན་མེད་པའི་དོན་ཤེས་པར་གྱིས་ཤིག །ཨེ་མའོ་སྐལ་ལྡན་མ་ཡེངས་ཉོན༔ བརྡ་དང་བརྡས་མཚོན་གོ་བ་ནི༔ དབང་གི་དམ་པ་མཆོག་ཏུ་དབང༔ མཁའ་ཀློང་དབྱེར་མེད་བདེ་ཆེན་ལ༔ རྐྱེན་གྱིས་བསྐུལ་བས་སྒྲ་བྱུང་བཞིན༔ ཆོས་དབྱིངས་རང་བཞིན་མཁའ་ཀློང་ལས༔ རྐྱེན་གྱིས་སྐྱེ་འགག་གནས་སྟོན་པ༔ མ་འགགས་ཆོས་ཉིད་རོལ་པའི་མདངས༔ རང་གྲོལ་དབྱེར་མེད་བདེ་བར་འདྲེས༔ མཁའ་དང་མཁའ་འདྲ་བདེ་བ་ཆེའོ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པས་དེང་ཕྱིན་ཆད་གནད་ཀྱི་དམ་ཚིག་ལྟ་སྒོམ་སྤྱོད་པའི་བརྟུལ་ཞུགས་འདི་དག་ལ་རྟག་ཏུ་གནས་པར་མཛོད་ཅིག །ཨེ་མ་ཧོ༔ ས་མ་ཡ་ནི་ཤེལ་གོང་ལྟར༔ གཞི་ནི་དམ་ཚིག་གཙང་མས་ཟུངས༔ ཏིང་འཛིན་ལུས་དང་གྲིབ་མ་ལྟར༔ ཉམས་སུ་གཡེང་བ་མེད་པས་བླང༔ མན་ངག་གར་ཆང་འཐུང་བ་ལྟར༔ དོན་གྱི་མན་ངག་ཟབ་མོ་སྒྲུབས༔ ལྟ་བ་ནམ་མཁར་མདུང་བསྐོར་བཞིན༔ ཐག་དང་འཕང་ནི་ལྟ་བས་བཅད༔ སྤྱོད་པ་མི་ཤ་ལོན་པ་བཞིན༔ ལ་ནི་སྤྱོད་པས་དོར་བར་བྱ༔ ཟུང་དུ་འབྲེལ་པ་གོལ་ས་མེད༔ ཚིག་ཏུ་རྟོགས་པ་ལ་བརྟེན་ནས༔ སྐུ་གསུམ་དོན་པོ་གཅིག་ཏུ་དྲིལ༔ མཐའ་དྲུག་རྒྱུད་ལ་རྫོགས་པར་གྱིས༔ མཐར་ཐུག་དོན་དམ་ནང་ན་འཆར༔ ནམ་མཁའ་ལ་ནི་ནམ་མཁའ་བཞིན༔ ཐམས་ཅད་སྟོང་པའི་ངང་ལ་གནས༔ ལྟ་བ་ཡེངས་པ་མེད་པར་རྟོགས༔ མངོན་དུ་གྱུར་པ་ཆོས་ཀྱི་སྐུ༔ སྒོམ་པ་ཡེངས་པ་མེད་པ་རུ༔ རང་སར་གྲོལ་བ་ལོངས་སྤྱོད་རྫོགས༔ སྤྱོད་པ་ཡིན་མིན་མེད་པ་རུ༔ འགྲོ་དོན་མཛད་པ་སྤྲུལ་པའི་སྐུ༔ དབྱེར་མེད་ཆོས་ཉིད་དེ་བཞིན་ཉིད༔ མཐའ་བྲལ་ཡོངས་རྫོགས་བདེ་བ་ཆེའོ༔ དེ་ལྟར་ཡང་གསང་སྤྱི་འབྱམས་ལྟ་བའི་རྩལ་དབང་ཐོབ་པས་དབང་བསྐུར་ཡོངས་སུ་རྫོགས། གནས་ལུགས་རྫོགས་པ་ཆེན་པོའི་ལྟ་སྒོམ་ལ་དབང་འབྱོར། གཉིས་སྣང་མཚན་མ་རང་སར་དག །ལམ་དུས་སུ་ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་དབྱེར་མེད་ཀུན་བཟང་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །སློབ་མ་ཐུན་མོང་ལ་འདི་ཡན་ཆད་ཀྱིས་ཆོག བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་ཆོས་བཀའ་གཏད་ཅིང་མངའ་གསོལ་ན། ལྔ་པ་ཐུན་མོང་ཕྲིན་ལས་ལ་མངའ་དབང་བསྒྱུར་བ་ཐུགས་རྗེའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བསྟན་པའི་དཔལ་མགོན་སྟོན་པ་དགོངས༔ ཐེག་པ་ཡོངས་རྫོགས་ཆོས་རྣམས་ལ༔ དབང་སྒྱུར་རྒྱལ་ཚབ་སྟོན་པ་རུ༔ བདག་ལ་མངའ་དབང་བསྩལ་དུ་གསོལ༔ ལན་གསུམ། སློབ་མ་གོ་ས་མཐོ་བ་སོགས་ལ་ཁྲི་ཆས་ཀྱི་མཚོན་པའི་མངའ་གསོལ་ཡོ་བྱད་དངོས་སུ་བཤམ་དགོས་ཀྱང་། སྤྱི་ལ་དམིགས་པས་ཁྱབ་པར་མཛད་པ་ལྟར་ན། ཁྱེད་རང་ཐེག་དགུ་ཡོངས་རྫོགས་མཚོན་པ་རྡོ་རྗེའི་ཁྲི་ལ་དཀྱིལ་འཁོར་གཙོ་བོ་དཔལ་ཆེན་པོའི་ང་རྒྱལ་བརྟན་པོས་འཁོད་པ་ལ་རྡོ་རྗེ་སློབ་དཔོན་དུ་འོས་པའི་ཡོ་བྱད་ཡོངས་སུ་རྫོགས་པས་མངའ་གསོལ་བས། གསང་བ་མཐའ་དག་གི་བདག་པོར་གྱུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་དབང་སྒྱུར་བའི་མོས་པ་མཛོད་ཅིག །བུམ་པ་སོགས་དབང་རྫས་རྣམས་ཚིག་བསྟུན་ལག་ཏུ་གཏད་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པོ་སེམས་ཅན་ཀུན་དོན་བྱེད༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ བསྟན་འགྲོ་སྨིན་པའི་ནུས་རྫོགས་ཤོག༔ འདི་སོགས་བར་མཚམས་ཐམས་ཅད་ལ་ཨཱ་ལི་ཀཱ་ལི་དང་ཡེ་དྷར་བརྗོད། བསྟན་པ་མི་ནུབ་རྒྱལ་མཚན་ནི༔ ནུབ་མེད་ཆོས་ཀྱི་དབྱིངས་ན་མཐོ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཆོས་ཀྱི་གཎྜི་སྒྲ་བོ་ཆེ༔ སྙན་པ་རྒྱལ་བའི་ཞིང་ན་སྒྲོག༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཆོས་དུང་སྙན་པའི་སྒྲ་དབྱངས་ཀྱིས༔ འགྲོ་ཀུན་མྱང་འདས་ཆོས་ལ་བསྐུལ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ རིན་ཆེན་ཀ་བའི་ཕྱག་ཤིང་གིས༔ སྔགས་ཀྱི་བརྡ་དོན་གཉིས་མེད་བསྲེ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་ཡིས༔ གང་འདུལ་འགྲོ་བའི་དཔལ་ལ་རོལ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ རིན་ཆེན་དགང་གཟར་དགང་བླུག་གིས༔ ལས་བཞི་སོ་སོར་ལྷུན་གྱིས་གྲུབ༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ གནམ་ལྕགས་རྡོ་རྗེའི་ཕུར་པ་ཡིས༔ བསྟན་དགྲ་ཕྱེ་མར་བརླག་པར་བྱེད༔ རྒྱལ་ཚབ་སྐལ་ལྡན་སློབ་མར་གཏད༔ ཆོས་ཀྱི་རྒྱལ་སྲིད་མཆོག་ཐོབ་ཤོག༔ སྒྲུབ་ཡིག་ལག་ཏུ་གཏད། ལྕེ་ལ་བདུད་རྩི་བཞག་ལ། ཧཱུྃ༔ ཤེས་རབ་རྣམ་གསུམ་ཡོངས་རྫོགས་པས༔ དྲན་པ་བླ་མེད་ཆོས་སྐུར་སྟོན༔ ཐེག་པ་མཐའ་དག་སྒྲུབ་མཐུ་མངའ༔ ཤེས་རབ་རིག་པའི་མཛོད་ཁ་ཕྱེ༔ ཚངས་པའི་གསུང་དབྱངས་ཀུན་གྱིས་གོ༔ ཆོས་དཀའ་ཐེག་པ་ཡོངས་རྫོགས་པ༔ མ་ལུས་ཀུན་ལ་བཤད་པར་གྱིས༔ རྩ་སྔགས་བརྗོད། དཔལ་གཏོར་སྤྱི་བོར་བཞག་ལ། བདེ་གཤེགས་བཀའ་བརྒྱད་ལྷ་ཚོགས་ཀུན༔ ཕྱི་ནང་གསང་བའི་སྒྲུབ་པའི་རྟེན༔ གཞལ་ཡས་ལྷ་དང་མཆོད་པའི་རྫས༔ ཀུན་འདུས་གཏོར་མའི་དབང་བསྐུར་བས༔ དབང་བཀའ་རྗེས་གནང་ཡོངས་རྫོགས་ཤོག༔ རྩ་སྔགས་བརྗོད། དེ་དག་གིས་སྒྲུབ་ཆེན་བདེ་གཤེགས་ཡོངས་འདུས་ཀྱི་དབང་བཀའ་རྗེས་གནང་ཡོངས་རྫོགས་གདམས་གཏད་མངའ་གསོལ་བཅས་གྲུབ་ནས། མཐའ་རྟེན་ཁྱད་པར་མངོན་སྤྱོད་དམ་ཚིག་གི་དབང་སྦྱིན་པ་ཡིན་པས་ཁྱེད་རང་ཁྲག་འཐུང་ཆེན་པོའི་ང་རྒྱལ་ལྷག་པར་སྐྱེད་འཚལ། བྲུབ་ཁུང་དང་ཉ་བོ་གཏད་ལ། ཧོ༔ ཉོན་ཅིག་སྐལ་ལྡན་དམ་ཚིག་ཅན༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང༔ རྡོ་རྗེེ་སློབ་དཔོན་སྐུ་དགྲ་དང༔ དམ་ལྡན་རྣམས་ལ་འཚེ་བྱེད་དགྲ༔ བཞག་ན་སྔགས་ཀྱི་དམ་ཚིག་ཉམས༔ བསྒྲལ་བའི་ཞིང་བཅུ་སྒྲོལ་ཤིག་རྒྱ༔ བསྒྲལ་པའི་ཡོན་ཏན་བརྒྱ་ལྡན་ཐོབ༔ དགྲ་བགེགས་མཱ་ར་ཡ་ནཱ་ཤ་ཡ་རྦད༔ ཨ་བྷི་ཥིཉྩ་ཧཱུྃ༔ བྲུབ་ཁུང་ཨེ་ལས་བདུད་ཀྱི་བཙོན་ཁང་འཇིགས་སུ་རུང་བའི་ནང་དུ་ལིངྒ་དགྲ་བགེགས་དངོས་སུ་གསལ་བར་གྱུར། ཨེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་འཕྲོས་ཏེ་གནོད་བྱེད་ཐམས་ཅད་བཀུག་བཅིངས་བསྡམས་ཤིང་མྱོས་པར་བྱས་པར་མོས་ཤིག །སྲས་ཕུར་གཏད་ལ། ཧཱུྃ༔ ཕྲིན་ལས་མ་ལུས་འདུས་པའི་རྫས༔ ལྕགས་ཕུར་དྲག་པོའི་ལྷར་གསལ་ནས༔ འདྲིལ་ཞིང་འདེབས་པའི་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མྱུར་འགྲུབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་དཔལ་ཆེན་པོ། ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དམིགས་བྱ་དངོས་སུ་གསལ་བའི་སྙིང་ཁར་བཏབ་པས་ཚེ་བསོད་ཀྱི་དྭངས་མ་ནྲྀ་བཀྲག་ལ་འཚེར་བའི་རྣམ་པས་རང་ལ་ཐིམ། རྣམ་ཤེས་འོད་ཀྱི་ཐིག་ལེ་ཨ་ཡིག་གིས་མཚན་པ་ཀུན་བཟང་ཧེ་རུ་ཀའི་ཐུགས་ཀར་འཕང་། གཟུགས་ཕུང་མཚོན་ཆས་གཏུབས་པའི་ཤ་ཁྲག་བདུད་རྩིར་སྦར་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པར་མོས་ཤིག །ཅེས་བྱས་ལ་ལིངྒ་ལ་ཕུར་པས་གདབ། རལ་གྲིས་གཏུབས་པའི་དུམ་བུ་གཏོར་མ་ལ་བསྟབས་པ་དང་སློབ་མས་རོལ་དུ་གཞུག །སྐབས་འདིར་སྤྲོ་ན་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་སྐུར་ཚིག་སྤྱི་འགྲོ་ལྟར་བསྐུར། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གི་ཤིས་པ་བརྗོད་ཅིང་དགེ་ལེགས་ཀ་མ་ལའི་ཆར་ཆེན་པོ་བསྙིལ་པས་དབང་གི་བྱིན་རླབས་གོང་དུ་འཕེལ་ཞིང་ཉམས་མེད་བརྟན་པར་བྱས་པའི་མོས་པ་མཛོད། མེ་ཏོག་འཐོར་ལ་ཡེ་དྷར་དང་ཤིས་བརྗོད་ཅི་རིགས་བྱ། དེ་ལྟར་ཡང་། གསང་བའི་བདག་པོས་ཆོས་སྒོ་ཐམས་ཅད་ལ་དབང་བསྐུར་པ་ལྟར༔ ཆོས་བཀའ་ཡོངས་རྫོགས་ཀྱི་བདག་པོ་དང༔ ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་པའི་ནུས་པ་འཇུག་པ་ཡིན་ནོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་དག་རྣམས་ཀྱིས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས་ཀྱི་དཀྱིལ་འཁོར་དུ་དོན་དབང་སྙིང་པོ་ཐིག་ལེའི་ཡང་ཞུན་མཐའ་རྟེན་དང་བཅས་ལེགས་པར་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་སོགས་ལས་བྱང་ལྟར་ལ། རྗེས་ཆོག་སྐབས་མཆོད་བསྟོད་མདོར་བསྡུས། ནོངས་བཤགས་བཟོད་གསོལ། རས་བྲིས་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་སོགས་སྐབས་ཕྱེད་པར་བྱའོ། །འཕགས་བོད་རིག་འཛིན་བྱེ་བའི་སྲོག་གི་ཟུངས། །གྲུབ་པ་གཉིས་འདུས་ལྷག་པའི་ལྷའི་དཀྱིལ་འཁོར། །ཀུན་གྱི་བཅུད་ཕྱུང་རིམ་གཉིས་ལས་སྦྱོར་བཅས། །ཟབ་འདྲིལ་སྙིང་གི་ནོར་འདི་བསྟེན་པར་འོས། །ཚོམ་བུ་དགུ་ཡི་ཕྱག་རྒྱ་འགྲུབ། །ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས། །འགྲོ་ཀུན་དཀྱིལ་འཁོར་འདིར་བཅུག་ནས། །མཆོག་གི་གོ་འཕང་ལ་སྦྱོར་ཤོག །ཅེས་བརྒྱུད་ལྡན་དམ་པའི་ཕྱག་བཞེས་དང་གཏེར་གཞུང་རྩ་བའི་དགོངས་པ་མ་འཁྲུལ་བར་ཕྱག་ལེན་གསལ་བྱེད་དུ། སངས་རྒྱས་གཉིས་པ་པདྨའི་རིང་ལུགས་དད་པའི་སྙིང་ལ་བཅངས་པ་པདྨ་གར་དབང་ངམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་ཆེན་པོའི་གནས་མཆོག་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།

བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་ཀྱི་སྙིང་པོ་ (Volume 16, Text 5)

༁ྃ༔ ༔བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་བཀའ་བརྒྱད་ཡོངས་འདུས་ཀྱི་ཁྲིད་ཡིག་ཁྲིགས་སུ་བསྡེབས་པའོ།། ྈྈྈྈྈྈ དཔལ་ཧེེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་ཡེ་ཤེས་འོད་གསལ་རྡོ་རྗེའི་ཞིང༔ ཟབ་ཞི་སྤྲོས་དང་བྲལ་བའི་བདག་ཉིད་ཀྱི༔ གོ་འཕང་དམ་པ་མངོན་དུ་བྱ་བའི་ཕྱིར༔ ཀུན་གྱི་གཞི་མ་་་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས་འོད་གསལ་རྡོ་རྗེའི་ཆིངས་ལས་སོ། །མཆན། ཆོས་ཉིད་ཁ་བསྒྱུར་རོ༔ ས་མ་ཡ༔ ཆོས་ཉིད་མཉམ་པའི་གཞི་ཉིད་ལས༔ ཀུན་བཟང་རྟོགས་པས་རྒྱུད་གྲོལ་ནས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ རྒྱལ་བ་ཀུན་གྱི་མེས་གྱུར་ཏེ༔ བསྟན་པ་གནས་དུས་བསྟན་སྐལ་བྱུང༔ བསྟན་པ་རིན་ཆེན་སྙིང་པོ་ལས༔ ཀུན་ཏུ་བཟང་པོ་ང་ཡི་སེམས༔ སུ་ཡིས་རིག་ཅིང་རྟོགས་པ་དེ༔ སངས་རྒྱས་སྟོང་དང་སྐལ་པ་མཉམ༔ དེ་ཡང་བདེ་གཤེགས་ཡོངས་འདུས་ཡིན༔ ཞེས་པའི་དོན་ལ་མངོན་གྱུར་ཕྱིར༔ སློབ་དཔོན་ཇི་ལྟ་བུ་ཡིས་ནི༔ སློབ་མ་ཇི་ལྟ་བུ་ཞིག་ལ༔དུས་དང་གནས་ནི་ཇི་ལྟ་བུ༔ གྲོགས་དང་རྫས་ཀྱི་ཁྱད་པར་དང༔ གདམས་པ་ཇི་ལྟར་བསྟན་པར་བྱ༔ བདུན་གྱི་སྒོ་ནས་ཡང་དག་བསྟན༔ དང་པོ་དད་བརྩོན་ཤེས་རབ་ཅན༔ ཐེག་པ་ཀུན་ལ་མཁས་པ་དང༔ ཁྱད་པར་ཐེག་ཆེན་ལ་མཁས་པ༔ བྱང་སེམས་སྙིང་རྗེ་སྒྲུབ་རྩོལ་ཅན༔ རྒྱུད་འཇམ་བློ་ཡངས་གཏོང་ཕོད་ཅན༔ མཚན་ཉིད་ལྡན་པའི་བླ་མ་ཡིས༔ དབང་བསྐུར་བྱས་ན་གཉིས་ཀ་གྲོལ༔ དེ་ལས་ལོག་པ་སྤང་བར་བྱ༔ གཉིས་པ་སློབ་བུ་དད་གུས་དང༔ ཕུ་དུད་སྲི་ཞུ་ཆེ་བ་དང༔ འཁོར་བར་ཞེན་པ་ལོག་པ་དང༔ ངེས་འབྱུང་སྒྲུབ་ལ་བརྩོན་པ་དང༔ བླ་མ་སངས་རྒྱས་མཐོང་བ་ཡི༔ དག་སྣང་མོས་གུས་ཆེ་བར་བསྟན༔ དེ་ལས་ལོག་པར་མ་ཡིན་ནོ༔ དུས་ནི་དབྱར་མ་སྟོན་དང་ནི༔ དཔྱིད་ཆུང་དགུན་དང་ཟེར་གཉིས་མཆོག༔ དུས་གསུམ་འདུ་འབྲལ་མེད་པ་ཡི༔ ཡེངས་མེད་བརྩོན་པ་དུས་ཡིན་ནོ༔ གནས་ནི་ཤར་གྱི་མདངས་འཕྲོག་ཅིག༔ ཉི་མ་སྔ་ཞིང་ནུབ་ཟེར་སྡུད༔ དགྲ་རྐུན་འཚེ་བ་དང་བྲལ་ཞིང༔ རྒྱལ་བས་ཞབས་བཅགས་དབེན་གནས་པ༔ ཡིད་དང་མཐུན་པ་མཆོག་ཏུ་གཅེས༔ གྲོགས་ནི་དུག་ལྔ་ཤས་ཆུང་བའི༔ ངང་རྒྱུད་རིང་ཞིང་ཁོག་ཡངས་པའི༔ བློ་བརྟན་ཞི་དུལ་གཞུང་བཟང་ཞིང༔ ཡིད་དང་མཐུན་པའི་གྲོགས་དང་འགྲོགས༔ རྫས་ནི་ཉམས་ལེན་ཞོར་སྤྱད་ཙམ༔ འཚོ་བ་མཆོད་རྫས་སྒྲུབ་པའི་ཆས༔ འབྱོར་ཚད་བསྟེན་པའི་ཆོག་ཤེས་བཅས༔ མེ་ཏོག་དབང་ཡོན་མཆོག་ཏུ་བསྔགས༔ གདམས་པ་ཇི་ལྟར་བསྟན་ཚུལ་ནི༔ རྒྱུད་པའི་ལོ་རྒྱུས་བཤད་པ་དང༔ དེ་ལས་བྱུང་བའི་གདམས་པ་འོ༔ དང་པོ་ཀུན་བཟང་རྡོ་རྗེ་འཆང༔ མ་རྟོགས་རུ་ཏྲ་བསྒྲལ་བའི་ཕྱིར༔ ཆེ་མཆོག་ཧེ་རུ་ཀར་གྱུར་ནས༔ རྒྱུད་སྡེ་ཐ་དད་གསུངས་པ་ཀུན༔ རྡོ་རྗེ་ཆོས་ཀྱིས་བསྡུས་ནས་ནི༔ རང་བྱུང་མཆོད་རྟེན་དཀྱིལ་འཁོར་གྱི༔ གསང་བ་སྙིང་པོའི་གཏེར་དུ་གྱུར༔ དེ་ནས་རྒྱ་གར་གྲུབ་ཆེན་རྣམས༔ སོ་སོའི་གནས་སུ་བསྒྲུབས་པ་ཡིས༔ གྲུབ་པའི་ཡི་དམ་ཐུགས་རྗེའི་བཅུད༔ དངོས་གྲུབ་སྐལ་བ་ལེན་ཕྱིར་དུ༔ རང་རང་རྟགས་བཞིན་ལྷགས་པ་ན༔ བདེ་བྱེད་བརྩེགས་པའི་མཆོད་རྟེན་གྱི༔ ཕྱོགས་མཚམས་བརྒྱད་དུ་དུས་གཅིག་འདུས༔ དེ་ནས་དོན་གཉིས་དངོས་གྲུབ་ཀྱི༔ རྒྱུད་བསྐུལ་བདེན་པ་བདར་བའི་ཚེ༔ བདེ་བྱེད་བརྩེགས་པའི་མཆོད་རྟེན་ནས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ དཔལ་དགུའི་གཏེར་གྱི་སྒྲོམ་བུ་དགུ༔ གྲུབ་ཆེན་ཀུན་ལ་སོ་སོར་སྤྲད༔ དེ་ཚེ་པདྨ་ཧེ་རུ་ཀར༔ བདེ་གཤེགས་འདུས་པའི་བཀའ་བབས་པས༔ བདེ་གཤེགས་འདུས་པ་ལ་སོགས་པའི༔ བཀའ་བསྟན་མན་ངག་ཀློང་དུ་ཆུད༔ གཡའ་རི་གངས་སུ་སྒྲུབ་པ་མཛད༔ འཛམ་གླིང་བར་ཆད་ཞི་བར་བྱས༔ དེ་ནས་གཟིགས་པ་རྣམ་པ་བཞིས༔ ཁྲི་སྲོང་ལྡེའུ་བཙན་གདུལ་བྱར་གཟིགས༔ སངས་རྒྱས་བསྟན་པའི་རྨིང་དང་ནི༔ སེམས་ཅན་བསོད་ནམས་དོན་ཆེད་དུ༔ བོད་ཀྱི་ལྷ་འདྲེ་བཏུལ་བར་གཟིགས༔ ཐུགས་རྗེ་མངའ་བདག་ལ་ཕོག་པས༔ གདན་དྲངས་དཔལ་གྱི་བསམ་ཡས་བཞེངས༔ བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས༔ མེ་ཏོག་གང་ལ་ཕོག་པ་ཡི༔ སོ་སོའི་ལྷ་རྒྱུད་སྒྲུབ་ཐབས་བཤད༔ གནུབས་བན་ནམ་མཁའི་སྙིང་པོ་ལ༔ ཡང་དག་རྒྱུད་དང་སྒྲུབ་ཐབས་བཤད༔ ཉི་ཟླ་གདན་དུ་བཏིང་བར་བྱས༔ བན་དེ་སངས་རྒྱས་ཡེ་ཤེས་ལ༔ གཤིན་རྗེའི་རྒྱུད་དང་སྒྲུབ་ཐབས་བཤད༔ བྲག་ལ་ཕུར་པ་ཐེབས་པར་བྱས༔ ངན་ལམ་རྒྱལ་བ་མཆོག་དབྱངས་ལ༔ རྟ་མགྲིན་རྒྱུད་དང་སྒྲུབ་ཐབས་བཤད༔ རྟ་སྐད་སྤྱི་བོར་ཐོན་པར་བྱས༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་ལ༔ ཕུར་པའི་རྒྱུད་དང་སྒྲུབས་ཐབས་བཤད༔ མི་རོ་གསེར་བསྒྱུར་ནུས་པར་བྱས༔ འབྲོག་མི་དཔལ་གྱི་ཡེ་ཤེས་ལ༔ མ་མོའི་རྒྱུད་དང་སྒྲུབ་ཐབས་བཤད༔ མ་མོ་མངོན་དུ་འཁོལ་བར་བྱས༔ དཔལ་གྱི་སེང་གེ་ཕྱི་མ་ལ༔ མཆོད་བསྟོད་རྒྱུད་དང་སྒྲུབ་ཐབས་བཤད། ལྷ་སྲིན་བྲན་དུ་འཁོལ་བར་བྱས༔ པ་གོར་བཻ་རོ་ཙ་ན་ལ༔ དྲག་སྔགས་རྒྱུད་དང་སྒྲུབ་ཐབས་བཤད༔ དྲག་སྔགས་དམོད་པས་བསྒྲལ་བར་བྱས༔ ཚངས་པ་ལྷ་ཡི་མེ་ཏོག་ལ༔ ཆེ་མཆོག་རྒྱུད་དང་སྒྲུབ་ཐབས་བཤད༔ ཏིང་འཛིན་གཡོ་བ་མེད་པར་བྱས༔ དེ་ཚེ་ལང་གྲོ་ལོ་ཙཱ་བ༔ དད་པའི་ཡུས་ཀྱིས་མ་བཟོད་ནས༔ བཀའ་བབས་བརྒྱད་ལ་སྨན་པ་བཞིན༔ ཐེག་ཆེན་ཆོས་ལ་དད་པ་ནི༔ ཐེག་ཆེན་ཐུགས་རྗེའི་ཡེ་ཤེས་མཚོན༔ སྙིང་ལ་ཕོག་པ་བཞིན་དུ་བརྒྱལ༔ བརྒྱལ་ཞིང་ས་ལ་འགྱེལ་བ་ན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དེ་ཉིད་གདུལ་བྱར་གཟིགས་ནས་ནི༔ བདེ་གཤེགས་ཡོངས་འདུས་བཀའ་དང་ལུང༔ ལང་གྲོ་ལོ་ཙཱ་བ་ལ་གཏད༔ སྐུ་ཡི་བྱིན་རླབས་ལུས་ལ་ཕོག༔ རྒྱལ་བའི་བཀའ་རྣམས་འབྱེད་པར་བྱས༔ གསུང་གི་བྱིན་རླབས་ངག་ལ་ཕོག༔ མི་བརྗེད་གཟུངས་དང་ལྡན་པར་བྱས༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཕོག༔ ཤེས་བྱ་ཐོགས་པ་མེད་པར་བྱས༔ ཡོན་ཏན་ཕྲིན་ལས་བྱིན་རླབས་ཀྱིས༔ དུས་ཚིག་ཕྱི་མར་གྱུར་པ་ན༔ འགྲོ་བའི་དོན་དུ་སྤྲུལ་པའི་གར༔ མཐའ་ནས་མཐའ་རུ་འབྱུང་བར་བྱས༔ དེ་ལས་བྱུང་བའི་གདམས་པ་ལ༔ སྨིན་པར་བྱེད་པའི་དབང་བསྐུར་དང༔ གྲོལ་བར་བྱེད་པའི་གདམས་པ་འོ༔ དང་པོ་དབང་བསྐུར་ཚུལ་བཞིན་གྱི༔ དབང་དོན་བསྒོམ་རིམ་དམ་ཚིག་བཅས༔ རྟེན་འབྲེལ་ཡན་ལག་ཀུན་ཚང་བ༔ ཕུང་ཁམས་སྨིན་པའི་ས་བོན་བཞག༔ གྲོལ་བར་བྱེད་པའི་རིམ་གཉིས་ལ༔ བསྐྱེད་པ་ཡི་ནི་རིམ་པ་དང༔ རྫོགས་པ་ཡི་ནི་རིམ་ཉིད་དོ༔ བསྐྱེད་རིམ་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ྈྈྈྈྈྈྈ བཀའ་བརྒྱད་དྲག་པོ་བདེ་གཤེགས་ཡོངས་འདུས་ལས༔ ལམ་འབྲས་བུ་དང་བཅས་པའི་གདམས་པ་གསང་ཆེན་ཡེ་ཤེས་སྙིང་པོ་ནི༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལམ་དང་འབྲས་བུ་ཐམས་ཅད་དབང་བཞིའི་ལམ་དང་འབྲས་བུར་འདུ་བ་ལས༔ དེ་ལ་དབང་དང་པོ་བུམ་པའི་དབང་དེའི་ལམ་རྒྱ་ཆེ་བ་ཟབ་མོའི་བསྐྱེད་རིམ༔ ལྟ་བ་ངོ་བོ་ཉིད་གསུམ༔ གྲུབ་མཐའ་འཁོར་འདས་དབྱེར་མེད༔ འདའ་ཀ་མ་འོད་ཀྱི་གོང་བུ་སྒྲས་འཕོ་བའོ༔ འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའོ༔ ས་མ་ཡ༔ དེའང་དབང་གིས་སྨིན་པར་གྱུར་པས་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ལམ་དང་པོ་ཐུན་མོང་ཕྱིའི་བསྐྱེད་པའི་རིམ་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མ་གྲུབ་པ༔ བདག་དམ་ཚིག་སེམས་དཔའ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ༔ ཐུགས་སྲོག་ཏིང་འཛིན་སེམས་དཔའ་སྟེ་སེམས་དཔའ་གསུམ་གྱི་ངོ་བོར་བསྒྲུབ་ཅིང་སྙིང་པོ་ཡེ་ཤེས་རྫོགས་པའི་རིམ་པས་རྒྱས་ཐེབས་པར་བྱ༔ སྣང་ལ་རང་བཞིན་མ་གྲུབ་པའི་སྟོང་པ༔ གསལ་ལ་འཛིན་པ་མེད་པའི་རང་མདངས༔ རླུང་སེམས་དབྱེར་མེད་པའི་ཡེ་ཤེས་ཀྱི་རོལ་པ་གསལ་བ༔ བརྟན་པ༔ ཚད་དུ་ཕྱིན་པ་ལ་བསླབ་པར་བྱའོ༔ ས་མ་ཡ༔ བདེ་གཤེགས་ཡོངས་འདུས་གསང་བའི་ལམ་བཟང་འདི༔་་་་ལམ་མངོན་དུ་གསལ་བ་ཐུན་མོང་ལས་ཀྱི་ལམ་མོ། །མཆན། ཐོས་བསམ་སྒོམ་པའི་བཅུད་ལོངས་རྗེས་འཇུག་རྣམས༔ དལ་འབྱོར་རིན་ཆེན་ཤིན་ཏུ་རྙེད་དཀའ་ཞིང༔ ལམ་སྟོན་མཚན་ལྡན་བླ་མ་མཇལ་བ་དཀའ༔ ཐེག་ཆེན་གསང་སྔགས་ཆོས་དང་མཇལ་དཀའ་བས༔ ཐོབ་དཀའི་དོན་གྱི་འབྲས་བུ་མངོན་གྱུར་མཛོད༔ མྱུར་དུ་མ་བརྩོན་ནམ་འཆི་ཆ་མེད་ཅིང༔ འཆི་དུས་རང་རིག་གར་འཁྱམས་ཆ་མེད་ཀྱིས༔ དགེ་སྤྱོད་མཐོ་རིས་སྡིག་སྤྱོད་ངན་སོང་གི༔ ལམ་གྱི་བྱེ་བྲག་ཕྱེས་ཏེ་ཐར་ལམ་སྙོགས༔ སྡིག་སྒྲིབ་ངན་སོང་གཡང་སར་མ་འགྲོ་བར༔ གཏན་བདེའི་མཆོག་གསུམ་ལྷ་ལ་སྐྱབས་སུ་སོང༔ གསང་སྔགས་ལམ་གྱི་འཇུག་པ་མཐར་ཐུག་ནི༔ སྨོན་འཇུག་བདག་བས་གཞན་གཅེས་སྙིང་རྗེ་གཅེས༔ ལམ་གྱི་ཚོགས་གསག་སྒྲིབ་པ་སྦྱོང་བའི་ཐབས༔ བསོད་ནམས་ཚོགས་ཡུལ་བླ་མ་ལྷ་ལ་སྟེ༔ འབྲས་བུ་ཡེ་ཤེས་ལྷ་ཡི་ལྷར་གྱུར་ཏེ༔ སྦྱོང་གཞི་ཉོན་མོངས་སྦྱོང་བྱེད་སེམས་དཔའི་ཁྲུས༔ མཚན་ལྡན་བླ་མའི་ཐུགས་རྗེའི་བུམ་པ་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་འཇུག་པ་ཞུས༔ བུམ་པ་ལྷ་དབང་གསང་བ་ལས་བྱུང་བ༔ ཤེས་རབ་ལས་བྱུང་ཚིག་དང་རིག་རྩལ་གྱིས༔ ཕུང་ཁམས་བཅུད་ཀྱི་རྟོག་པའི་རྒྱུད་སྦྱངས་ཤིང༔ བསྐྱེད་རིམ་ལྷ་ཡི་རྫོགས་རིམ་སྨིན་པར་བྱ༔ སྨིན་གྲོལ་དབྱེར་མེད་ཟུང་འཇུག་ནུས་པས་བསྲེ༔ ལྟ་བས་རྩལ་འབྱིན་སྒོམ་པས་བོགས་འདོན་ཅིང༔ སྤྱོད་པས་ཆུན་བཅིངས་འབྲས་བུ་མངོན་དུ་བྱ༔ རང་དོན་འགྲུབ་ནས་གཞན་དོན་མི་གཡེལ་ཞིང༔ སྟོང་ཉིད་སྙིང་རྗེ་ཆེན་པོ་ལམ་དུ་ཁྱེར༔ དལ་འབྱོར་རིན་ཆེན་དོན་ལྡན་རྒྱལ་བའི་ལུས༔ རྒྱལ་བའི་དགོངས་པ་རྨད་བྱུང་དབྱེར་མེད་ཀྱིས༔ ཕོ་བྲང་རིགས་ལྔ་འབྱུང་བ་ཡུམ་ལྔའི་རྟེན༔ རྩ་ཁམས་དཔའ་བོ་དཔའ་མོའི་རང་བཞིན་ལ༔ ཐབས་མང་དཀའ་བ་མེད་པའི་བཅུད་བསྡུས་ཤིང༔ ཕོ་བྲང་ལུས་ཀྱི་དཀྱིལ་འཁོར་ལྷ་བསྒྲུབ་ཅིང༔ ཀ་དག་ཆོས་སྐུའི་དགོངས་པ་ངོ་བོ་ཉིད༔ ཕུང་པོ་འབྱུང་ལྔ་རིགས་ལྔ་མངོན་གྱུར་དུ༔ རྩ་ཁམས་དཔའ་བོ་མཁའ་འགྲོའི་ཕྲིན་ལས་བཅས༔ ལྷ་སྔགས་ཏིང་འཛིན་སྤྱོད་ལམ་ཆུན་གྱིས་གཅུན༔ བཞི་པ་རིགས་འདུས་རྡོ་རྗེ་དབྱིངས་ཀྱི་གཙོ༔ ཁྲོ་བོ་ཆེ་བཙན་ཆེ་མཆོག་ཧེ་རུ་ཀ༔ ཞི་རྒྱས་དབང་དྲག་ཁྲོ་རྒྱལ་སྟོབས་འདུས་པའི༔ ནུས་རྩལ་བཅུ་འདུས་འབྲེལ་བའི་དོན་ལྡན་གྱིས༔ ཚེ་འདིར་དགྲ་བགེགས་མི་མཐུན་ཀུན་ཞི་ནས༔ ཕྱི་མ་ལྷུན་གྲུབ་རྣམ་སྨིན་ཚེ་དབང་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་གྱུར་ནས༔ རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་ཡིས༔ འཁོར་བ་དོང་སྤྲུགས་དཔལ་འདིས་མངོན་དུ་གྱུར༔ བདེ་གཤེགས་ཐམས་ཅད་འདུས་པའི་ཡེ་ཤེས་བཅུད༔ ཞི་བ་ཁྲོ་བོ་གང་འདུལ་རིག་སྔགས་བཅུད༔ བསྐྱེད་བཟླས་ཏིང་འཛིན་ཡེ་ཤེས་བདུད་རྩི་འདི༔ ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ལོངས་སྤྱོད་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱད་པར་ཟབ་མོ་ནང་གི་བསྐྱེད་རིམ་ལུས་དཀྱིལ་ལྷའི་ཕོ་བྲང་རང་བཞིན་ལྷུན་གྲུབ་ཏུ་བསྒོམ་པར་བྱ་བ་ནི༔ རང་གསལ་ཆེ་མཆོག་ཞལ་ཕྱག་ཡོངས་རྫོགས༔ སྐུ་ཆེ་ལ་ཡན་ལག་རགས་པ༔ གར་གྱི་རྣམ་འགྱུར་དགུ་དང་ལྡན་པ༔ ཁྲོ་བོའི་ཚུལ་དང་ཆ་བྱད་འབར་བ༔ ཡུམ་གནམ་ཞལ་གྱི་བདེ་བ་ཡོངས་སུ་རྒྱས་པའི་སྐུ་ཅན༔ སྣང་སྟོང་ཆུ་ཟླ་ལྟ་བུའི་ལུས་ཀྱི་དབུས་སུ་རྩ་གསུམ༔ འཁོར་ལོ་ལྔ༔ ཡན་ལག་གི་འཁོར་ལོ་དང་བཅས་པ་དྭངས་ཤིང་ཐོགས་པ་མེད་པའི་ཚུལ་དུ་ནན་ཏན་བསླབ༔ གསལ་བར་གྱུར་པ་ན་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་ཡི་གེ་ཨོཾ༔ དེ་ལས་བྱུང་བའི་དཔལ་ཆེན་གཤིན་རྗེ་གཤེད་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ མགྲིན་པའི་ཨཱཿདབང་ཆེན་རྟ་མགྲིན་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ སྙིང་ཁའི་ཧཱུྃ་ཁྲག་འཐུང་ཡང་དག་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ ལྟེ་བའི་ཨ་བཅོམ་ལྡན་ཕུར་པ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ གསང་བའི་བྷྱོཿམངོན་རྫོགས་མ་མོ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ སྤྱི་གཙུག་གསེར་རྩའི་སྒོ་ཧྲཱིཿབླ་མ་རིག་འཛིན་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ བརླ་གཡས་ཐབས་ཀྱི་ཧཱུྃ་གསང་བདག་དྲེགས་འདུལ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ བརླ་གཡོན་ཤེས་རབ་ཧཱུྃ་དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ་ཡུམ་འཁོར་ཚོམ་བུ་དང་བཅས་པ༔ ཕྲག་གོང་གཡས་གཡོན་བསྐྱོད་པའི་ཁྲོཾ་དམར་ནག་ཁྱུང་ཁྲ་ཐབས་སུ་འཕྲོ་བ༔ གཞན་ཡང་ལུས་རྩའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་ལམ་མེ༔ རྩ་ཡི་གེའི་དཀྱིལ་འཁོར་ལྷའི་སྐུ་ཤིགས་སེ༔ ཁམས་བདུད་རྩིའི་དཀྱིལ་འཁོར་བདེ་བའི་ཐུགས་སུ་ལྷན་ནེ༔ སྙིང་པོ་རླུང་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རིག་སྟོང་དུ་ལྷང་ངེར་བསྒོམ་ནས་ཐུན་བཞི་ཐུན་དྲུག་ཏུ་རྡོ་རྗེའི་ཆིངས་ལས་མ་གཡོས་པར་ཕུང་ཁམས་སྐྱེ་མཆེད་ཕྲ་རགས་ཐམས་ཅད་ལྷ་སྐུར་འཆར་བ་དང༔ སྔགས་སུ་ཤེས་པ་དང༔ ཡེ་ཤེས་སུ་ཐེབས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྫོགས་པའི་རིམ་པ་གསུམ་ལ་བསླབ་སྟེ༔ ལུས་རྩའི་སྟོང་ར་འོད་ཀྱི་རང་བཞིན་ཤིན་ཏུ་གསལ༔ ངག་རླུང་གི་སྟོང་ར་འགྲོ་འོང་གནས་གསུམ་དང་སེམས་བསྲེ༔ ཡིད་ཏིང་ངེ་འཛིན་གྱི་སྟོང་ར་ལྷ་སྐུ་སྣང་སྟོང་བདེ་བ་ཆེན་པོར་རྒྱས་གདབ་ལམ་དུ་ཁྱེར༔ རྩ་སྦྱོང་བའང་ཤིན་ཏུ་གཅེས་ཤིང༔ ལུས་འཁྲུལ་འཁོར་ཡང་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་གསང་བའི་དབང་གི་ཉམས་ལེན༔ བདག་བྱིན་བརླབ་པའི་ལམ༔ ལྟ་བ་རང་བྱུང་ཡེ་ཤེས༔ གྲུབ་མཐའ་མ་འདྲེས་ཡོངས་རྫོགས༔ འདའ་ཀ་འོད་གསལ་གྱི་གདམས་ངག༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་རང་བཞིན་ལམ་དུ་ཁྱེར་བའོ༔ དེ་ལ་ལུས་དང༔ རྩ་དང༔ རླུང་ལམ་འབྱོངས་པས༔ ལམ་གཉིས་པ་རྫོགས་རིམ་ལ་དང་པོ་རླུང་གི་རྣལ་འབྱོར་ལ་ནན་ཏན་ཏུ་བྱའོ༔ ལུས་ཀྱི་ཆུན་ལེགས་པར་བཙལ༔ རླུང་ཕྱིར་འགྲོ་བའི་སྐབས་གཡས་རོ་མ་མེའི་རང་བཞིན་དམར་པོ་ནས་ཕྱིར་སོང༔ ནང་དུ་འཇུག་པ་གཡོན་རྐྱང་མ་ཆུའི་རང་བཞིན་དཀར་པོ་ནས་བྱུང༔ རླུང་ནང་དུ་གནས་དུས་དབུ་མ་ལ་ཆོས་བཞི་ལྡན་ནང་དུ་བགང༔ དེའང་པདྨའི་སྣལ་མ་ལྟར་ཕྲ་བ༔ ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ ཏིལ་གྱི་མར་མེ་ལྟར་གསལ་བ༔ རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བའོ༔ དེ་ལྟར་དམིགས་བཅས་དམིགས་མེད་བསྲེས་ལ་ཉམས་སུ་བླང་ངོ༔ ས་མ་ཡ༔ དེ་ནས་གཏུམ་མོའི་རྣལ་འབྱོར་ལམ་དུ་བྱ་བ་ལ་དགུ་ལས༔ དམིགས་ཐུན་དང་པོ་ནི༔ དེ་ལྟར་གསལ་བཞིན་དུ་ལྟེ་བའི་འོག་སོར་བཞི་ན་ཀྵཿཡིག་དམར་ནག་མགོ་ཐུར་དུ་བལྟ་བ་གསལ༔ ལྟེ་བར་ཨཾ་ཁ་དོག་དམར་སྐྱ་གསལ༔ དེ་ནས་རླུང་མེ་མ་དང་གཉིད་མ་རྩེ་སྤྲད་པས་གསུམ་མདོར་མེ་འབར༔ ཀྵཿཡིག་ཆེར་འབར༔ མེ་ཨཾ་ལ་ཕོག་པས༔ ཨཾ་ལས་བདུད་རྩིའི་རྒྱུན་ཆ་ཕྲ་བ་བབས་པས་ཀྵཿའི་མེ་གཡོས༔ འབར་འཛག་ལ་དམིགས་ཤིང་རླུང་ཁ་སྦྱར༔ ལམ་སྦྱངས༔ ལྟ་བ་བསྐྱང༔ དྲོད་བྱུང་རྒྱལ་དུ་བཏང༔ ས་མ་ཡ༔ དམིགས་ཐུན་གཉིས་པ༔ རླུང་གིས་མེ་གཡོས་སྤྱི་བོའི་ཧཾ་གི་བྱང་ཆུབ་སེམས་ཀྱི་བདུད་རྩི་བསྐུལ༔ འབར་འཛག་གི་ཡེ་ཤེས་འདྲེས་ཏེ་གཅིག་ཏུ་གྱུར༔ དམིགས་པ་མེད་པར་བསྲེ༔ ས་མ་ཡ༔ དམིགས་ཐུན་གསུམ་པ༔ དབུ་མ་ཁ་དོག་དམར་པོ་རོ་རྐྱང་གཉིས་ཁ་དོག་དཀར་པོར་གསལ་བཏབ༔ འོག་རླུང་དང་ལྷན་ཅིག་ཏུ་མེ་སྦར་ཞིང༔ སྟེང་རླུང་དང་ལྷན་ཅིག་ཏུ་བྱང་སེམས་འཛག་པ་གཉིས་མེད་རོ་གཅིག་གིས་དམིགས་པ་མེད་པར་བསྐྱང༔ ས་མ་ཡ༔ དམིགས་ཐུན་བཞི་པ་འཁོར་ལོ་ལ་བརྟེན་པ་ལ༔ དང་པོ་ལྟེ་བའི་ཕྱི་སྐོར་རྩ་འདབ་དྲུག་ཅུ་རེ་བཞི་སྟོང་གསལ་དུ་རང་བཞིན་གྱིས་གསལ་ཞིང༔ ནང་སྐོར་རྩ་འདབ་བརྒྱད་ལ༔ ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་དམར་པོར་གསལ་བ་རང་མདངས་དང་བཅས་པ་གསལ༔ ལྟེ་བར་ཨཾ་གསལ༔ གསུམ་མདོར་མེ་སྦར༔ རླུང་ཁ་སྦྱར་བས་ལྟེ་བའི་ཨཾ་ལ་ཕོག༔ ཨཾ་ལས་མེ་ཁ་དོག་དམར་བ་རེག་བྱ་ཚ་བ་སྦར་རོ༔ ས་མ་ཡ༔ དམིགས་ཐུན་ལྔ་པ༔ འཁོར་ལོ་གཉིས་བསྒོམ་པའི་སྙིང་ཁའི་ཕྱི་འཁོར་ལོ་གཉིས་ནང་སྐོར་བཅས་སྟོང་གསལ༔ ལྟེ་བར་ཧཱུྃ་སྔོ་སྐྱ་མགོ་བོ་ཐུར་དུ་འཕྱང་བ་ཨཾ་དང་བཅས་གསལ༔ ཨཾ་ལས་མེ་ཆ་ཕྲ་བ་འབར་ཧཱུྃ་གིས་བྱང་སེམས་དཀར་པོ་བསྐུལ༔ འབར་འཛག་དཀར་དམར་དང་མེ་ཁ་སྦྱར༔ ལྟ་བ་བསྐྱང༔ ས་མ་ཡ༔ དེ་ལ་སྣང་རྟགས་ལྔ་ནི༔ གཡས་ཐབས་ཀྱི་དབང་སྟེ༔ དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར༔ མར་མེ་མཁའ་སྣང་ལྟ་བུའོ༔ གཡོན་ཤེས་རབ་ཀྱིས་བསྡུས་པར༔ མུན་ནག༔ གཞའ་ཚོན༔ གློག༔ ཟླ་བའི་འོད་ཟེར༔ ཉི་མ་ལྟ་བུའོ༔ རྨི་ལམ་གྱི་མཐོང་སྣང་ཅི་རིགས་པ་དང༔ ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ༔ ས་མ་ཡ༔ དམིགས་ཐུན་དྲུག་པ༔ འཁོར་ལོ་གསུམ་པ་གསལ་བ་ནི༔ སྔགས་ཀྱི་འཁོར་ལོ་གཉིས་ཀྱང་གསལ་བ་ཙམ་གྱིས་ལྟེ་བའི་ཕྱི་འཁོར་རེ་བཞི་ལ༔ ཨཱ་ལི་ཕྲག་གཉིས་གཡོན་སྐོར་དང༔ ཀཱ་ལི་ཕྲག་གཉིས་ལྷག་པར་གཡས་སྐོར་དང༔ ནང་སྐོར་བརྒྱད་ལ་སྔ་མ་ལྟར་ཡི་གེ་བརྒྱད༔ ཡི་གེ་ཐམས་ཅད་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བ༔ སྙིང་ཁར་རྩ་འདབ་བརྒྱད་ལ་བྷྲཱུྃ་ཧཱུྃ་ཟུང་བཞི་ཡིག་འབྲུ་ཁ་དོག་ནག་པོ་མགོ་ཐུར་དུ་བལྟ་བ༔ མགྲིན་པར་རྩ་འདབ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་གཡོན་སྐོར་ཁ་དོག་དམར་པོ་མགོ་གྱེན་ལ་བལྟ་བ༔ ལྟེ་བ་ཨཾ༔ སྤྱི་བོའི་འདབ་མ་སོ་གཉིས་ལ་ཀཱ་ལི་གཡས་སྐོར་ལྟེ་བར་ཧཾ་བཅས་དཀར་པོ་མགོ་ཐུར་དུ་བལྟ་བ༔ དེ་ལྟར་གསལ༔ དེ་རླུང་མེ་མ་དང༔ གཉིད་མ་རྩེ་སྤྲད༔ གསུམ་མདོར་མེ་སྦར༔ ལྟེ་བའི་ཨཾ་ལ་ཕོག༔ རླུང་དྲོད་ཀྱི་རང་བཞིན་ཅན་གཡས་རོ་མ་ནས་སོང༔ སྙིང་ཁའི་ཡིག་འབྲུ་རྣམས་བསྲེགས༔ ཡང་རོ་མ་ནས་སོང་མགྲིན་པའི་ཡིག་འབྲུ་རྣམས་བསྲེགས༔ ཡང་རོ་མ་ནས་སོང་སྤྱི་བོའི་ཧཾ་ལ་ཕོག༔ ཧཾ་འོད་དུ་ཞུ་རྐྱང་མ་ནས་བབས༔ མགྲིན་པའི་ཡིག་འབྲུ་སྔར་བཞིན་གསལ་གདབ་རྒྱས་པར་བྱ༔ ཡང་རྐྱང་མ་ནས་སོང༔ སྙིང་ཁའི་ཡིག་འབྲུ་རྣམས་གསལ་གདབ་རྒྱས་པར་བྱ༔ ཡང་རྐྱང་མ་ནས་སོང༔ ལྟེ་བའི་ཨཾ་ལ་ཕོག་པས་ཨཾ་ཆེར་འབར་ཏེ༔ དབུ་མ་ཅུང་ཟད་ཁ་བྱེ་ནས་གློག་གི་ཟེར་མའི་ཚུལ་གྱིས་དབུ་མ་ནས་སོང༔ སྙིང་ཁའི་ཧཾ་དང་མགྲིན་པའི་ཨཾ་གཉིས་ཀྱང་ཞེན་ཐོགས་མེད་པར་བཅོམ་ཏེ་རེག་པ་ཙམ་གྱིས་སྤྱི་བོའི་ཧཾ་ལས་བདུད་རྩིའི་རྒྱུན་དབུ་མ་ལས་བབས༔ ཨཾ་དང་བཅས་ཏེ་ལྟེ་བའི་སྟེང་སོར་བཞི་ཙམ་འབར་འཛག་གི་དམིགས་པ་བསྐྱང༔ ས་མ་ཡ༔ དམིགས་ཐུན་བདུན་པ༔ རང་གི་ལུས་སྟོང་པ་ལྟ་བུར་མེ་དམར་སྐྱས་ལུས་གང༔ ཡང་དམིགས་མེད་བསྐྱང༔ ཐུན་བཞི་རླུང་གྲངས་ཉེར་བཞི་ཉམས་བྱུང་རྒྱལ་དུ་བསྐྱང༔ ས་མ་ཡ༔ དམིགས་ཐུན་བརྒྱད་པ༔ རྐང་མཐིལ་གཉིས་སུ་རཾ་དམར་ནག་བསྒོམ་པ་ལས་མེ་འབར༔ ལོང་རྩ་ནས་བརླའི་རྩ་བོ་ཆེར་ཞུགས༔ གསང་བའི་གནས་སུ་འཛོམ༔ རྣོ་བ་མྱུར་བ་དྲག་པ་རྩུབ་པ་འབར་བའི་ཚུལ་སྔ་མ་བཞིན་ནོ༔ ས་མ་ཡ༔ དམིགས་ཐུན་དགུ་པ༔ རླུང་དང༔ མེ་དང༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༔ དོན་དམ་བྱང་ཆུབ་ཀྱི་སེམས་དབྱེར་མེད་རོ་གཅིག་གི་ཉམས་བསྐྱང༔ ས་མ་ཡ༔ དེ་ལྟར་ལྟ་བ་རང་བྱུང་གི་ཡེ་ཤེས་ནི༔ ཉོན་མོངས་པ་ཡེ་ཤེས་སུ་འཆར༔ དབྱངས་གསལ་ལ་དབང་ཐོབ༔ རིགས་དྲུག་གི་སྐད་ཤེས༔ སོ་སོ་ཡང་དག་པའི་རིག་པ་བཞི་ལ་དབང༔ རླུང་གི་རྐྱེན་གྱིས་འཆི་ཁ་མ་རླུང་དབུ་མར་ཞུགས་སྟོང་གསལ་མཆོག་གི་ཉམས་སྐྱེད༔ སྔར་གྱི་རང་བྱུང་ཡེ་ཤེས་དང་འདྲེས༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དབང་གཉིས་པའི་གདམས་ངག་བསྟན་ཟིན་ཏོ༔ ས་མ་ཡ༔ དེ་དག་གི་ལུས་གནད་དུ༔ རྩ་ལ་མཉེན་ཕབ་པ་དང༔ རླུང་གི་ལམ་བསལ་བ་དང༔ ཐིག་ལེ་སྒྱུར་བར་བྱེད་པའོ༔ དང་པོ་ནི༔ རྩ་བྱུག་དང་ཡན་ལག་ལྔ་སྦྱོང་ངོ༔ གཉིས་པ་ནི༔ ལྟེ་བའི་རྩ་མདུད་གྲོལ་ཕྱིར༔ ཕོ་བསྐོར་གཡས་གཡོན༔ སྙིང་ཁའི་རྩ་མདུད་གྲོལ་ཕྱིར་རོ་སྟོད་གཡས་གཅུ་གཡོན་གཅུ༔ མགྲིན་པའི་རྩ་མདུད་གྲོལ་ཕྱིར་མགོ་བསྒྲིལ༔ སྤྱི་བོའི་རྩ་མདུད་གྲོལ་ཕྱིར་རྒྱབ་འཕང་མདུན་འཕང༔ ཡན་ལག་གི་རྩ་མདུད་གྲོལ་ཕྱིར་ཡན་ལག་གཡབ་པའོ༔ གསུམ་པ་ཐིག་ལེ་སྒྱུར་བར་བྱེད་པ་ནི༔ རྐང་འཐིལ་སྦྱར༔ ལག་པ་རྡོ་རྗེ་ཁུ་ཚུར་མཛུབ་མོ་བསྒྲེང་བ་རྐང་ཐོག་ཏུ་བཞག་ལ༔ སྟོང་འདྲེན་དང་སྦྲགས་ཏེ་སྤྲུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་ཉམས་ལེན་ལམ་དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ༔ ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡས་བབས་ཀྱི་དགའ་བ་བཞི༔ གྲུབ་མཐའ་བདེ་སྟོང་གི་ཡེ་ཤེས༔ འདའ་ཀ་མ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་བ༔ འབྲས་བུ་ཆོས་སྐུ་རང་བཞིན་ལྷུན་གྲུབ་ཀྱི་ལམ་ཁྱེར་ལ༔ བདག་ལུས་དང་གཞན་ལུས་གཉིས་ཀྱི་དང་པོ་ནི༔ མཉམ་མེད་དགའ་བ་བཞི་ཡི་བདེ་སྟོང་ཟག་པ་མེད་པའི་ཟུང་འཇུག་རྡོ་རྗེ་འཆང་གི་དགོངས་པ་མངོན་དུ་བླང་བའི་ཐབས་ཀྱི་ལམ་མཆོག་ཁྱད་པར་ཅན་ལ་བསླབ་པ་ལ་ལྔ་སྟེ༔ བསྐྱོད་པ་ལ་མཁས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ༔ དབབ་པ་ལ་མཁས་པ་ལུགས་མཁན་གྱིས་ཞུན་བྱེད་པ་ལྟ་བུ༔ འཛིན་པ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམས་པ་ལྟ་བུ༔ འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་དུ་འདྲེན་པ་ལྟ་བུ༔ དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་ཡོ་ལང་འགྱེད་པ་ལྟ་བུ་ལྔའི་དང་པོ་ནི༔ བསྐྱེད་པའི་རིམ་པ་སྟོང་ར་སོགས་གོང་གི་ཉམས་སུ་ལེན་པ་ཐམས་ཅད་བསླབ་པར་བྱའོ༔ གཉིས་པ་འབེབ་པ་ལ་མཁས་པ་ལུགས་མཁན་ཞུན་བྱེད་པ་ལྟ་བུ་ནི༔ ཡིད་ཀྱི་རིག་མ་ཡུམ་གནམ་ཞལ་དབྱིངས་ཕྱུག་མ་གསལ་བཞིན་དུ་མཁའ་གསང་བྱིན་གྱིས་བརླབས༔ བདེ་ཆེན་བདེ་བའི་ངོ་བོ་སྣང་སྟོང་འདུས་མ་བྱས་པའི་སྐུར་བལྟའོ༔ བདེ་ཤས་ཆེ་ན་ཐིག་ལེ་འཆོར་བའི་སྐྱོན་ཡོང་བས་ཤེས་པར་བྱའོ༔ ས་མ་ཡ༔ འཛིན་པ་དང་འདྲེན་པའི་ཐོག་མར་སྦྱང་བ་ནི༔ ལུས་འཁྲུལ་འཁོར་རྐང་མཐིལ་གཉིས་སྦྱར་བའི་ཐོག་རྡོ་རྗེ་ཁུ་ཚུར་བསྡམས་པ་བཞག་སྟེ༔ རང་གི་གསང་བའི་ནོར་བུའི་རྩེར་ཧཱུྃ་མཐིང་ག་བསམ་པ་ཡར་དབུ་མ་ནས་དྲངས༔ སྤྱི་བོའི་ཧཾ་ལ་ཐིམ་པར་བསམ་པ་གྲངས་མང་དུ་སྦྱང་བ་དང་ལྷན་ཅིག་རླུང་གཞིལ་བའོ༔ ས་མ་ཡ༔ གསུམ་པ་འཛིན་པ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམས་པ་ལྟ་བུ་ནི༔ བདེ་བ་ཕྱིར་ཕེབས་པ་ན་རྣམ་པར་མི་རྟོག་པའི་ཉམས་བསྐྱང༔ སྤྱི་བོའི་ཧཾ་ལས་རྣམ་པར་མི་རྟོག་པའི་འབེན་བྱའོ༔ བཞི་པ་འདྲེན་པ་ལ་མཁས་པ་ཁྲོན་ཆུ་གྱེན་དུ་འདྲེན་པ་ལྟ་བུ་ནི༔ འཁྲུལ་འཁོར་གོང་བཞིན་གྱིས་ནོར་བུའི་རྩེ་ཐིག་ལེ་སྔོན་པོོ་ཡུངས་འབྲུ་ཙམ་གཏུམ་འདྲེན་སྦྲགས་ཏེ་དབུ་མའི་ལམ་ནས་སྤྱིར་བོར་སོང་བ་ཡང་ཡང་བསྒོམ༔ དམིགས་མེད་ཆོས་ཉིད་རོལ་པ་ཆེན་པོར་ལམ་དུ་ཁྱེར་བར་བྱའོ༔ ས་མ་ཡ༔ ལྔ་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་གྱིས་མགྲོན་བྱེད་པ་ལྟ་བུ་ནི༔ དྲང་བའི་འཁྲུལ་འཁོར་ཧ་སྤྲུགས་དང་སྦྲགས་ཏེ༔ དམིགས་མེད་ངོ་བོ་ཉིད་ཀྱི་སྐུར་བལྟ་འོ༔ ས་མ་ཡ༔ གཉིས་པ་གཞན་ལུས་ལ་བསྟེན་པ་ནི༔ རང་ལུས་ཐབས་ལྡན་གྱི་གདམས་པ་རབ་ཏུ་འབྱོངས་པའི་གང་ཟག་གིས༔ ཕྱག་རྒྱའི་མཚན་ཉིད་བརྟག་པ་དང༔ དགུག་པ་དང༔ མི་སྣང་བར་སྦ་བ་དང༔ རྒྱུད་སྦྱང་བ་དང༔ ཁམས་སོགས་རྒྱུད་དང་མན་ངག་ལས་འབྱུང་བ་ལྟར་སྔོན་དུ་འགྲོ་བས༔ རང་དང་རྒྱུད་དག་པའི་རིག་མ་གཉིས་ཀས་བསྐྱེད་རིམ་སྒྱུ་མ་ལྟ་བུའི་ལྷ་སྐུའི་གསལ་སྣང་ཤིན་ཏུ་བརྟན་པར་བསླབ༔ དེ་ནས་གསལ་བ་གསུམ་དང་ལྡན་པས་འབེབ་པ་དང་འཛིན་པ་དང༔ འདྲེན་པ་དང༔ དགྲམ་པ་རྣམས་རང་ལུས་ལྟར་ལ་གོམས་པ་ཤིན་ཏུ་སྦྱངས་པས་འཛག་མེད་ཀྱི་བདེ་བ་ལ་ཡུན་རིང་དུ་སེམས་འཛིན་ཞིང་ཀ་དག་དེ་ཁོ་ན་ཉིད་བྱ་རྩོལ་བྲལ་བའི་ཉམས་བསྐྱངས་པས་དཔེ་དང་དོན་གྱི་ཡེ་ཤེས་རིམ་གྱིས་མངོན་དུ་འགྱུར་བར་བྱའོ༔ ས་མ་ཡ༔ དབང་བཞི་པ་ཚིག་དབང་རིན་པོ་ཆེའི་ཉམས་ལེན༔ ལམ་རྡོ་རྗེའི་རྦ་རླབས༔ རླུང་སེམས་ཤིན་ཏུ་དག་བྱེད༔ ལྟ་བ་ལྷན་ཅིག་སྐྱེས་པ་མས་བརྟན་གྱི་དགའ་བ་བཞི༔ གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ༔ འདའ་ཀ་ཕྱག་རྒྱ་ཆེན་པོ༔ འབྲས་བུ་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་ཀྱི་ལམ་ཁྱེར་ལ༔ ཐབས་ཀྱི་རྒྱུད་དང༔ ཤེས་རབ་ཀྱི་རྒྱུད་དང༔ གཉིས་ཀའི་དག་པར་བྱེད་པ་རྡོ་རྗེའི་རྦ་རླབས་ཐུན་མོང་དུ་བསྟན་པས་དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ལ༔ ཐུན་མོང་མ་ཡིན་པ་དབང་བཞི་པའི་སྙིང་པོ་མཐར་ཐུག་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང༔ མཉམ་ཉིད་ཡེ་ཤེས་འོད་གསལ་རྡོ་རྗེའི་ཆིངས་སུ་གཞུག་པར་བསྟན་པ་མདོར་དྲིལ་བ་ལ་གཉིས་ཏེ༔ དམིགས་མེད་ཁྲེགས་ཆོད་ཀྱི་གདམས་པ་དང༔ དམིགས་བཅས་ཐོད་རྒལ་གྱི་གདམས་པའོ༔ དང་པོ་ལའང་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོ་ལ་བདུན་གྱི༔ དང་པོ་སྐྱབས་སུ་འགྲོ་བ་དང༔ གཉིས་པ་སེམས་བསྐྱེད་པ་སྤྱི་ལྟར༔ གསུམ་པ་བར་ཆད་སྲུང་བ་ནི༔ ཧཱུྃ་ལས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ༔ དེ་ལས་འོད་ཟེར་ཧཱུྃ་སྔོན་པོ་གྲངས་མེད་པ་འཕྲོས༔ ལུས་ཀྱི་ནང་ཐམས་ཅད་གང་བར་བསྒོམ༔ སྐབས་སུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་ལྟེ་བ་ཧཱུྃ་ཡིག་སྔོན་པོ་མེ་འབར་བས་མཚན་པ་བསྒོམ་མོ༔ བཞི་པ་རིགས་དྲུག་བསྲེག་སྦྱོང་ནི༔ སྤྱི་བོ་སྙིང་ཁ་མགྲིན་པ་དང༔ ལྟེ་བ་གསུམ་མདོ་རྐང་མཐིལ་དུ༔ ཨ་ནྲྀ་སུ་ཏི་པྲེ་དུ་གནས༔ རང་རིག་ཧཱུྃ་གི་མེ་འབར་གྱིས༔ རིགས་དྲུག་ས་བོན་བག་ཆགས་བསྲེགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུན་མཚམས་རྒྱལ་བའི་སྐུ་གསུང་ཐུགས༔ ཡི་གེ་གསུམ་ལས་འོད་ཟེར་མེས༔ རིགས་དྲུག་ས་བོན་བསྲེགས་པར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ རིགས་དྲུག་ས་བོན་བག་ཆགས་བཅས༔ ཐུལ་གྱིས་ཚིག་ནས་དག་པར་བསྒོམ༔ ལྔ་པ་འཁོར་འདས་རུ་ཤན་དབྱེ་བ་ནི༔ ལུས་ཀྱི་གར་དང་རྣམ་འགྱུར་སྣ་ཚོགས༔ ངག་གི་དབྱངས་དང་སྨྲ་བརྗོད༔ ཡིད་ཀྱི་དགའ་སྡུག་ཆགས་སྡང་སོགས་དྲན་ཚད་དུ་བྱས་ཏེ་སྙིང་པོ་ཅི་འདུག་བཙལ༔ བདེན་མེད་ཀྱི་མཚང་རིག་ན་མི་རྟོག་པའི་ངང་ཀར་དུ་ལྷོད་དེ་བཞག་གོ༔ དྲུག་པ་རྣལ་དུ་དབབ་པ་ནི༔ བདེ་བའི་སྟན་ལ་ལུས་རང་བབས་སུ་ཀློད༔ ངག་ཅིའང་མི་སྨྲ༔ ཡིད་དུས་གསུམ་གྱི་རྟོག་པའི་རྗེས་སུ་མ་འབྲང་བར་རྟོག་བྲལ་གཉུག་མའི་ངང་དུ་མཉམ་པར་བཞག་གོ༔ བདུན་པ་སོར་འཇུག་པ་ལ་གསུམ་ལས༔ དང་པོ་གནས་པར་བྱ་བ་ནི༔ ལུས་ཙོག་པུ་ཉན་ཐོས་ཀྱི་ལྟ་སྟངས༔ མིག་སྣ་རྩེར་དབབ༔ རྟོག་པ་གཉེར་མེད་དུ་བསྐྱང༔ འཕྲོ་ན་འཕྲོ་མཁན་བལྟ༔ རྒོད་ན་རྣལ་དུ་དབབ༔ འཐོར་ན་རྒྱང་སོ་བཙུག༔ བྱིང་ན་བསྲིང༔ རྨུགས་ན་ཧ་སྤྲུགས་བྱ༔ གཉིས་པ་བར་དུ་བརྟན་པར་བྱ་བ་ནི༔ ལུས་བྱང་ཆུབ་སེམས་དཔའི་སྐྱིལ་ཀྲུང་བདེ་ལུགས་བཅའ༔ ལྟ་སྟངས་ཐད་ཀར་ཟིམ་བུར་གཟིར༔ འཕྲོ་གནས་གཉིས་མེད་མཉམ་པའི་ངང་དུ་བཞག༔ བདེ་གསལ་མི་རྟོག་སྟོང་འཛིན་གྱི་འཛིན་ཞེན་བཅད༔ སྦྲུལ་མདུད་ནམ་མཁར་བོར་བ་ལྟར་གཉེན་པོ་དང་བྲལ་བའི་ངང་ལ་ཤིགས་སེ་བཞག་གོ༔ གསུམ་པ་ཐ་མ་གྲོལ་བར་བྱེད་པ་ནི༔ ལུས་ཁྲོ་བོའི་འཁྲུལ་འཁོར་གྱད་ཀྱི་དོར་སྟབས་བྱ༔ ལྟ་སྟངས་སྡང་མིག་ཏུ་གཟིར༔ ངག་ཧ་ཧ༔ ཧི་ཧི༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ་སོགས་ཁྲོ་བོའི་གད་མོས་རྣལ་དུ་དབབ༔ ཡིད་རིག་པ་གསལ་བའི་ངར་དང་ལྡན་པའི་ངང་དུ་གནས་པར་བྱའོ༔ ས་མ་ཡ༔ གཉིས་པ་དངོས་གཞི་ལ་བཞི་སྟེ༔ རྟོག་པ་རྩད་གཅོད་པ༔ སེམས་ཀྱི་མཚང་བཙལ་བ༔ བྱུང་གནས་འགྲོ་གསུམ་བརྟག་པ༔ ངོ་སྤྲོད་ཀྱིས་མཐར་དབྱུང་བའོ༔ དང་པོ་རྟོག་པ་རྩད་བཅད་པ་ནི༔ ལུས་ངག་ཡིད་གསུམ་བྱ་བྱེད་ཀྱི་མཁན་པོ་བརྟག༔ འཕྲིགས་ཚུད་པ་ན་དེའི་ངོ་བོ༔ ཁ་དོག༔ དབྱིབས༔ གནས་ལ་དྲི་བ་སོགས་ཞིབ་ཏུ་བྱ༔ གཉིས་པ་སེམས་ཀྱི་མཚང་བཙལ་བ་ནི༔ ང་ཞེས་པའི་ང་རུ་འཛིན་མཁན་དེ་གང་དུ་འདུག་བཙལ༔ གང་དུ་གནས་འདྲི༔ འཛིན་པའི་མཁན་པོ་བཙལ༔ ངར་འཛིན་གྱི་ཁང་བུ་གཏིབ༔ གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི༔ རྟོག་པ་ཐོལ་གྱིས་བྱུང་བའི་ཚེ་དང་པོ་གང་ནས་བྱུང༔ བར་དུ་ཇི་ལྟར་གནས༔ ཐ་མ་གང་དུ་འགྲོ༔ ཐབས་དུ་མའི་སྒོ་ནས་དྲི་ཞིང་རྩད་བཅད་པས༔ བྱུང་བའི་ཡུལ་སྟོང༔ གནས་པའི་འཛིན་པ་ཞིག༔ གཏད་མེད་དུ་སངས་ཀྱིས་དག་པར་ཤེས་ན་བྱུང་གནས་འགྲོ་གསུམ་གྱི་མཚང་བརྡོལ་པ་ཡིན་ནོ༔ བཞི་པ་ངེས་ཤེས་སྐྱེས་ནས་ངོ་སྤྲོད་པ་ལའང་བདུན་ལས༔ དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི༔ ཉོན་མོངས་དང་བདག་འཛིན་སོགས་རྣམ་པར་རྟོག་པ་འདི་ཀ་ལས་མ་འདས་པས༔ དེ་སེམས་ལས་བྱུང་ཞིང་གནས་ལ་ཐིམ་པར་ངེས་ཤེས་བསྐྱེད༔ གཉིས་པ་སེམས་སྟོང་པར་ངོ་སྤྲད་པ་ནི༔ རྣམ་པར་རྟོག་པ་མཁན་པོ་དང་བཅས་པ་རང་བཞིན་གྱིས་མཚན་ཉིད་ཅིར་ཡང་མ་གྲུབ་པ་སྟོང་པ་ནམ་མཁའ་ལྟ་བུར་ཤེས་པའོ༔ གསུམ་པ་སྣང་བ་སྟོང་པར་ངོ་སྤྲད་པ་ནི༔ སྟོང་པའི་མདངས་འགག་མེད་ཀྱི་སྣང་བ་ཅིར་ཡང་འཆར་བ༔ ཤར་བའི་དུས་ཉིད་ནས་སྟོང་པའི་ངང་ལས་མ་གཡོས་པར་ཤེས་པའོ༔ བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི༔ རྟོག་ཚོགས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ༔ སྟོང་པའི་རང་མདངས་འགག་མེད་དུ་འཆར་བའི་སྣང་བ༔ དེ་གཉིས་དབྱེར་མེད་པ་བཟང་ངན་བླང་དོར་དང་བྲལ་བར་ཐག་ཆོད་པའོ༔ ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི༔ བཟང་ངན༔ འཁོར་འདས༔ བླང་དོར༔ སྣང་སྟོང༔ འཕྲོ་གནས་ལ་སོགས་པ་གཉིས་སུ་འཛིན་པའི་ཆོས་ཐམས་ཅད་ངོ་བོ་གཉིས་མེད་མཉམ་པའི་ངང་དུ་རང་གྲོལ་བའོ༔ དྲུག་པ་དུག་ལྔ་རང་གྲོལ་ནི༔ དེ་ལྟ་བུ་རྟོགས་ཕན་ཆད་དུག་ལྔའི་རྟོག་པ་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་ལྟར་རང་གྲོལ་བས་ཡེ་ཤེས་ལྔའི་དགོངས་པ་མངོན་དུ་གྱུར་པའོ༔ བདུན་པ་ཚོགས་དྲུག་རང་གྲོལ་ནི༔ དེས་མཚོན་ཏེ་ཚོགས་དྲུག་གི་ཡུལ་དུ་རྟོག་པ་གང་ཤར་ཡང་རང་རིག་པའི་ངང་དུ་བཞག་པས་གཟུགས་སྣང་སྟོང༔ སྒྲ་གྲགས་སྟོང༔ དྲི་ཚོར་སྟོང༔ རོ་མྱོང་སྟོང༔ རེག་བྱ་བདེན་སྟོང༔ ཆོས་རིག་སྟོང་དུ་ཤར་ནས་རྟོག་པ་ཐམས་ཅད་རང་གྲོལ་བའོ༔ དེ་ལྟར་ངོ་རང་ཐོག་ཏུ་སྤྲད་ནས་ཐག་གཅིག་ཐོག་ཏུ་བཅད་པའོ༔ བདེ་གཤེགས་རྒྱལ་བའི་དགོངས་པ་བཀའ་བསྟན་ཐམས་ཅད་ཀྱི་དོན་སེམས་ཉིད་གཅིག་པུའི་ཐོག་ཏུ་དབབ་པ་སྟེ༔ སྣང་བ་ཐ་དག་སེམས་ཉིད་ལས་ལོགས་སུ་མེད་པར་ཐག་བཅད་དེ༔ རྒྱུད་ལས༔ སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ༔ སངས་རྒྱས་ལོགས་སུ་མ་ཚོལ་ཅིག༔ ཅེས་གསུངས་པ་བཞིན་ནོ༔ གདིང་གྲོལ་ཐོག་ཏུ་བཅའ་བ་ནི༔ དེ་ལྟར་རང་གྲོལ་འཁོར་ཡུག་བློ་འདས་ཆོས་སྐུར་རོལ་པའི་གདངས་དེ་ཉིད་རང་གྲོལ་གྱི་ཐོག་ཏུ་ཡེངས་མེད་དུ་བཙལ་བ་ཁོ་ནའོ༔ དེ་ལྟར་ན་གཞི་ཐོག་ཏུ་སེམས་ཉིད་གཉེན་པོས་མ་བསྒོམས་པར་བསྐྱང་བ་ཁྲེགས་ཆོད་ཀྱི་གདམས་པ་ཟབ་མོ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཐིག་ཡང་དག་པའོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་མཐར་ཕྱིན་པ་ལ་བསླབ་པ་ནི༔ དེ་ལྟར་ངོ་སྤྲོད་ཕན་ཆད༔ བསྒོམ་དུ་ཅིའང་མེད་ལ་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་རང་རིག་བྱ་རྩོལ་དང་བྲལ་བའི་ངང་དུ༔ ཉམས་ལེན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ལྷུམས་སུ་ཞུགས་པས༔ དུས་གསུམ་གྱི་སྤྲོས་པ་ཆད་པའི་རིག་སྟོང་འཛིན་མེད་ཀྱི་གདིང་ཐོབ་སྟེ་རྟོག་ཚོགས་རང་གྲོལ༔ ཡེ་ཤེས་རང་ཤར༔ ཁོར་ཡུག་ཆོས་སྐུའི་རོལ་པར་ལ་བཟླ་བར་བྱའོ༔ ས་མ་ཡ༔ གཉིས་པ་ཐོད་རྒལ་གྱི་གདམས་པ་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་ནི་ལུས་ངག་ཡིད་གསུམ་རུ་ཤན་དབྱེ་བ་སྟེ༔ དང་པོ་ལུས་ཀྱི་སྔོན་འགྲོ་ནི༔ ལུས་གནད་རྡོ་རྗེ་རྩེ་གསུམ་པའི་འཁྲུལ་འཁོར་བཅའ༔ དམིགས་གནད་ལུས་རྡོ་རྗེ་རྩེ་གསུམ་མེ་འབར་བ་བསྒོམ༔ དེ་ལྟར་ཡང་ནས་ཡང་དུ་བསྐྱར་རོ༔ གཉིས་པ་ངག་གི་སྔོན་འགྲོ་ལ་བཞི་སྟེ༔ རྒྱས་གདབ་པ་ནི༔ ལུས་རྡོ་རྗེའི་སྐྱིལ་ཀྲུང་བྱ་ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད༔ ཡིད་ཀྱིས་སྣ་བུག་ནས་ཧཱུྃ་གི་ཕྲེང་བ་བར་མ་ཆད་པར་བྱུང༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཐེམ་མེར་གང་བར་བསྒོམ་པ་ནི་ཕྱི་སྣང་བ་ལ་རྒྱས་གདབ་པའོ༔ ཡང་ཧཱུྃ་ལས་ཧཱུྃ་བྱུང༔ ལུས་ཀྱི་ནང་ཐམས་ཅད་ཁྲིགས་མེེར་གང་བར་བསྒོམས་པ་ནི་ནང་ཕུང་པོ་ལ་རྒྱས་གདབ་པའོ༔ རྩལ་སྦྱང་བ་ནི༔ ཧཱུྃ་དྲག་ལ་ཐུང་བ་ངར་དང་བཅས་བརྗོད་པས༔ སྣ་བུག་ནས་ཧཱུྃ་འཕྲོས༔ ས་རྡོ་རི་བྲག་ཐམས་ཅད་ཟང་ཐལ་དུ་བསྒྱུར་བར་བསྒོམ་པ་ནི་ཕྱི་སྣང་བ་ལ་རྩལ་སྦྱང་བའོ༔ ཡང་རླུང་སེམས་ཧཱུྃ་དང་བཅས་པས་ལུས་ཀྱི་དངོས་པོ་ཕྱི་ནང་ཐམས་ཅད་ཟང་ཐལ་དུ་བསྒྱུར་བར་བསྒོམ་པ་ནི་ནང་ཕུང་པོ་ལ་རྩལ་སྦྱང་བའོ༔ མཉེན་བཙལ་བ་ནི༔ རང་གི་སྣ་བུག་གཡས་ནས་ཧཱུྃ་དམར་པོ་འཕྲོས༔ ཧཱུྃ་དེ་སྲིད་རྩེའི་བར་ལངས་ཐབས་གནས་པར་བསྒོམ༔ ཡང་སྣ་བུག་གཡོན་ནས་ཧཱུྃ་མཐིང་གཅིག་འཕྲོས༔ དེ་ལས་བར་མ་ཆད་པར་བྱུང་སྟེ་དེ་ལ་མདུང་དཀྲིས་སུ་དཀྲིས་པར་བསྒོམ༔ མཐར་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་ཧཱུྃ་གི་ཐག་པ་གྲོལ་བར་བསྒོམ་མོ༔ ལམ་དུ་གཞུག་པ་ནི༔ ཧཱུྃ་ཞེས་བརྗོད་པས་ཧཱུྃ་ཐོལ་གྱིས་བྱུང༔ སྲིན་འགྲོས་ཀྱིས་ལམ་དུ་ཞུགས༔ སླེབ་མྱོང་བ་དང་མ་མྱོང་བའི་ལམ་མཐའ་མེད་དུ་སོང་བར་བསྒོམ༔ སླར་རང་སར་ལྡོག་གོ༔ གསུམ་པ་ཡིད་ཀྱི་སྔོན་འགྲོ་ལ༔ རྣལ་དུ་དབབ་པ་ལ་བཞག་ཐབས་དྲུག་སྟེ༔ ལུས་སོག་ཕོན་སྡོམ་ཐག་ཆད་པ་ལྟར་རང་སར་གློད༔ ངག་པི་ཝཾ་རྒྱུད་ཐག་ཆད་པ་ལྟར་སྨྲ་བ་བཅད༔ སེམས་མཁའ་ལ་བྱ་འཕུར་བ་ལྟར་རང་གྲོལ་རྗེས་མེད་དུ་བསྐྱང༔ ད་ལྟར་གྱིི་རྟོོག་པ་གང་ཤར་བུ་ཆུང་ལྷ་ཁང་བལྟ་བ་བཞིན་གསལ་ལ་འཛིན་མེད་དུ་ཁྱེར༔ འདས་པའི་བྱ་བ་ཐམས་ཅད་ལས་ཟིན་པའི་སྐྱེས་བུ་ལྟར་གཉེར་མེད་དུ་བཏང༔ མ་འོངས་པའི་བྱེད་འགྱུར་ཐམས་ཅད་ལྟག་ཆུ་བཅད་པའི་རང་འཐག་ལྟར་རྩོལ་མེད་དུ་བཞག་གོ༔ དེ་ནས་སོར་གཞུག་པ་ནི༔ དེ་ལྟར་གསལ་སྟོང་གི་ངང་ནས་གཉེན་པོ་དང་བྲལ་བར་རང་བབས་སུ་བསྐྱངས་པས༔ རྩོལ་སྒྲུབ་དང་བྲལ་བར་སྣང་སྟོང་གི་རོལ་པ་ཐ་དག་རང་གྲོལ་དུ་རྟོགས་པ་ནི་སོར་ཆུད་པའོ༔ གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་གཏན་ལ་དབབ་པ་ལ་བཞི་སྟེ༔ དང་པོ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་གཏང་བ་ནི༔ ལུས་ངག་ཡིད་གསུམ་གྱི་ཕྱི་འཇིག་རྟེན་པའི་འཁྲུལ་སྤྱོད༔ ནང་ཐེག་པ་ཐུན་མོང་གི་ཆོས་སྤྱོད༔ གསང་བ་སྔགས་ཐུན་མོང་བའི་ལམ་ཁྱེར་སོགས་ཐམས་ཅད་ལིང་གིས་བཏང་བའོ༔ གཉིས་པ་སྒོ་གསུམ་གྱི་གནད་བཅིང་བ་ནི༔ ལུས་གནད་ཆོས་སྐུ་སེང་གེ༔ ལོངས་སྐུ་གླང་ཆེན༔ སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་གང་རུང་ལ་བསླབ༔ ངག་གནད་སྨྲ་བ་རྒྱུན་བཅད་ནས་རླུང་དལ་བུར་རྒྱུ་བ་ལ་བསླབ༔ སེམས་དབྱིངས་ལ་མདུང་ཚུགས་སུ་གཏད་པ་ལ་བསླབ་བོ༔ གསུམ་པ་གནད་གསུམ་གྱིས་འོད་གསལ་བལྟ་བ་ནི༔ སྒོའི་གནད་ཡེ་ཤེས་འཆར་བར་བྱེད་པའི་ལམ་མིག་ཡིན་པས༔ ཆོས་སྐུ་རྡོ་རྗེའི་གཟིགས་སྟངས་མིག་གྱེན་ལ་མི་འགུལ་བར་བལྟ༔ ལོངས་སྐུ་པདྨའི་གཟིགས་སྟངས་གཡས་གཡོན་དུ་ཟུར་གྱིས་ཧྲིལ་པོར་བལྟ༔ སྤྲུལ་སྐུ་ཆོས་ཉིད་ཀྱི་གཟིགས་སྟངས་མིག་ཡིད་ཙམ་ཕབ་སྟེ་བར་སྣང་ལ་བལྟའོ༔ འཆར་གཞི་ཡུལ་གྱི་གནད་ནི༔ ཕྱི་དབྱིངས་ནམ་མཁའ་སྟོང་པའི་ཀློང་དུ༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ར་བར༔ གསང་དབྱིངས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོ་དང་འདྲ་བ་བཙོན་དུ་འཛིན་ནོ༔ འཆར་ཆ་རིག་པའི་གནད་ནི༔ དང་པོ་མཐོང་བས་བྱེ་བྲག་ཕྱེད་པ༔ བར་དུ་རྟོགས་པས་མཚན་ཉིད་ཤེས་པ༔ མཐར་ཤེས་ཐོག་ཏུ་གྲོལ་བར་བྱེད་པ་སྟེ༔ མདོར་ན་དབྱིངས་རིག་དབྱེར་མེད་གཅེར་མཐོང་གཟུང་འཛིན་དང་བྲལ་བ་བསྐྱང་ངོ༔ བཞི་པ་ཉམས་ཀྱི་སྣང་བ་ཇི་ལྟར་འཆར་ཚུལ་ལ་བཞི་སྟེ༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ རང་གི་སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཁྱིལ་པའི་དབུས་སུ༔ ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་ར་བར༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ངོ་བོ་ཐིག་ལེ་ཉག་གཅིག་དབྱིངས་རིག་འདུ་འབྲལ་མེད་པ་བློ་དང་ཤེས་རབ་ཀྱི་རྟོག་དཔྱོད་ལས་འདས་པར་འཆར་བའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ ཐིག་ལེ་རིམ་གྱིས་འཕེལ༔ འོད་སྣང་ཇེ་ཆེ་མཆེད༔ དབྱིངས་རིག་གར་བལྟས་སུ་སྣང༔ ལུ་གུ་རྒྱུད་འདབ་ཆགས་འཕུར་སྐྱེན་པ་ནས༔ བུང་བ་བཅུད་ལ་འཁོར་བ་ཙམ་གྱི་བར་ལ་གསལ་བར་འཆར་རོ༔ སླར་ཡང་སྦྱངས་པས་ཐིག་ལེ་ཡུལ་གྲུ་ཁེངས་ཙམ་དང༔ རིག་པའི་བར་དུ་སྐུ་རྐྱང་པ་ཕྲ་ཞིབ་ཅན་ཡང་འཆར་རོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ ཐིག་ལེ་དེ་རེ་རེའི་ནང་དུའང་སྐུ་ལྔ་ལྔ་ཤར་ཏེ༔ དེ་ཐམས་ཅད་ཀྱང་གྲངས་ལས་འདས་པ༔ གར་བལྟས་ཁྱབ་པ༔ འཕོ་འགྱུར་མེད་པ༔ གཟུང་འཛིན་དང་བྲལ་བ༔ ཡེ་ཤེས་སུ་ཕྱམ་གདལ་བའོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་འཕེལ་ཆ་ཟད༔ སྣང་བའི་ངོ་བོ་ཀ་དག་ཏུ་ཐིམ༔ གཟུང་འཛིན་གྱི་འཁྲུལ་པ་ལས་གྲོལ༔ སྐྱེ་མེད་གདོད་མའི་དབྱིངས་སུ་མྱ་ངན་ལས་འདས༔ གསལ་ཆ་མ་འགགས་ཀྱང་འཛིན་ཆ་སྟོང་སྟེ་སྐུ་གསུམ་དབྱིངས་རིག་གཅིག་ཏུ་འཁྱིལ་བའོ༔ གསུམ་པ་རྗེས་ཀྱིས་མཐར་དབྱུང་བ་ལ་བཞི་ལས༔ དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི༔ ལུས་བཞུགས་སྟངས་ལས་མི་འགུལ༔ མིག་ལྟ་ལྟངས་ལས་མི་འགུལ༔ སེམས་རྟོག་དཔྱོད་ཀྱིས་མི་འགུལ་བར་སྒོ་གསུམ་གཡོ་མེད་དུ་གནས་སོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ ཕྱི་སྣང་བ་ལ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར༔ ནང་སྒྱུ་ལུས་ལ་སྡོད་པས་འཁྲུལ་པའི་བྱ་བ་བྲལ༔ གསང་བ་རླུང་སེམས་སྡོད་པ་རྣམ་རྟོག་རང་སར་དག་པ་སྟེ༔ འདི་དུས་སུ་ཚད་དང་རྟགས་རྣམས་ཀྱང་རིམ་གྱིས་འཆར་བར་ཤེས་པར་བྱའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི༔ སྐྱེ་བ་ལ་དབང་ཐོབ་པས་རང་ལུས་གདོས་བཅས་མི་སྣང་བའི་དུས༔ འདོད་ན་ཡེ་ཤེས་ཀྱི་ལུས་སྣང་བར་ནུས་པ་དང༔ སེམས་ཅན་གང་ལ་རིག་པ་གཏད་པ་ཙམ་གྱིས་འཚང་རྒྱ་ནུས་སོ༔ འཇུག་པ་ལ་དབང་ཐོབ་པས་ལུས་མི་སྣང་བ་དེ་ཉིད་རང་ལུགས་སུ་བཞག་པས་ལྷག་མེད་དུ་གྲོལ་བ་ཐོབ་པའོ༔ རླུང་སེམས་ལ་དབང་ཐོབ་པས་སེམས་ཅན་གཞན་ཚེ་འཕོས་པ་དེ་ལ་རིག་པ་བཅུག་པས་ལྷན་ཅིག་ཏུ་གྲོལ་བའོ༔ བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི༔ འཁོར་འདས་ཐམས་ཅད་དབྱིངས་རིག་གཅིག་ཏུ་བཟླུམས་པས༔ ཡར་སངས་རྒྱས་ཐོབ་ཏུ་རེ་བ༔ མ་ཐོབ་ཀྱི་དོགས་པ༔ མར་འཁོར་བའི་སྡུག་བསྔལ་མྱོང་དུ་དོགས་པ༔ མི་མྱོང་བའི་རེ་བ་ཟད་དེ་གདོད་མའི་དབྱིངས་སུ་རྣམ་པར་གྲོལ་བ་ཆེན་པོ་མངོན་དུ་འགྱུར་རོ༔ དེ་ལྟར་དབང་པོ་དང་སྐལ་པ་རབ་ཚེ་འདིར་གྲོལ་ལ༔ འབྲིང་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་སོགས་རང་སྣང་དུ་ཤེས་པས་རང་གྲོལ༔ ཐ་མ་སྲིད་པ་བར་དོར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་གྲོལ་བ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་ཡེ་ཤེས་ཀུན་ཏུ་བཟང༔ ཟུང་འཇུག་བདེ་བ་ཆེན་པོའི་གོ་འཕང་འདི༔ གང་ཟག་མཆོག་གི་མཆོག་ཏུ་གྱུར་པ་ལས༔ ཐུན་མོང་ཕལ་གྱིས་འདི་ལ་སྐྲག་པར་འགྱུར༔ བླ་མེད་ཡེ་ཤེས་ཟབ་མོའི་ལམ་བཟང་པོ༔ མངོན་རྫོགས་གོ་འཕང་འདི་ལས་གཞན་དུ་མིན༔ སྨིན་གྲོལ་རླུང་སེམས་ཡེ་ཤེས་མ་གཏོགས་པ༔ སྐུ་དང་ཡེ་ཤེས་མཛད་ཕྲིན་གཞན་དུ་མིན༔ འཕྲད་ཆོག་རང་གྲོལ་མངོན་སུམ་སྙིང་པོའི་ཆོས༔ བདེ་ཆེན་ཡེ་ཤེས་རྩེ་མོའི་གསང་བའི་ལམ༔ མ་བསྒྲོད་ས་ལམ་ཡོངས་རྫོགས་ཕར་ཕྱིན་ཚེ༔ མ་བཅོས་ཆོས་སྐུ་ཤུགས་ཀྱིས་མངོན་པར་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པ་ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བརྩེགས་སྙིང་པོ་ཡེ་ཤེས་ཀྱི་བདེ་ཆེན་ཁང་དུ་ཤོག་སེར་ལས་དག་པར་ཕབ་པ། སླད་ནས་རིག་འཛིན་མཆོག་གི་ཞལ་ལུང་ལྟར་གཏེར་གཞུང་ལས་བསྡུས་ཏེ་ཁྲིགས་སུ་བཏབ་པའོ། །མངྒ་ལཾ། འདི་མཁས་གྲུབ་ཁྱབ་གདལ་ལྷུན་གྲུབ་ཀྱིས་གསུང་རྒྱུན་ཁྲིགས་སུ་བསྡེབས་པར་གྲགས་ནའང་ས་བཅད་ཆད་ལུས་སོགས་མ་དག་པ་ཤིན་ཏུ་མང་བ་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས་དཔྱད་ཅིང་ཞུས་ཏེ་མཆོག་གི་རིག་འཛིན་རྣམས་ལ་ཁྲིད་རྒྱུན་ཡང་བྱིན་རླབས་ཉེ་བརྒྱུད་ཚུལ་གྱིས་ཕུལ་བ་ཡིན་ནོ། །མངྒ་ལཾ།། །།

བདེ་གཤེགས་ཡོངས་འདུས་ལས༔ མ་ཆགས་སྒྲུབ་པའི་རྒྱུན་གྱི་ལམ་ཁྱེར་རྡོ་རྗེ་མི་འགྱུར་བ་ (Volume 16, Text 6)

༁ྃ༔ བདེ་གཤེགས་ཡོངས་འདུས་ལས༔ མ་ཆགས་སྒྲུབ་པའི་རྒྱུན་གྱི་ལམ་ཁྱེར་རྡོ་རྗེ་མི་འགྱུར་བ་བཞུགས་སོ༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ མ་འོངས་སྙིགས་མ་ལྔ་བདོའི་ངན་དགུའི་དུས༔ གདུལ་དཀའི་གཉེན་པོ་སྒྲུབ་ཆེན་བཀའ་བརྒྱད་ལས༔ འཇིགས་ཚོགས་ལས་ཀྱིས་མནར་བའི་གཉེན་པོར་ནི༔ གང་འདུལ་ཟབ་ཁྱད་གནད་དུ་འདི་བསྣུན་ནོ༔ ས་མ་ཡ༔ འདུ་འཛི་ཕྱི་ཤོལ་དབང་བཙན་ནམ༔ མདུན་སྟབས་བློ་དང་སྤྲོས་པས་མ་ཐེངས་སོགས༔ འདུལ་མཛད་སྙིང་པོའི་ཡང་སྙིང་ཐིག་ལེའི་དྭངས༔ ཞུན་མར་སྦྱར་བའི་སྙིང་པོ་འདི་རོལ་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་སྲུང་འཁོར་ནི༔ ཨེ༔ ནམ་མཁའ་ཆོས་འབྱུང་དབྱེར་མེད་ཧཱུྃ་མཛད་མཐིང༔ ཧཱུྃ༔ ཕྱི་རིམ་ཁྲོ་བཅུ་མི་གཡོ་འཁོར་ལོ་འཁོར༔ རྡོ་རྗེ་མཚོན་ཆ་ཡེ་ཤེས་མེ་རིའི་གུར༔ དེ་དབུས་མཚན་རྫོགས་གཞལ་ཡས་ཁང་གི་དབུས༔ པདྨ་ཉི་ཟླ་ལྷ་ཀླུའི་གདན་སྟེང་དུ༔ ཆེ་མཆོག་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་ཐོད་འཛིན་དུར་ཁྲོད་དཔལ་ཆས་བརྒྱན༔ དབྱིངས་ཕྱུག་དགྱེས་པར་མཉམ་རོལ་མངོན་པར་འབར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་སྒྲུབ་པ་དངོས་ལ་འཇུག་པ་ནི༔ ཧཱུྃ་ཧཱུྃ༔ རང་ཉིད་རིག་རྩལ་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཆེ་མཆོག་དབུ་ནི་ཉི་ཤུ་གཅིག༔ ཕྱག་མཚན་ཞེ་གཉིས་ཞི་བའི་དཀྱིལ་འཁོར་འཛིན༔ ས་ལམ་ཡོངས་རྫོགས་གང་འདུལ་མཛད་པའི་སྐུའི༔ ཞབས་བརྒྱད་ལྷ་ཀླུ་བྱོལ་སོང་ཁྲི་ལ་འགྱིངས༔ སྤྱི་གཙུག་ཀུན་བཟང་བདེ་གཤེགས་དཀྱིལ་འཁོར་རྫོགས༔ སྤྱི་བོར་འཇམ་དཔལ་མགྲིན་པར་དབང་ཆེན་དཔལ༔ ཐུགས་ཀར་ཁྲག་འཐུང་གསང་བར་ཧེ་རུ་ཀ༔ ལྟེ་བར་ཕུར་པ་ཕྲིན་ལས་དཀྱིལ་འཁོར་རྫོགས༔ གཡས་གཡོན་པུས་མོར་དྲེགས་པ་དྲག་སྔགས་དང༔ རྡོ་རྗེའི་གཤོག་རྩེར་རིགས་ལྔའི་ཁྱུང་ཆེན་སོགས༔ མ་འདྲེས་ཡོངས་རྫོགས་འཁོར་བཅས་སྐུར་བསྒོམས་ལ༔ དགོངས་པ་གསལ་གདབ་བྱིང་རྒོད་སྤངས་བྱས་ཏེ༔ སྙིང་པོ་ཡང་གསང་རིག་པའི་རྩལ་སྦྱང་བཟླས༔ ཞི་བའི་དལ་དབྱངས་དྲག་པོའི་འགྱིང་འདོར་གྱིས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞག་བདུན་འབུམ་ཕྲག་གསུམ་བསྙེན་རྩ་བསྙེན་རྫོགས༔ རིག་རྩལ་བསྲེ་འཕོའི་འཕྲོ་འདུ་ཅིར་ཡང་སྒྱུར༔ ཁ་དོག་ལྔ་ལྡན་རིགས་ཀྱི་ཐུགས་རྒྱུད་བསྐུལ༔ བཟླས་དང་རླུང་གི་འཕྲོ་འདུའི་རྩལ་འབྱིན་གྱིས༔ ཉི་ཁྲི་ཆིག་སྟོང་ཞག་གི་གྲངས་བསྙེན་འདི༔ གསང་སྔགས་ལམ་གྱི་མཐར་ཐུག་འདི་ཁོ་ན༔ དུས་གསུམ་རྒྱལ་བའི་ཐུགས་ཐིག་འདི་ལ་རྫོགས༔ ཕྱོགས་བཅུའི་དུས་གསུམ་ཡི་དམ་ཐུགས་སྙིང་འདི༔ བཟླས་པས་འགྲོ་འོང་རིག་མདངས་སླར་བཟླུམས་ཏེ༔ གསང་སྔགས་མཐར་ཐུག་འཇུག་པ་གཅིག་པུའི་ལམ༔ ས་མ་ཡ༔ རྫོགས་རིམ་ནི༔ ལྷ་དང་སྔགས་ལ་རྩོལ་བྱེད་རང་སྣང་དེ༔ གསལ་བཞིན་གསལ་བའི་ངོ་བོ་རང་གསལ་གདབ༔ གསལ་ཆ་གཉིས་མེད་ངོ་བོ་རང་གྲོལ་གྱི༔ དོན་གྱི་ལམ་འདི་བཞག་པའི་ཡུལ་མགོ་མཐོང༔ ཅིར་སྣང་ངོ་བོ་ཆོས་ཉིད་རོལ་པའི་རྒྱན༔ སྣང་བ་ལྷར་ཤར་སྟོང་པ་རང་གྲོལ་གྱིས༔ བདེ་ཀློང་གཉིས་མེད་རང་གྲོལ་རོལ་པ་ཆེར༔ ཆེད་འཛིན་འདུས་མ་ཡེ་བྱས་གནས་འདི་འགྲུབ༔ སྣང་བ་ཆེ་མཆོག་སྟོང་པ་གནམ་ཞལ་གྱི༔ ངོ་བོ་དེ་ལས་ལོགས་སུ་རྩོལ་སྒྲུབ་སྟོང༔ ཡི་དམ་རང་ངོ་ཤར་ཞིང་རེ་དོགས་སྟོང༔ རྩོལ་མེད་ཡེངས་པ་མེད་པའི་ལམ་ཁྱེར་འདིས༔ གྲུབ་པའི་རང་ས་ཟིན་གྱི་གཞན་ལས་མིན༔ རང་གསལ་ལྟ་བ་མི་གཡོ་བསྒོམ་པའི་ངང༔ རྩོལ་མེད་སྤྱོད་པ་ཡེངས་མེད་འབྲས་བུ་ཡི༔ མི་གཡོ་གདོད་མའི་གཞི་ཡི་ས་ཟུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཀློང་གསལ་སྙིང་པོས་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་པདྨ་སྟོབས་ཆེན་ནོ། །མངྒ་ལཾ།། །།

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ་ཡོད་ (Volume 16, Text 7)

༁ྃ༔ དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ་ཡོད། ། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ནས། །དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་འགྲིགས་དགོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །ཧཱུྃ༔ དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ དྲན་རྫོགས་དམ་ཡེ་དབྱེར་མེད་པའི༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་པའི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་པའི་ཕྱག་གསུམ་བྷནྡྷ་འཛིན༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ གཡས་པས་གཙོ་འཁྱུད་དྲིལ་བུ་སྟེ༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང༔ བསྐལ་པའི་མེ་དཔུང་ཀློང་དུ་བཞུགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཧཱུྃ༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་སཏྭ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བེ་ཏ་ལཱི༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ མགྲིན་པར་དབང་ཆེན་རྟ་མཆོག་རྒྱལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོག༔ ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ཐུགས་ཀར་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྟེ་བར་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་བྷནྡྷ་ཞིང་ག་འུ༔ ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ མ་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཧཱུྃ༔ གསང་བར་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ག༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡས་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ དབུ་གསུམ་མཐིང་ནག་འཇིགས་པ་ལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་སྙིང༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་གནོན༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡོན་དྲེགས་པ་ཀུན་འདུལ་རྗེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་ཆོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་འཁྲིལ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་སྐྱེད༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ཡང་དག་ཐུགས་ཀར་ཡེ་ཤེས་སེམས༔ མཐིང་ནག་ཞི་བའི་ཆ་བྱད་ཅན༔ རྡོ་རྗེ་དང་ནི་དྲིལ་བུ་བསྣོལ༔ འདོར་སྟབས་བཞུགས་པ་ཚོན་གང་ཙམ༔ དེ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག༔ ནས་འབྲུ་ཙམ་ལ་རྩ་སྔགས་བསྐོར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སྤྲོ་བསྡུ་དང་བཅས་བསྙེན་པ་བྱ། །མདུན་བསྐྱེད་དཀྱིལ་འཁོར་སྐད་ཅིག་བསྐྱེད། ཧཱུྃ༔ མདུན་དུ་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་ཛཿཧཱུྃ་བཾ་ཧོ་ཨ༔ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོག༔ གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་སུ་ཁ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བཀའ་བརྒྱད་བདག་མདུན་ཆ་ཚང་འདི། །སྔོན་གྱི་གཏེར་རྙིང་རྣམས་ནས་བསྡུས་ཏེ་བསྒྲིགས། །གནད་དང་མན་ངག་བརྒྱུད་པ་གསར་པ་སྟེ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཡིན། །དགོངས་གཏེར་གཞུང་དུ་དམིགས་པ་བསྙེན་སྔགས་དང་། །དབང་བསྐུར་རྩ་ཚིག་རྒྱུད་ཚིག་ལྟ་བུ་ལས། །ངག་ཏུ་འདོན་ཆ་གསལ་བར་མ་བྱུང་བས། །སྤྲུལ་སྐུ་ཉིད་ཀྱི་དགོངས་པས་རྗེས་གནང་ཕྱིར། །འདོན་ཆ་རཱ་ག་ཨ་སྱས་བསྒྲིགས་པ་ལ། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་འགྲོ་ཀུན་པད་འབྱུང་ཉིད་འགྲུབ་ཤོག། །།

དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་ (Volume 16, Text 8)

༄༅། །དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་བཞུགས་སོ། ། ན་མོ་གུ་རུ་པདྨ་ཡ། བཀའ་བརྒྱད་དབང་ནི། བུམ་པ་མཆོད་གཏོར་སྤྱི་ལྟར་བཤམས་ལ། སྐྱབས་སེམས་ད་ནངས་སྔོན་དུ་སོང་བས་འཐུས། བདག་མདུན་བུམ་ལྷ་གཏོར་མ་རྣམས་མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད་དེ། རང་ཉིད་ཆེ་མཆོག་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཚུལ་ཅན་ཞལ་གསུམ་གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་དབུས་ཞལ་མཐིང་ནག་ཏུ་འདུག་པ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྷ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ་མེ་དཔུང་གི་ཀློང་དུ་ཞབས་འདོར་སྟབས་སུ་བགྲད་པ། དེའི་གཡོན་ཕྱོགས་ནས་ཡུམ་མཆོག་སྐུ་མདོག་དུད་ཀ་ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཡང་དག །ལྟེ་བར་བླ་མེད་ཧེ་རུ་ཀ །གསང་བར་ཕུར་པ། བརླ་གཡས་སྟོབས་ལྡན་ནག་པོ། བརླ་གཡོན་དྲེགས་པ་ཀུན་འདུལ། སྤྱི་གཙུག་ཏུ་རྡོ་རྗེ་ཆོས་རྣམས་གསལ་བར་བསྐྱེད། ཡང་དག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ག་ཞི་བའི་ཆ་བྱད་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞབས་འདོར་ཐབས་སུ་བགྲད་པ་ཚོན་གང་བ་ཙམ། དེའི་ཐུགས་ཀར་ཧཱུྃ་མཐིང་ནག་ནས་འབྲུ་ཙམ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྐྱེད་ལ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་དགུའི་ལྷ་ཚོགས་སྤྱན་དྲངས། བདག་མདུན་བུམ་པ་རྣམས་ལ་ཐིམ་བུམ་པ་བདུད་རྩིས་གང་བར་གྱུར། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་ཅི་འགྲུབ་བཟླས་ནས་ཨརྒྷཾ་སོགས་དང་། ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཧཱུྃ། ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས། །ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར། །མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར། །བར་ཆད་སྡིག་སྒྲིབ་བསྲེག་ལ་ཕྱག་འཚལ་བསྟོད། །དེ་ནས་སློབ་མ་འདུས་ཁྲུས་བྱས་མཎྜལ་ཕུལ་ནས། འོ་ན་འདིའི་ལོ་རྒྱུས་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡུམ་ཀུན་ཏུ་བཟང་མོ་དང་སྙོམས་པར་ཞུགས་ནས་སྤྲུལ་པའིི་ཁྲོ་བོ་རྣམས་སྤྲོས་ཏེ། གསང་བའི་བདག་པོ་རྡོ་རྗེ་ཆོས་ཀྱིས་བསྐུལ་བས། བདེ་གཤེགས་འདུས་པ་རྩ་བའི་རྒྱུད་ལ་སོགས་པ་ཞི་ཁྲོ་སྤྱིའི་རྒྱུད་ལྔ། གསང་བ་འདུས་པ་ལ་སོགས་འདུས་པ་བརྒྱད་བཀའ་བསྩལ་ཏོ། །དེ་རྣམས་ཕྱག་ན་རྡོ་རྗེས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ཏེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད་དོ། །དེས་དུར་ཁྲོད་བསིལ་བ་ཚལ་དུ་རང་བྱུང་གི་མཆོད་རྟེན་ལ་གཏེར་དུ་སྦས་སོ། །སླར་སློབ་དཔོན་པདྨ་བྱོན་ནས་ཞི་ཁྲོ་ཡོངས་རྫོགས་ཀྱི་རྒྱུད་མན་ངག་རྣམས་ཕྱུང་། །ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལས་དབང་ལུང་མན་ངག་རྫོགས་པར་ཞུས། བལ་ཡུལ་ཡང་ལེ་ཤོད་སོགས་སུ་སྒྲུབ་པ་མཛད་པས་ཞི་ཁྲོའི་ལྷ་ཚོགས་ཞལ་་་གཟིགས། བོད་དུ་བྱོན་པས་རྒྱལ་པོས་དཀའ་བ་མེད་པར་མྱུར་དུ་འཚང་རྒྱ་བའི་གདམས་པ་ཞུས་པས། མཆིམས་ཕུར་རྗེ་འབངས་རྣམས་ལ་བཀའ་བརྒྱད་ཀྱི་དབང་མཛད་དེ། ཁྲོ་བོའི་ལྷ་ཚོགས་ཞལ་དངོས་སུ་བསྟན། ཉམས་སུ་བླངས་པས་གྲུབ་པ་ཐོབ་སྟེ། བཻ་རོ་ཙ་ནས་སྡེ་བརྒྱད་དབང་དུ་འདུས་ཤིང་ཡེ་ཤེས་ཀྱི་སྤྱན་ཐོབ། བདེ་གཤེགས་ཡོངས་རྫོགས་འདུས་པའི་ལུང་བསྟན་ལས། རྣམ་པར་སྣང་མཛད་དྲག་པོའི་སྔགས། །ནང་གི་ལྷ་དང་སྔགས་ལ་དད། །ད་ལྟའི་པདྨ་རྒྱལ་པོ་ནི། །བཻ་རོ་ཙ་ན་ཉིད་ཡིན་ཏེ། །ལས་སད་ཡེ་ཤེས་ལས་གྲུབ་པ། །དེ་བརྟེན་དེ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་པ་ལྟར། ཨོ་རྒྱན་ཉིད་དང་དབྱེར་མེད་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་སྤྲུལ་པའི་འོད་ཟེར་ལས་བྱུང་བ། རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བདུན་པ་ལ། སྔོན་བཻ་རོ་ཙ་ནའི་དུས་ཀྱི་བག་ཆགས་དྲན་ཏེ་དགོངས་གཏེར་ལས་ཕབ་པའོ། །འདིའི་དབང་ལུང་ཐོབ་ན་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། སྔོན་ལྷའི་བུ་དགེ་བའི་རྒྱལ་པོ་འཁོར་དང་བཅས་པས་ཆོས་འདི་སྤྱོད་པ་ལ། ལྷའི་བུ་རིན་ཆེན་འོད་ལྡན་དད་པ་སྐྱེས་ནས་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་ནས་མཇལ་ཏེ། དཀྱིལ་འཁོར་འདིར་ཞུགས་ཤིང་དཀྱིལ་འཁོར་མཐོང་བར་བྱས་པས་དེ་ཉིད་དུ་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་ཐོབ་བོ། །དེས་ན་ཆོས་འཛིན་པའི་གང་ཟག་དེ་མཇལ་ཞིང་དབང་ཞུས་ན་ཕན་ཡོན་དེ་ལྟར་རོ། །སྔོན་བྲམ་ཟེའི་བུ་གསལ་སྦྱིན་གྱིས་འདིའི་བསྙེན་སྒྲུབ་བསླབ་པ་མཐར་ཕྱིན་ཏེ། བསྒོམས་པར་བྱས་པས། ལུང་བསྟན་ཐོབ་སྟེ་སངས་རྒྱས་སྨྲ་བའི་སེང་གེ་ཞེས་བྱ་བར་འགྱུར་བར་གསུངས། དེས་ན་འདི་ཞུས་ཤིང་ཉམས་སུ་བླངས་ན། ཐེག་པ་མཐའ་དག་གི་བསླབ་པ་མཐར་ཕྱིན་ནས། བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་མྱུར་དུ་འཚང་རྒྱའོ། །མདོར་ན་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། གསང་བའི་ཐེག་པ་འདི་ཐོས་པའི་ཕན་ཡོན་ནི། མིང་ཙམ་ཐོས་པས་ཀྱང་ངན་འགྲོ་ལས་སྐྱོབ་པར་འགྱུར་རོ། །འདི་ལ་དགའ་ཞིང་མོས་པ་དང་འདུན་པ་བསྐྱེད་པའི་གང་ཟག་དམ་པ་དེ་ནི་རིག་འཛིན་རྒྱལ་བའི་སྲས་དམ་པར་གདོན་མི་ཟའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྒྲུབ་ཆེན་འདི་ཡི་མིང་ཙམ་སུས་གང་འཛིན། པདྨ་བདག་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཞེས་དང་། མ་ཅིག་མཚོ་རྒྱལ་གྱི་ཞལ་ནས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི་གཞན་ལས་ཁྱད་དུ་འཕགས་པའོ། །ཅིའི་ཕྱིར་ན། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཞིང་། མ་འོངས་པ་ན་ཡང་རྗེས་འཇུག་ཐམས་ཅད་འདི་ལས་གྲུབ་པ་ཐོབ་པ་མང་བར་གསུངས་སོ། །དེས་ན་ཐེ་ཚོམ་ཡིད་གཉིས་མ་བྱེད་པར་སྒྲུབས་ཤིག །ཤོད་ཅིག །སྟོན་ཅིག །སྒོམས་ཤིག །ཅེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བཀའ་བརྒྱད་བླ་མ་དབྱེར་མེད་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །གསུམ། བླ་མ་དཀོན་མཆོག་གསུམ་རྣམས་ལ། །བདག་ནི་རྟག་པར་སྐྱབས་སུ་མཆི། །མི་དགེ་བཅུ་དང་མཚམས་མེད་ལྔ། །སྡིག་བྱས་ཐམས་ཅད་མཐོལ་ལོ་བཤགས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དགེ་བྱས་ཀུན་ལ་རྗེས་ཡི་རང་། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཆོས་སྟོན་མཛད་པར་བདག་གིས་བསྐུལ། །རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །མྱ་ངན་མི་འདའ་བཞུགས་པར་འཚལ། །བདག་གིས་དེ་ལྟར་གསོལ་བཏབ་པའི། །དགེ་བ་སེམས་ཅན་ཀུན་ལ་བསྔོ། །གསུམ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། ལས་བུམ་གྱི་ཆུས་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཆེ་མཆོག་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཚུལ་ཅན། ཞལ་གསུམ་གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་ནག་ཏུ་འདུག་པ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྷ་འཛིན་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ་མེ་དཔུང་གི་ཀློང་དུ་ཞབས་འདོར་ཐབས་སུ་བགྲད་པ། དེའི་གཡོན་ཕྱོགས་ནས་ཡུམ་མཆོག་སྐུ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས་ཐོད་ཁྲག་འཛིན་པས་འཁྱུད་པ། ཡབ་ཀྱི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཡང་དག །ལྟེ་བར་བླ་མེད་ཧེ་རུ་ཀ །གསང་བར་ཕུར་པ། བརླ་གཡས་སྟོབས་ལྡན་ནག་པོ། བརླ་གཡོན་དྲེགས་པ་ཀུན་འདུལ། སྤྱི་གཙུག་ཏུ་རྡོ་རྗེ་ཆོས་རྣམས་གསལ་བར་བསྐྱེད། ཡང་དག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་ག་ཞི་བའི་ཆ་བྱད་རྡོ་རྗེ་དང་དྲིལ་བུ་འཛིན་ནས་ཞབས་འདོར་ཐབས་སུ་བགྲད་པ་ཚོན་གང་ཙམ། དེའི་ཐུགས་ཀར་ཧཱུྃ་མཐིང་ནག་ནས་འབྲུ་ཙམ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱད་ཆེ་མཆོག་དཔལ་དགུའི་ལྷ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། སྤོས་རོལ་མོ་དབྱངས་དང་བཅས། ཧཱུྃ། བཀའ་བརྒྱད་ཆེ་མཆོག་དཔལ་དགུའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །སྐལ་ལྡན་བདག་ལ་དབང་མཆོག་བསྐུར་དུ་གསོལ། །ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ། །རྩ་སྔགས་དང་། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱས་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། རིག་འཛིན་རྡོ་རྗེ་ཐོད་པ་རྩལ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །བླ་མ་རིག་འཛིན་དབང་ཐོབ་ཤོག །སརྦ་གུ་རུ་ཧཱུྃ་ཧཱུྃ། བུམ་པ་དཔྲལ་བར་བཞག །ཧཱུྃ། སྐུ་མཆོག་འཇམ་དཔལ་ཁྲོ་བོའི་སྐུ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །འཇམ་དཔལ་སྐུ་དབང་ཐོབ་པར་ཤོག །ཡ་མཱནྟ་ཀ་ཧཱུྃ་ཧཱུྃ། བདུད་རྩི་མགྲིན་པར་བཞག་ལ། ཧཱུྃ། གསུང་མཆོག་རྟ་མགྲིན་ཁྲོས་པའི་རྒྱལ། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །པདྨ་གསུང་དབང་ཐོབ་པར་ཤོག །ཧ་ཡ་གྲཱི་བ་ཧཱུྃ་ཧཱུྃ། སྙིང་ཁར་བདུད་རྩིའི་ཐིག་ལེ་བྱ། ཧཱུྃ། ཐུགས་མཆོག་བཛྲ་ཧེ་རུ་ཀ །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །ཡང་དག་ཐུགས་དབང་ཐོབ་པར་ཤོག །བཛྲ་ཧེ་རུ་ཀ་ཧཱུྃ་ཧཱུྃ། གཏོར་མ་ལྟེ་བར་བཞག་ལ། ཧཱུྃ། མངོན་རྫོགས་བླ་མེད་ཧེ་རུ་ཀ །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །མ་མོ་རྦོད་གཏོང་དབང་ཐོབ་ཤོག །གུ་ཧྱ་ཛྙཱ་ན་ཧཱུྃ་ཧཱུྃ། ཕུར་པ་གསང་བར་བཞག་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །ཕུར་པ་ཕྲིན་ལས་དབང་ཐོབ་ཤོག །བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ། བརླ་གཡས་སྡིགས་མཛུབ་གཏད་དེ། ཧཱུྃ། དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །དམོད་པ་དྲག་སྔགས་དབང་ཐོབ་ཤོག །སརྦ་དུཥྚཱཾ་ཧཱུྃ་ཧཱུྃ། བརླ་གཡོན་སྡིགས་མཛུབ་གཏད་དེ། ཧཱུྃ། དཔལ་ཆེན་དྲེགས་པ་ཀུན་འདུལ་ནི། །སྐལ་ལྡན་ཁྱོད་དང་གཉིས་སུ་མེད། །ཚུལ་འདི་འཆང་དང་དབང་ཐོབ་འགྱུར། །འཇིག་རྟེན་མཆོད་བསྟོད་དབང་ཐོབ་ཤོག །བཛྲ་ཙཎྜ་ཧཱུྃ་ཧཱུྃ། དེ་ནས་གནས་གསུམ་དུ་གཏོར་མ་བཞག་ལ། ཧཱུྃ། ཆེ་མཆོག་ཡབ་ཡུམ་སྐུ་གསུང་ཐུགས། །སྐལ་ལྡན་འདི་ལ་བྱིན་གྱིས་རློབས། །རྡོ་རྗེ་ལྟ་བུའི་དབང་བསྐུར་གསོལ། །པདྨ་ལྟ་བུར་བྱིན་རླབས་སྩོལ། །འཁོར་ལོ་ལྟ་བུར་རྒྱས་འདེབས་འཚལ། །ཐམས་ཅད་ལྷུན་གྲུབ་དབང་ཐོབ་ཤོག །བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་ས་མ་ཡ་སཏྭཾ། དེ་ནས་ཆས་བཅུ་རིམ་པར། ཧཱུྃ། ང་རྒྱལ་མ་སྤངས་སྐུ་ལྔས་འགྲོ་དོན་མཛད། ཡེ་ཤེས་ལྔ་ལྡན་ཐོད་ཕྲེང་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷིཉྩ་ཧཱུྃ། ཧཱུྃ། གཏི་མུག་མ་སྤངས་ཤེས་རབ་འགྲོ་དོན་མཛད། །སྤྲོས་བྲལ་གླང་ཆེན་ཀོ་རློན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཞེ་སྡང་མ་སྤངས་རང་གྲོལ་ཐབས་ཀྱིས་འགྲོ་དོན་མཛད། །ཀུན་གྲོལ་སྦྲུལ་གྱི་ཆུན་པོས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཕྲག་དོག་མ་སྤངས་ཚད་མེད་འགྲོ་དོན་མཛད། །ཕྲིན་ལས་བཞི་ལྡན་ཞིང་ཀོས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། འདོད་ཆགས་མ་སྤངས་དཔའ་བོས་འགྲོ་དོན་མཛད། ཁམས་གསུམ་སྒྲོལ་མཛད་སྟག་ཤམ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མཁའ་དབྱིངས་རྣམ་དག་རཀྟས་གདུག་པ་སྒྲོལ། ཁམས་གསུམ་དབང་སྡུད་ཁྲག་ཆེན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བསོད་ནམས་ཚོགས་ཆེན་རྒྱུ་དྲུག་འཁོར་བའི་བཅུད། །བྱང་ཆུུབ་ཞག་གི་ཟོ་རིས་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐྱེ་འཆི་རྩད་གཅོད་འཁོར་བ་སྒྲོལ་མཛད་པའི། །གདུག་པ་ཀུན་འདུལ་ཐལ་ཆེན་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། མི་འགྱུར་མི་ཤིགས་སྲིད་གསུམ་འཇོམས་མཛད་པའི། །ཅིས་ཀྱང་མི་ཚུགས་གོ་ཁྲབ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཡེ་ཤེས་མེ་འབར་འཁོར་བའི་རྒྱ་མཚོ་སྐེམ་པར་མཛད། །མ་རིག་མུན་སེལ་མེ་དཔུང་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕར་ཕྱིན་དྲུག་ལྡན་ཤེས་རབ་ཡུམ་དགུའི་རྒྱན། །རུས་པའི་རྒྱན་དྲུག་གཟིག་ཤམ་དབང་བསྐུར་རོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ལུས་ལ་བཀོན། ད་གཏོར་མ་འདི་ཉིད་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ། རྒྱ་གར་གྱི་རིག་འཛིན་བརྒྱད། གུ་རུ་པདྨ་འབྱུང་གནས། བོད་ཀྱི་གྲུབ་ཐོབ་མི་དགུ །ཤུད་བུ་དཔལ་གྱི་སེང་གེ །མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། བདེ་གཤེགས་ཞི་བའི་ལྷ་ཚོགས། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་ལྷ་ཚོགས། ཕྲིན་ལས་ཕུར་པའི་ལྷ་ཚོགས། མ་མོ་རྦོད་གཏོང་ལྷ་ཚོགས། བླ་མ་རིག་འཛིན་ལྷ་ཚོགས། དམོད་པ་དྲག་སྔགས་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས་ཤིག རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་མཾ་རཀྵ་རཀྵ། འོ་དེས་དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་གྱི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་འཛིན་པའི་མོས་པས། གཙོ་བོས་ཇི་ལྟར་སོགས། ས་གཞི་སྤོས་ཆུས་སོགས། ཞེས་པ་དགོངས་གཏེར་ལས་བྱུང་བའི་དབང་ཁ་གསལ་བར་ཡོད་ཀྱང་ལོ་རྒྱུས་དང་མཐའ་རྟེན་སོགས་ཀྱིས་བརྒྱན་ཏེ། རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་ཨོ་རྒྱན་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

སྒྲུབ་པ་བཀའ་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཐོགས་མེད་ (Volume 16, Text 9)

སྒྲུབ་པ་བཀའ་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཐོགས་མེད་ཅེས་བྱ་བ་ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ་གྱིས་མཛད་པ་བཞུགས་སོ། །བདེ་གཤེགས་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ཀྱི། །དཀྱིལ་འཁོར་ལྷ་ལ་གུས་པས་ཕྱག་འཚལ་ལོ། །འདི་རུ་གང་ཞིག་གཏེར་ཁ་གསར་རྙིང་གི །བཀའ་བརྒྱད་རྒྱས་བསྡུས་གང་ལའང་སྦྱར་རུང་བའི། །གསོལ་འདེབས་བྱིན་རླབས་ཐོགས་མེད་རྒྱས་བསྡུས་གསུམ། །དེ་ལ་དང་པོ་ཧཱུྃ་སྒྲུབ་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ། ཀུན་བཟང་ཆེ་མཆོག་བཀའ་བརྒྱད་ལྷ་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་ཐོད་ཕྲེང་རིག་པ་འཛིན་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ལས་ཀྱི་དབང་མོ་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། འཇམ་དཔལ་བཤེས་གཉེན་གྲུབ་ཆེན་བརྒྱད་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། པད་འབྱུང་ཆོས་རྒྱལ་ཡོངས་རྫོགས་བཀའ་བབ་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། སངས་རྒྱས་ཡེ་ཤེས་བཀའ་བབ་བརྒྱད་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ཡང་སྤྲུལ་གཏེར་སྟོན་ཆོས་བདག་བཅས་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། རྩ་བའི་བླ་མ་བརྒྱུད་པ་དགུ་ལྡན་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་རྣམས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། །བཀའ་འདུས་ཆོས་མཆོག་རྒྱུད་ལུང་མན་ངག་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། བདེ་གཤེགས་འདུས་པ་ཞི་ཁྲོ་ཡོངས་རྫོགས་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། བཀའ་བརྒྱད་བྱེ་བྲག་བཀའ་སྲུང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གི་ལུས་ངག་ཡིད་གསུམ་སྒྲིབ་སྦྱོང་ཞིང་། ཁྱེད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར། །དངོས་གྲུབ་ཡོངས་རྫོགས་ཐོབ་པར་བྱིན་གྱིས་རློབས། །ཧཱུྃ་ཧཱུྃ་ཧཱུྃ། ཅེས་པ་འདི་ཉིད་ཧཱུྃ་སྒྲུབ་ཙམ་ཞིག་དང་། །ལས་བྱང་ཆུང་ངུ་སྤྲོས་མེད་དོན་དུ་སྦྱར།། །།

༔བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ནང་སྐོར་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་གཞུང་བསྲང་ཆེན་མོ་བདེ་གཤེགས་འདུས་པའི་ཡང་བཅུད་དངོས་གྲུབ་སྙིང་པོ་ (Volume 16, Text 10)

༔བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ནང་སྐོར་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་གཞུང་བསྲང་ཆེན་མོ་བདེ་གཤེགས་འདུས་པའི་ཡང་བཅུད་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་འདུས་པའི་ལྷ༔ རིག་འཛིན་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ནང་སྐོར་སྒྲུབ་པ་བཀའ་བརྒྱད་བསྙེན་སྒྲུབ་གཞུང༔ བདེར་འདུས་ཡང་བཅུད་དངོས་གྲུབ་སྙིང་པོ་ཞེས༔ ཡིད་བཞིན་ནོར་བུ་ལྟ་བུའི་གདམས་མཆོག་བསྟན༔ ས་མ་ཡ༔ བསྙེན་སྒྲུབ་གཞུང་བསྲང་ལག་ལེན་རིམ་པ་ནི༔ སྤྱི་དོན་རྣམ་པ་གསུམ་གྱིས་གསལ་བར་བསྟན༔ དེ་ལ་དང་པོ་ཕུན་སུམ་ཚོགས་པ་ལྔ༔ སྟོན་པ་དང་ནི་འཁོར་དང་གནས་དང་དུས༔ ཡོ་བྱད་ལྔས་ནི་གཞི་མ་བཟུང་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ལས་གཞུང་སྤྱི་དོན་གཉིས་པ་ནི༔ སྒྲུབ་པའི་གཞུང་བསྲང་བ་ལ་བཞི་ཡིན་ཏེ༔ བསྙེན་དང་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་པོ༔ དེ་ཡི་བསྙེན་པར་བཞི་ལས་དང་པོ་ནི༔ བསྙེན་པའི་སྟ་གོན་་་དཔོན་སློབ་ཞུ་གནང་བསྙེན་དལ་བཤམ། ལས་གཞུང་བསྲངས་ནས།་་་བསྙེན་ཚད་སྐྱོལ་བ་དང༔ གཉིས་པ་སྤྱི་བཤགས་སྤྱི་སྐོང་ཚོགས་གསག་བྱ༔ གསུམ་པ་ས་ཡི་ཆོ་གའི་རིམ་པ་དང༔ བཞི་པ་སློབ་མ་་་དབང་གི་སྔོན་འགྲོ་རྫས་བཞི་སོགས།་་་ཉེ་བར་གནས་པར་བྱ༔ གཉིས་པ་ཉེ་བསྙེན་ལ་ཡང་བཞི་ཡིན་ཏེ༔ དང་པོ་ཕྱི་མཚམས་་་རྒྱལ་ཆེན་ཐོ་འཛུག་་བར་མཚམས་་་སྒོ་བྱང་ཕྱི་ནང་།་་་ནང་མཚམས་་་ཁྲོ་བཅུའི་སྲུང་ཕུར་བཀྲམ།་་་བཅད༔ གཉིས་པ་དཀྱིལ་འཁོར་་་བདུད་རྩི་ལྔ་སོགས་ཀྱིས།་་་ཆག་གདབ་ཐིག་ཚོན་བྲི༔ གསུམ་པ་དཀྱིལ་འཁོར་རྒྱན་བཀོད་ཞལ་སྐྱེམས་དྲང༔་་་ཡན་ཆད་སྒྲུབ་ཆེན་དང་འབྲེལ་ན། སྐབས་འདིར་་་ལས་ཕྲན་རྒྱུག་ཆོག་ཙམ་ལ་འདི་ནས་བཟུང་།་་་སྐྱབས་སེམས་མཆོད་སྦྱིན་སྲུང་འཁོར་བསྒོམ༔ ཁྱད་པར་རང་བཞིན་ལྟ་བས་མཚམས་བཅད་ནི༔ ཧཱུྃ༔ ཡེ་ནས་ཁྲོ་རྒྱལ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྣོད་བཅུད་སྣང་གྲགས་གསལ་སྟོང་ཡེ་ཤེས་ངང༔ རུ་ཏྲ་དགྲ་བགེགས་གཉིས་འཛིན་ཀ་ནས་དག༔ ལྷ་དང་འདྲེ་གཉིས་མ་གྲུབ་རང་གི་སེམས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སྟོང་པའི་ངང་ལ་ཡུན་རིང་བཞག༔ དེ་ནས་བདག་ཉིད་ཡེ་ཤེས་ལྷར་གསལ་ཞིང༔ ཧཱུྃ༔ འདི་ལྟར་མ་རྟོགས་འཁྲུལ་པའི་རང་གཟུགས་ལས༔ སྡུག་བསྔལ་གྲོང་ཁྱེར་འཁོར་བའི་སེམས་ཅན་བྱུང༔ ཀུན་ཀྱང་མ་བཅོས་ལྷུག་པའི་སེམས་ཉིད་འདི༔ སྐད་ཅིག་དྲན་རྫོགས་སྒྱུ་ལུས་ཧེ་རུ་ཀ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་མེད་ནི༔ ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་མེ་འོད་འཕྲོས༔ བར་ཆད་འབྱུང་པོ་བརླག་ཅིང་སྲུང་འཁོར་གྱུར༔ ཕྱི་དང་ནང་མེད་རོལ་པ་ཆེན་པོའི་ཀློང༔ ཨོཾ་ཧཱུྃ་ཨཱཿཛཿཕཊ༔ ཨོཾ་བཛྲ་ཀྲོ་ཏ་སརྦ་ས་མ་ཡ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཞི་པ་གསང་བའི་སྒྲུབ་ཐབས་ཐམས་ཅད་ལ༔ ཁྱད་པར་འཇུག་ཕྱིར་ཐུན་མོང་ལས་བདུན་ནི༔ དང་པོ་ཡེ་ཤེས་དལ་ལྷ་མངོན་སུམ་དུ༔ གསལ་བར་བྱ་ཕྱིར་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ རང་སྣང་ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོ་བཞི་ཡི་སྒོ་ཕྱེས་ཏེ༔ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱིས༔ འཕགས་པའི་ཞལ་བཟང་དམ་པ་བསྟན་དུ་གསོལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་གཉིས་མེད་མཇལ་བར་བྱ་བའི་ཕྱིར༔ བརྡ་ཕྱག་འཚལ་ཞིང་བསྒྲུབ་པར་དམ་བཅའ་ནི༔ ཧཱུྃ༔ ཡེ་ནས་ཐམས་ཅད་ཁྲོ་བོའི་ལྷ་ཚོགས་ལ༔ ཕྱག་འཚལ་ཀུན་བཟང་དོན་དམ་བརྡ་དང་གར༔ ཕྱི་ནང་གསང་བ་གཉིས་མེད་དོན་གྱིས་མཆོད༔ སྲོག་གི་ཕྱིར་ཡང་མི་སྤང་བསྒྲུབ་པར་བྱ༔ བཛྲ་ས་མ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཡ་མི་ན་མོ༔ མངོན་སུམ་དམ་ཚིག་བརྟན་ཕྱིར་རྟགས་གདབ་ནི༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ མཁའ་འགྲོ་གིང་དང་མ་མོ་རྣམས་དང་བཅས༔ རྣལ་འབྱོར་ས་གསུམ་དག་ལ་འགོད་པའི་ཕྱིར༔ ཞག་གི་ཟོ་རིས་ཐལ་རཀ་ཐིག་ལེས་མཚོན༔ ཨོཾ་མ་ཧཱ་སྨི་ག་ར་ཧཱུྃ༔ ཞེས་པས༔ སྐྲ་མཚམས་ཞག་གི་ཟོ་རིས་རྡོ་རྗེའི་དབྱིབས༔ མ་ཧཱ་ཀེཾ་ནི་རི་ཏི་ཧཱུྃ༔ ཞེས་པས༔ དཔྲལ་བར་ཐལ་ཆེན་ཚོམ་བུ་བྷནྡྷའི་དབྱིབས༔ མ་ཧཱ་རཀྟ་ནི་ཧཱུྃ༔ ཞེས་པས༔ ངོ་འབུར་རྣམས་རཀྟའི་ཐིག་ལེ་ཁ་ཊྭཱཾ་དབྱིབས་རྣམས་གདབ༔ རང་རྒྱུད་དག་པར་བྱ་ཕྱིར་བཤགས་པ་ནི༔ ཧཱུྃ༔ ཀུན་ནས་ཐམས་ཅད་རང་སེམས་ཞི་ཁྲོའི་ལྷ༔ བཤགས་དང་བཤགས་བྱ་མི་དམིགས་བཏང་སྙོམས་ངང༔ ཉམས་ཆག་ཉེས་ལྟུང་དྲི་མ་ཀློང་དུ་གྲོལ༔ ཀུན་ཀྱང་དབྱེར་མེད་ཁྱབ་བརྡལ་དཀྱིལ་འཁོར་ཆེ༔ སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ་སྭཱ་ཧཱ༔ ལྷ་ཡི་དངོས་གྲུབ་བསྒྲུབ་ཕྱིར་བྱིན་འབེབ་ནི༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་དང༔ རིག་འཛིན་བརྒྱུད་པ་རྣལ་འབྱོར་མཆེད་ལྕམ་ཚོགས༔ དཀྱིལ་འཁོར་གཉན་པོ་འདི་ལ་བྱིན་གྱིས་རློབས༔ སྐལ་ལྡན་རྣལ་འབྱོར་བདག་ལ་དབང་ཞིག་སྐུར༔ སྣང་གསལ་མར་མེ་འདི་ལ་མདངས་ཤིག་གསོལ༔ དབེན་གནས་གཉན་པོ་འདི་ལ་བཀྲ་ཤིས་གསོལ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ མཆོད་རྫས་ནུས་མཐུ་ལྡན་ཕྱིར་བྱིན་རླབས་ནི༔ ཧཱུྃ༔ གནས་འདིར་བཤམས་སྤྲུལ་ཕྱི་ནང་གསང་བ་དང༔ དེ་བཞིན་ཉིད་དུ་མཆོད་སྤུངས་བསམ་མི་ཁྱབ༔ བློ་ཡི་བྱེ་བྲག་མདངས་གསལ་འོད་རེ་བཀྲག༔ ཉི་ཟླ་ག་འུ་འཇའ་ཚོན་དང་རེ་སྤྲོ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་པཱ་དྱཾཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ལས་གཞུང་སྤྱི་དོན་གསུམ་པ་ནི༔ སྒྲུབ་པའི་དངོས་གཞི་འདི་ལ་བཞི་ཡིན་ཏེ༔ གང་སྒྲུབ་རྒྱུ་ནི་ཏིང་འཛིན་རྣམ་གསུམ་བསྒོམ༔ གོང་གི་སྒྲུབ་ཐབས་དམ་ཚིག་དཀྱིལ་འཁོར་བསྐྱེད༔ གང་ལ་བྱ་བའི་ཡེ་ཤེས་སྤྱན་དྲངས་པ༔ གང་ལྟར་སྒྲུབ་ཚུལ་བྱ་བ་ལས་རིམ་མོ༔ དེ་ལ་དང་པོ་་་གང་སྒྲུབ་པའི་གཞིའམ་རྒྱུ།་་་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ༔ ཀུན་ཁྱབ་ཀུན་བྱེད་དབྱིངས་རིག་ཀློང་ཡངས་ལས༔ འགག་མེད་གསལ་དག་རང་རིག་ཡི་གེ་ཧཱུྃ༔ དེ་ལས་འབྲུ་གསུམ་ཐམས་ཅད་བསྲེག་གཏོར་བཤལ༔ དངོས་པོ་འཛིན་ཆགས་བྲལ་བའི་སྟོང་ཉིད་གསལ༔ གཉིས་པ་དམ་ཚིག་དཀྱིལ་འཁོར་བསྐྱེད་པ་ནི༔ དང་པོ་རྟེན་གཞི་འབྱུང་བ་རིམ་བརྩེགས་བསྒོམ༔ ཧཱུྃ༔ སྟོང་གསལ་དེ་ཡི་ངང་ལས་སྐད་ཅིག་གིས༔ ཧཱུྃ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ རིམ་བཞིན་ནམ་མཁའ་རླུང་ཁྲག་ས་གཞི་དང༔ རུས་པའི་རི་རབ་དེ་སྟེང་མེ་འོད་འབར༔ དེ་ཡི་སྟེང་རྟེན་གཞལ་ཡས་བསྐྱེད་པ་ནི༔ ཧཱུྃ་ལས་བྷྲཱུྃ་འཕྲོས་རིན་ཆེན་བྷནྡྷཱའི་མཁར༔ མ་བཅོས་ལྷུན་གྲུབ་འོད་ཀྱི་དཀྱིལ་འཁོར་གསལ༔ ཕྱོགས་མཚམས་རིས་མེད་སྟོང་གསལ་མཐའ་དབུས་བྲལ༔ ཨ་འཐས་འཛིན་བྲལ་སྒྱུ་འཕྲུལ་ཕོ་བྲང་ཆེ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷྲཱུྃ༔ དེ་ཡི་ལྷ་གནས་རྣམས་སུ་གདན་ཁྲི་བསྐྱེད༔ ཧཱུྃ༔ ཕྱི་ནང་དུར་ཁྲོད་རྡོ་རྗེ་མེ་དཔུང་ཀློང༔ དབུས་དང་ཕྱོགས་མཚམས་ཨེ་ཡི་དཀྱིལ་འཁོར་དབུས༔ བྱོལ་སོང་གཙོ་བརྒྱད་རུ་ཏྲ་ཏི་ར་བཾ༔ མ་ཉི་ཨ་ཙན་པཾ་ལས་པད་ཟླའི་སྟེང༔ རྟེན་ལ་བརྟེན་པའི་ལྷ་ཚོགས་བསྐྱེད་པ་ནི༔ ཧཱུྃ༔ རང་རིག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ འོད་ཟེར་དཔག་ཡས་མཆོད་འབུལ་འགྲོ་དོན་བསྒྲུབས༔ མ་བཅོས་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་གཟི་བརྗིད་འོད་ཟེར་འབར༔ ཉི་ཤུ་རྩ་གཅིག་ཞལ་རྣམས་ཁྲོ་ཞིང་རྔམ༔ ལྗགས་འདྲིལ་རྣོ་ངར་མཆེ་བ་དཀར་ལ་གཙིགས༔ ཡ་སོ་ཁྲོ་བོ་མ་སོ་ཁྲོ་མོའི་གཟུགས༔ ཁ་རླངས་ཐམས་ཅད་དུག་དུད་སྤྲིན་ལྟར་འཐུལ༔ ཉི་ཟླ་ལྟ་བུའི་སྤྱན་རྣམས་སྡང་མིག་བགྲད༔ སྨིན་མ་གློག་ལྟར་འོད་འཁྱུག་གཟའ་སྐར་ང༔སྒྲེང༔ དབུ་སྐྲ་དམར་སེར་གྱེན་འཁྱིལ་མེ་སྟག་འཕྲོ༔ ཤངས་ནས་བསྐལ་པའི་རླུང་འཚུབས་སྤྲུལ་པ་འགྱེད༔ སྨ་ར་མེ་ལྕེ་འབར་བས་ཧཱུྃ་སྒྲ་སྒྲོག༔ ཞལ་ནས་ཆུ་ཚན་ཁོལ་མའི་རྦ་ཀློང་འཁྲུག༔ སྙན་ནས་སྟོང་གསུམ་འཆིང་བའི་དུད་སྤྲིན་འཐིབས༔ གཤོག་ཟུར་གཉིས་ལས་གཡས་སུ་རྡོ་རྗེ་འཕྲོ༔ གཡོན་དུ་རིན་པོ་ཆེ་ཡི་ཆར་པ་འབེབ༔ ཡུམ་ཆེན་བཟང་མོ་དབུ་དགུ་ཕྱག་བཅོ་བརྒྱད༔ གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བུ་དང༔ འོག་རྣམས་གནས་ཡུལ་ཁྲོ་མོ་བསྣམས་བྱས་ནས༔ སྐུ་ལ་འཁྲིལ་ཞིང་ཡབ་ཡུམ་གཉིས་སུ་མེད༔ གར་དགུའི་ཉམས་ལྡན་དུར་ཁྲོད་དཔལ་ཆས་རྫོགས༔ ཧཱུྃ༔ ཕྱག་གི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ན༔ ཞི་བ་སངས་རྒྱས་བཞི་བཅུ་རྩ་གཉིས་ནི༔ ཡབ་རྣམས་གཡས་ལ་ཡུམ་རྣམས་གཡོན་དུ་བཞུགས༔ ཐུབ་པ་དྲུག་ནི་གཡས་གཡོན་གསུམ་གསུམ་བཞེངས༔ ཞབས་བརྒྱད་བརྐྱང་བསྐུམ་བྱོལ་སོང་གཙོ་བརྒྱད་སྟེང༔ འགྱིང་བག་སྟོབས་ལྡན་མེ་དཔུང་ཀློང་དུ་གསལ༔ དེ་ཡི་ཐུགས་ཀར་དབུ་དགུ་ཕྱག་བཅོ་བརྒྱད༔ སྐུ་མདོག་མཐིང་ནག་ཞབས་བརྒྱད་དྲེགས་པ་བརྫིས༔ ཕྱག་གཡས་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང༔ འཁོར་ལོ་རིན་ཆེན་པདྨ་རལ་གྲི་དང༔ དགྲ་སཏྭ་ཞགས་པ་དགུ་ནི་གཡས་སུ་ཐོགས༔ ཕྱག་གཡོན་བྷན་དམར་ཞིང་དབྱུག་ཐོང་གཤོལ་དང༔ ཉི་ཟླ་རི་རབ་ཁྲག་མཚོ་མེ་རླུང་དགུ༔ རབ་འཇིགས་ཁྲོ་ཚུལ་ཡུམ་དང་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དབུ་གསུམ་ཕྱག་དྲུག་པ༔ མཐིང་དཀར་དམར་ཞལ་ཕྱག་གཡས་རྡོ་རྗེ་གསུམ༔ གཡོན་གསུམ་བྷནྡྷ་གསུམ་བསྣམས་ཞབས་བཞི་བགྲད༔ ཡུམ་མཆོག་གནམ་ཞལ་དབྱིིངས་ཕྱུག་གཉིས་མེད་འཁྲིལ༔ དེ་ཡི་ཐུགས་ཀར་དོན་གྱི་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་འདོར་ཐབས་བགྲད༔ རྡོ་རྗེ་བྷན་དམར་འཛིན་ཅིང་ཁྲོ་ཚུལ་ཙམ༔ ཏིང་འཛིན་མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ ཤར་དུ་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཐུགས་མཆོག་བཛྲ་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ བྷན་དམར་དྲིལ་བུ་རྒྱུ་ཞགས་ཡུམ་དང་འཁྲིལ༔ ཧཱུྃ༔ ལྷོ་རུ་སེར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ འཇམ་དཔལ་སྐུ་མཆོག་སེར་ནག་དཀར་དམར་ཞལ༔ ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སཏྭ་གཡས༔ བྷན་དམར་སྡིགས་མཛུབ་མདུང་ཐུང་ཡུམ་དང་འཁྲིལ༔ ཧཱུྃ༔ ནུབ་ཏུ་དམར་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ པདྨ་གསུང་མཆོག་དམར་སྨུག་དཀར་སྔོའི་ཞལཿ ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་ཡུམ་དང་འཁྲིལ༔ ཧཱུྃ༔ བྱང་དུ་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཕྲིན་ལས་ལྷ་མཆོག་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་དཀར་དམར་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་ཁ་ཊྭཱཾ་མེ༔ ཕྱག་གི་མཐའ་གཉིས་ཕུར་པ་ཐུགས་ཀར་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ཤར་ལྷོར་བླ་མེད་མཐིང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་ཁྱུང་ཆེན་སྦྲུལ་ཞགས་གཡས༔ བྷནྡྷ་ཞིང་དབྱུག་ག་འུ་གཡོན་ན་བསྣམས༔ ཉིད་བཞི་མུ་ཁ་ལེ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་སློབ་དཔོན་རྡོར་དྲིལ་བསྣམས༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་འཁྲིལ༔ རིན་ཆེན་རུས་བརྒྱན་དར་གྱི་ན་བཟའ་བཀླུབས༔ འཁོར་དུ་དཔའ་བོ་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཧཱུྃ༔ ནུབ་བྱང་དྲེགས་འདུལ་ཁམ་ནག་སྨུག་མཐིང་ཞལ༔ རྡོ་རྗེ་ལྷ་བརྒྱད་མགོ་བོ་གཡས་སུ་ཐོགས༔ བྷན་དམར་ཀླུ་བརྒྱད་མགོ་བོ་གཡོན་དུ་ཐོགས༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་གཉིས་མེད་འཁྲིལ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ཞལ་གསུམ་མཐིང་ནག་ལ༔ ཕྱག་དྲུག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་གཡས༔ བྷན་དམར་ཀླུ་བརྒྱད་ཙིཏྟ་གཡོན་དུ་བསྣམས༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཀུན་ཀྱང་ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་བགྲད༔ ཁྲོ་ཚུལ་འགྱིང་བག་དུར་ཁྲོད་དཔལ་ཆས་བརྒྱན༔ ཧཱུྃ༔ དེ་ལྟར་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་དང༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ གཞན་ཡང་དཔལ་མགོན་ཆོས་སྐྱོང་སྲུང་མའི་ཚོགས༔ རྣམ་འཕྲུལ་བཀའ་ཉན་གུས་སྡོད་ཚུལ་བཞུགས་བསྒོམ༔ གནས་གསུམ་བྱིན་གྱིས་བརླབ་ཅིང་དབང་བསྐུར་ནི༔ ལྷ་ཚོགས་དེ་དག་གནས་གསུམ་འབྲུ་གསུམ་མཚན༔ དེ་ལས་འོད་འཕྲོས་ཕྱོགས་དུས་རྒྱལ་བ་ཀུན༔ རྣམ་སྣང་མཐའ་ཡས་རྡོར་སེམས་རྣམ་པར་བྱོན༔ གནས་གསུམ་ཐིམ་པས་སྐུ་གསུང་ཐུགས་བྱིན་བརླབས༔ སླར་ཡང་འོད་ཀྱིས་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་ཕྱི་ནང་སྒྲིབ་དག་དབུར་བརྒྱན་གྱུར༔ གསུམ་པ་་་གང་ལ་བྱ་བའི།་་་ཡེ་ཤེས་དཀྱིལ་འཁོར་སྤྱན་འདྲེན་ལས༔ དང་པོ་དབྱིངས་ནས་བཞེངས་སུ་གསོལ་བ་ནི༔ ཧཱུྃ༔ རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པའི༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ནི༔ བདུན་བརྒྱ་ཉི་ཤུ་དབྱིངས་ནས་བཞེངས་སུ་གསོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་དྷཱ་ཀི་ནཱི་ས་མ་ཡ་ཧྲཱིང་ཧྲཱིང་ཧཱུྃ་ཕཊ༔ ཅེས་པས༔ རང་བཞིན་དཀྱིལ་འཁོར་འོག་མིན་ཆོས་དབྱིངས་ནས༔ ཡེ་ཤེས་དཀྱིལ་འཁོར་ཆོས་སྐུའི་ངང་ཉིད་ལས༔ ཐུགས་རྗེ་མ་འགག་དབང་གིས་ལོངས་སྐུ་ཉིད༔ ཏིང་འཛིན་དཀྱིལ་འཁོར་རྣམ་པ་ཅན་བཞེངས་བསམ༔ དེ་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་པ༔ གསུར་དུད་རོལ་མོ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྤྲུལ་པ༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་སྲུང་མར་བཅས༔ མ་ལུས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་བཛྲ་ཀྲོ་དྷ་སརྦ་ས་མ་ཡ་ཛ་ཛ༔ ཞེས་པས༔ དཀྱིལ་འཁོར་ལྷ་ཚོགས་མདུན་གྱི་ནམ་མཁའ་ལ༔ སྤྲིན་དཔུང་རླུང་གིས་བསྐྱོད་ལྟར་བྱོན་པར་བསམ༔ དེ་ནས་གཉིས་སུ་མེད་པར་བསྟིམ་པ་ནི༔ ཧཱུྃ༔ དབྱིངས་ནས་སྐུ་བསྐྱོད་བདེ་གཤེགས་འདུས་པའི་ལྷ༔ བདག་དང་གཉིས་སུ་མེད་པར་བསྒྲུབ་པའི་ཕྱིར༔ ཆུ་དང་འོ་མ་འདྲེས་པ་ཇི་བཞིན་དུ༔ དམ་ཚིག་དཀྱིལ་འཁོར་ཆེན་པོར་བསྟིམ་དུ་གསོལ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས༔ དམ་ཚིག་པ་ལ་གཉིས་མེད་ཐིམ་པར་བསམ༔ དེ་ལྟར་བརྟན་པར་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཀ་དག་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་རང་བབ་དཀྱིལ་འཁོར་འདིར༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས༔ སྐུ་གསུང་ཐུགས་མཆོག་བརྟན་པར་བཞུགས་པར་བསམ༔ གསུམ་པ་གང་ལྟར་སྒྲུབ་པའི་ཚུལ་བྱ་བ༔ ལས་ཀྱི་རིམ་པའི་དང་པོ་ཕྱག་མཆོད་ནི༔ ཧཱུྃ༔ མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས༔ མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཡ་མི་ན་མོ༔ ལྷ་ཚོགས་སྐུ་ཁྲུས་ན་བཟའ་རྒྱན་མཆོད་ནི༔ ཧཱུྃ༔ རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས༔ ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང༔ ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས༔ འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཕྱི་ནང་གསང་བ་དེ་བཞིན་ཉིད་མཆོད་ནི༔ ཧཱུྃ༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་ལྔ༔ གཉིས་མེད་གསང་མཆོད་དེ་བཞིན་ཉིད་ཀྱིས་མཆོད༔ འཁོར་གསུམ་ཡོངས་དག་དམིགས་མེད་དོན་གྱིས་མཆོད༔ གཉིས་མེད་བླང་དོར་མེད་པའི་ངང་དུ་བཞེས༔ ཕྱི་མཆོད་་་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧོ༔ ནང་མཆོད་་་རཱུ་པ་ཤབྡ་གནྡྷེ་རཱ་སྱ་སྤརྴེ་པཱུ་ཙ་ཧོ༔ གསང་མཆོད་་་བོ་དྷི་ཙིཏྟ་ཧོ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་་་དྷརྨཱ་དྷཱ་ཏུ་ཧོ༔ མཆོད་པ་ཐམས་ཅད་་་སརྦ་པཱུ་ཙ་ཧོ༔ སྨན་རཀ་གཏོར་མ་སྦྱོར་སྒྲོལ་གླུ་མཆོད་ནི༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ སྦྱོར་སྒྲོལ་ཏིང་འཛིན་གླུ་བྲོ་གར་གྱིས་མཆོད༔ སྨན་མཆོད་་་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ རཀྟ་མཆོད་པ་་མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མའི་མཆོད་པ་་་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་མཆོད་་་མ་ཧཱ་བཛྲ་པདྨ་ཡོ་གི་ནཱི༔ ཨ་ཧོ་སུ་ཁ་ཧོ༔ བསྒྲལ་མཆོད་་་མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ ཨེ་སྥ་ར་ཎ་ཕཊ༔ གླུ་གར་གྱི་མཆོད་པ་་་ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་པཱུ་ཙ་ཧོ༔ བྲོ་ཡི་མཆོད་པ་་་ཏེ་ན་ཏེ་ཏེ་ཧཱུྃ༔ ཧཱུྃ༔ སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས༔ ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག༔ ལྷ་ཚོགས་རྣམས་ལ་བསྟོད་པས་མཆོད་པ་ནི༔ ཧཱུྃ༔ ཀ་དག་རབ་འབྱམས་ཆོས་དབྱིངས་ཞིང་ཁམས་སུ༔ ལྷུན་གྲུབ་རང་བྱུང་ཡེ་ཤེས་གཞལ་མེད་ཁང༔ རང་རིག་གཟུང་འཛིན་བྲལ་བའི་དཀྱིལ་འཁོར་གསལ༔ བདེ་གཤེགས་རང་སྣང་ལྷ་ལ་བསྟོད་པར་བགྱི༔ ཧཱུྃ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཞི་བའི་ཚུལ་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་དང་རྔམ་པར་སྟོན་པ་དང༔ སྙིང་བརྩེ་ཁྲོ་དང་ངོ་མཚར་གར་དགུ་ལྡན༔ ཁྲོ་བོ་གར་དགུ་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་བརྒྱན༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་ཆས་དགུས་བརྒྱན༔ དུར་ཁྲོད་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་རིགས་ལྔ་ཡབ༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་དང་སྦྱོར༔ སེམས་དཔའ་ལྕམ་དྲལ་ཐུབ་དྲུག་སྒོ་བ་དང༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས༔ ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར༔ མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར༔ བར་ཆད་སྡིག་སྒྲིབ་བསྲེག་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་དབྱེར་མེད་བསྲེ་ཞིང་ཉམས་ཆག་བསྐང༔ ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རོལ་པ་ལས༔ ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ངང༔ སྤྲོས་པས་མཐའ་འདས་བསྡུས་པས་རང་བཞིན་ཀློང༔ ལྷུན་གྲུབ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི༔ འགལ་འཁྲུལ་ཉམས་ཆག་དེང་འདིར་བསྐང་གྱུར་ཅིག༔ ལྷ་དང་བླ་མར་གསོལ་བ་གདབ་པ་ནི༔ ཧཱུྃ༔ ཐུགས་དགོངས་ཆོས་ཉིད་ཡངས་པའི་ཀློང་ནས་སྟོན༔ རབ་འབར་བསྐལ་པའི་མེ་འོད་འཁྲིགས་པའི་ཀློང༔ ཧཱུྃ་ཕཊ་དྲག་སྔགས་འབྲུག་སྟོང་ལྡིར་བ་ཡི༔ བཀའ་བརྒྱད་ལྷ་ཚོགས་བླ་བརྒྱུད་བཅས་རྣམས་ལ༔ གསོལ་བ་འདེབས་སོ་རྣལ་འབྱོར་བདག་ཅག་གི༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ རང་རིག་རྟོགས་པའི་གདིང་དང་མི་འབྲལ་ཞིང༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ དེ་ནས་ལྷ་ཚོགས་འཛབ་ཀྱིས་བསྐུལ་བ་ནི༔ ཧཱུྃ༔ སྐྱེ་མེད་ངང་ལས་འགག་མེད་སྐུར་བཞེངས་ཏེ༔ ཐུགས་སྲོག་ཧཱུྃ་ལས་གྲགས་སྟོང་གསུང་གི་སྒྲ༔ རང་བྱུང་ཐུགས་ལས་ལྷུན་གྲུབ་དབྱིངས་ཀྱི་ངང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འཛབ་ཀྱིས་བསྐུལ༔ བཟླས་པ་དངོས་ནི་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ཀའི་སྔགས་ཀྱི་འོད་ཟེར་འཕྲོ་འདུ་ལ༔ དམིགས་ཏེ་དཀྱིལ་འཁོར་དགུ་པོ་རིམ་པར་བཟླ༔ ཕྱག་གི་དཀྱིལ་འཁོར་ཞི་བའི་སྙིང་པོ་ནི༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དབུས་སུ་ཆེ་མཆོག་ཡོན་ཏན་སྙིང་པོ་ནི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཤར་དུ་ཡང་དག་ཐུགས་ཀྱི་སྙིང་པོ་ནི༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལྷོ་རུ་འཇམ་དཔལ་སྐུ་ཡི་སྙིང་པོ་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ནུབ་ཏུ་པདྨ་གསུང་གི་སྙིང་པོ་ནི༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བྱང་དུ་ཕུར་པ་ཕྲིན་ལས་ཀྱི་སྙིང་པོ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱ་ལ་ཡ་སརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊ༔ ཤར་ལྷོར་མ་མོ་རྦོད་གཏོང་སྙིང་པོ་ནི༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལྷོ་ནུབ་རིག་འཛིན་སློབ་དཔོན་སྙིང་པོ་ནི༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ནུབ་བྱང་འཇིག་རྟེན་མཆོད་བསྟོད་སྙིང་པོ་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ བྱང་ཤར་དམོད་པ་དྲག་སྔགས་སྙིང་པོ་ནི༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཁྱུང་དང་དཔལ་གྱི་བཀའ་སྲུང་ལྷ་ཚོགས་སྙིང་པོ་ནི༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིང་ཧྲཱིང་ཧཱུྃ་ཕཊ༔ སྙིང་པོ་གཅིག་དྲིལ་དྲག་སྔགས་མེ་དཔུང་ནི༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སྔགས་ཀྱི་ཤམ་བུར་དམོད་བཅོལ་འདོགས་པ་ནི༔ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ རེ་རེ་བཞིན་དུ་ཅི་ནུས་བཟླས་པའི་མཐར༔ ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བཅས་རྣམས་བྱ༔ མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་གདབ༔ ཡང་ན་བྱེ་བྲག་སོ་སོར་བསྒྲུབ་འདོད་ན༔ གང་ཟག་རང་རང་འདོད་བློ་དང་བསྟུན་ཏེ༔ ཆེ་མཆོག་སྐུ་སོགས་བདེ་གཤེགས་གང་མོས་བསྒོམ༔ སྙིང་པོ་བཟླ་བ་ཡང་ནི་དེ་དང་མཚུངས༔ སྐབས་སུ་དངོས་གྲུབ་བླང་བའི་ཆོ་ག་ནི༔ མཚན་ལྡན་བྷནྡྷར་ཛ་གད་བདུད་རྩི་སྦྱར༔ བཟའ་བཏུང་ཞིམ་བཅུད་བཟང་རྣམས་དངོས་གྲུབ་རྫས༔ བཤམས་ལ་བསང་སྦྱང་དངོས་གྲུབ་སྙིང་པོ་བཟླ༔ དམིགས་པ་འཕྲོ་འདུས་གང་འདོད་དངོས་གྲུབ་བསྟིམ༔ མཆེད་ལྕམ་དངོས་གྲུབ་བསྐུལ་བ་འདི་ལྟར་བྱ༔ ཧཱུྃ༔ མཉམ་པའི་དོན་ལ་མ་སྐྱེས་གཉིས་མེད་ཕྱིར༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ རིག་དང་མ་རིག་རྒྱུ་ཡི་ཁྱད་པར་ལས༔ རྟོགས་པའི་ཁྱད་པར་མཉམ་པར་མ་གྱུར་ཏེ༔ རྒྱལ་བའི་དགོངས་སྤྱོད་དབང་དུ་རབ་སྡུས་ལ༔ མཁྱེན་རབ་ཏིང་འཛིན་དངོས་གྲུབ་བསྩལ་དུ་གསོལ༔ ཆགས་པའི་ནད་ཀྱིས་གདུང་བའི་གཅོང་སྙིང་ལ༔ དུག་ལྔ་སྲིན་པོ་ཞེ་སྡང་གློ་བུར་གྱིས༔ ཚེ་སྲོག་སྒྱུ་མའི་ལུས་ལ་བར་གཅོད་ན༔ གསང་སྔགས་བླ་མེད་སྐུ་གསུང་ཐུགས་བྱིན་གྱིས༔ བདུད་དང་མུ་སྟེགས་ཟིལ་གྱིས་མནན་པའི་ཕྱིར༔ རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ མངོན་ཤེས་དྲུག་དང་རྫུ་འཕྲུལ་སྟོབས་རྣམས་དང༔ གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་བཞི་སོགས༔ ཐམས་ཅད་ཡོངས་སུ་རྫོགས་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ དངོས་གྲུབ་རྫས་རྣམས་རོལ་ཞིང་དམིགས་པ་ནི༔ ལྷ་ཚོགས་གནས་གསུམ་དཀར་དམར་མཐིང་འོད་ཟེར༔ ངོ་བོ་ལྷ་དང་ཡིག་འབྲུ་ཡིན་པ་ལ༔ རྣམ་པ་བདུད་རྩིའི་ཚུལ་དུ་བྱུང་ནས་ཀྱང༔ རང་གི་ལུས་ངག་ཡིད་ལ་ཐིམ་གྱུར་པས༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པ་དང༔ སྐུ་གསུང་ཐུགས་དང་དབྱེར་མེད་འགྲུབ་པར་གྱུར༔ དེ་ལྟར་བྱས་པས་དངོས་གྲུབ་མ་ལུས་ཐོབ༔ བཟླས་པའི་མན་ངག་རིམ་པ་ཁྱད་པར་ཅན༔ ཟབ་རྒྱ༔ ལས་རྣམས་ཁ་སྐོང་ཚོགས་ཀྱི་ལས་རིམ་ནི༔ ཤ་ཆང་ལ་སོགས་ཚོགས་ཀྱི་ཡོ་བྱད་རྣམས༔ དཀྱིལ་འཁོར་མདུན་དུ་གདན་གཙང་སྟེང་དུ་བཤམ༔ ཨ་མྲྀཏའི་ཆུ་འཐོར་ཞིང་སྔགས་འདིས་བསང༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ དེ་ནས། གུ་རུ་དེ་བ་ཌཱ་ཀི་ནཱི༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ༔ ཚོགས་མགྲོན་ལྷ་ཚོགས་བྱོན་ནས་བཞུགས་པར་བསམ༔ དེ་ནས་ཕྱག་འཚལ་ཚོགས་ཕྲིན་གདབ་པ་ནི༔ ཀྱེ་ཧོ༔ འདུས་པའི་ཚོགས་རྣམས་གསན་ཅིང་དགོངས་སུ་གསོལ༔ སྤྲོས་མེད་དབྱིངས་ལས་རང་བཞིན་རྣམ་དག་ཅིང༔ རང་བྱུང་ཕོ་བྲང་དགུ་ཤར་དཀྱིལ་འཁོར་ན༔ སྒྲུབ་པ་བཀའ་བརྒྱད་ཡབ་ཡུམ་སྲས་འཁོར་བཅས༔ ཕྱི་ནང་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ ཐམས་ཅད་མ་ལུས་གསན་ཅིང་དགོངས་སུ་གསོལ༔ ལྷ་ཚོགས་ཁྱེད་རྣམས་ཐུགས་དམ་དགྱེས་བསྐང་ཞིང༔ བདག་ཅག་རྣམས་ཀྱི་གཡར་དམ་བསྐང་བའི་ཕྱིར༔ འབྱོར་ཚོགས་གཞུང་བཞིན་གུས་པས་འབུལ་ལགས་ན༔ ཐུགས་རྗེས་བཞེས་ཤིང་དགོངས་པ་ཅི་གནང་སྩོལ༔ ཨ་ལ་ལ་ཧོ༔ ཚེ་གལ་ཟླ་རྒྱས་ཟླ་ཕྲོམ་འཇམ་དེས་དང༔ ཀུན་ཏུ་རྒྱུ་དང་མཱཾ་ས་རཀྟ་དང༔ ཞོ་ཕྲུམ་ལ་སོགས་ཛ་གད་རྣམས་དྲང་ངོ་༔ གར་གྱིས་སྤྱི་བོའི་གཙུག་ཏུ་ཚོགས་བླངས་ལ༔ ཕྲིན་ལན་སློབ་དཔོན་དགྱེས་ཚུལ་འདི་སྐད་གནང༔ ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དང༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས༔ འགྲོ་དོན་ཡལ་བར་མི་དོར་ཐུགས་བརྩེའི་ཕྱིར༔ གསོལ་བར་གནང་གིས་འབྱོར་ཚོགས་གཞུང་བཞིན་དྲོངས༔ ཨ་ལ་ལ་ཧོ༔ དེ་ནས་བསང་སྦྱང་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏིང་འཛིན་གྱིས༔ འཁོར་འདས་ཆོས་རྣམས་སྒྱུ་མར་རིག་པས་ན༔ བསྲེགས་སྦྱངས་བཀྲུས་པས་མ་དག་མེད་པའི་ཕྱིར༔ འདིར་བཤམས་ཚོགས་རྫས་དངོས་འཛིན་བག་ཆགས་དྲི༔ ཡི་གེ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དག་ཅིང་གཙང་ལ་རྙོག་པ་མེད་པར་བྱས༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་ལས༔ ཞལ་ཟས་བྱིན་རློབ་དངོས་པོ་ཡི་གེ་ལྔ༔ སྒྲ་དང་བཅས་པས་ཚོགས་རྣམས་འོད་དུ་ཞུ༔ ཡེ་ཤེས་འོད་ཕུང་འབར་བར་བྱིན་གྱིས་བརླབས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་དགྱེས་བསྐང་ཕྱིར༔ མཆོད་འོས་ཚོགས་མགྲོན་མ་ལུས་ཚིམས་གྱུར་ཅིག༔ དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་ནི༔ ཧཱུྃ༔ རྣམ་དག་སེམས་ཉིད་ཀ་དག་ལྷུན་གྲུབ་ངང༔ འཁོར་འདས་གཉིས་མེད་ཡེ་ཤེས་དཀྱིལ་འཁོར་ནས༔ སྒྱུ་འཕྲུལ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ དཔལ་མགོན་མ་ནིང་ཡབ་ཡུམ་སྲས་འཁོར་བཅས༔ མ་ལུས་ཚོགས་ལ་སྤྱན་འདྲེན་འདིར་གཤེགས་ལ༔ འགྲོ་ཀུན་ཚོགས་གཉིས་སླད་དུ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་ཞལ་ཟས་རྫས་ཀྱི་དངོས་པོ་རྣམས༔ འདོད་ཡོན་ལྔ་ཡི་ལྷ་མོས་མཆོད་བསམ་ཞིང༔ ཧཱུྃ༔ དུར་ཁྲོད་རིན་ཆེན་ཁང་བཟང་གནས་མཆོག་འདིར༔ བདུད་རྩི་ལྔ་ཡིས་ཆག་ཆག་མཎྜལ་བཤམས༔ གདན་ཁྲི་དང་ནི་ན་བཟའ་རྒྱན་ཕྲེང་མཛེས༔ རང་མདངས་ལས་སྤྲུལ་འདོད་ཡོན་མཆོད་སྤྲིན་ནི༔ རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་མཆོད་པའི་ཕྱིར༔ སྒེག་མོ་རིན་ཆེན་ཕྲེང་ཐོགས་དབྱངས་དང་གར༔ སྤོས་ཀྱི་སྤྲིན་ལྡིང་མེ་ཏོག་མར་མེ་དྲི༔ ཧཱུྃ་མཛད་ཧོ་ལ་ཧོ་སྟེ་བཞེས་སུ་གསོལ༔ གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཙ་ཧོ༔ ཞེས་པ་བརྗོད་པས་ལྷ་ཚོགས་མཉེས་པར་བསམ༔ དེ་ནས་ལྷ་ཚོགས་རྣམས་ལ་སྤྱིར་བསྟབ་པ་ནི༔ མཛེས་ཤིང་ཡིད་འོང་ཁྱེ་འུ་བུ་མོ་ཡིས༔ ཚོགས་རྣམས་ལག་ཐོགས་དཀྱིལ་འཁོར་བསྐོར་བྱ་ཞིང༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ཆེན་པོ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ནས༔ དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ༔ ཁ་རཾ་ཁཱ་ཧི༔ ཁ་རཾ་ཁཱ་ཧི༔ ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་བྱས་ལ༔ དང་པོ་ཕུད་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དུས་གསུམ་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ༔ སྒྲུབ་པ་བཀའ་བརྒྱད་དཔལ་མགོན་མ་ནིང་ཚོགས༔ རྩ་གསུམ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་བྱེ་བྲག་དང༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་ཚོགས་ཀྱིས་བསྐང་ཞིང་བཤགས་པ་ནི༔ ཧཱུྃ༔ སྐོང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ འདོད་ཡོན་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་ཞིང་ཁམས་ན༔ བཞུགས་པའི་སངས་རྒྱས་སྲས་བཅས་སྐྱབས་གནས་དང༔ སྒྱུ་འཕྲུལ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ མཁའ་འགྲོ་སྡེ་ལྔ་གསང་བདག་བདུད་འདུལ་ཚོགས༔ དཔལ་མགོན་མ་ནིང་ཕོ་རྒྱུད་མོ་རྒྱུད་སོགས༔ བཀའ་སྡོད་སྲུང་མ་དམ་ཅན་རྒྱ་མཚོ་རྣམས༔ ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང༔ ལྟ་སྤྱོད་ཏིང་འཛིན་ཆོ་གས་ཐུགས་དམ་བསྐང༔ ཛ་གད་བདུད་རྩི་རཀྟས་ཐུགས་དམ་བསྐང༔ སྒྲུབ་དང་དམ་ཚིག་གླུ་གར་ཕྱག་རྒྱ་དང༔ སྐོང་བའི་རྫས་མཆོག་རྣམས་ཀྱིས་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྐོང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཧཱུྃ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཚོགས་སྐོང་ཆོ་ག་འདི་ཡིས་ཚངས་གྱུར་ཅིག༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་འཇིག་རྟེན་རྣམས༔ ནོངས་ཆག་འགལ་འཁྲུལ་སྡིག་པ་ཅི་མཆིས་པ༔ དོ་ནུབ་ཚོགས་ཀྱི་སྒོ་ནས་བསྐང་ཞིང་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཧོ༔ བདག་ཅག་གིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ངན་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང༔ ཆོས་ཉིད་ཀྱི་ངང་དུ་སོར་ཆུད་པར་གྱུར་ཅིག༔ དེ་ནས་ཐ་མ་བསྒྲལ་བའི་ལས་བྱས་ཏེ༔ ཚོགས་རྟེན་ཉ་བོའི་སྙིང་ཁར་མིང་རུས་གཞུག༔ མདུན་དུ་རྩང་ལྡན་གྲུ་གསུམ་ནང་དུ་བྲུབ༔ དེ་ནས་བསྒྲལ་བའི་རིམ་པ་དང་པོ་ནི༔ གསེར་སྐྱེམས་མཆོད་ལ་མཁྱེན་གསོལ་གཟུ་དཔང་བཅོལ༔ ཧཱུྃ༔ ཐམས་ཅད་མཁྱེན་གཟིགས་ཡེ་ཤེས་ལྷ་མཆོག་རྣམས༔ མ་ཉེས་རྣལ་འབྱོར་བདག་གི་དཔང་དུ་གཞུག༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་བདག་ཅག་གིས༔ ལུས་ངག་དཀར་པོའི་དགེ་ལ་འབུང་བསམ་ཡང༔ དགྲ་བགེགས་གཉིས་ཀྱིས་བྱེད་པའི་དབང་མ་སྟེར༔ དེ་རིང་བདེན་རྫུན་ཤན་འབྱེད་གཟུ་དཔང་མཛོད༔ དམ་ལྡན་བུ་ལ་ཕན་པའི་དགོངས་པ་སྐྱེད༔ དམ་ཉམས་དགྲ་ལ་བཀའ་ཆད་དྲག་པོ་ཕོབ༔ སྔོན་ནས་བསྙེན་ཅིང་སྒྲུབ་པའི་ལྷ་རྣམས་ཀྱང༔ དོན་དམ་ནུས་པ་ཡོད་ན་དུས་ལ་བབས༔ དགོས་པའི་དུས་འདིར་ཕྲིན་ལས་མི་མཛད་ན༔ རྣལ་འབྱོར་ཡི་ཆད་ཁྱེད་ཀྱང་ཐུགས་དམ་ཉམས༔ སྔོན་གྱི་ཞལ་བཞེས་དམ་ཚིག་གཉན་དགོངས་ལ༔ ཐུགས་དམ་བཞིན་དུ་མ་གཡེལ་དགྲ་བགེགས་སྒྲོལ༔ དེ་ནས་བསྐྱེད་ཅིང་བདེན་སྟོབས་བཀུག་པ་ནི༔ ཧཱུྃ༔ བདག་ཉིད་སྐད་ཅིག་ཆེ་མཆོག་གསལ་བའི་མདུན༔ ལས་ཀྱི་རྣམ་སྨིན་ལས་གྲུབ་དུག་ལྔ་འཁྲུགས༔ ལྕགས་ཁང་གྲུ་གསུམ་ཐར་མེད་བཙོན་དོང་ནང༔ དམ་ཉམས་དགྲ་བོ་སྡིག་ཅན་དེ་ཉིད་ནི༔ གཅེར་བུ་མགོན་བྲལ་མྱ་ངན་ཕྱག་རྒྱ་ཅན༔ ཡན་ལག་ལྕགས་བསྡམས་འདར་ཕྲིལ་ངུ་ཙིར་གྱུར༔ བདག་ཅག་སྔོན་ལས་འཕྲལ་རྐྱེན་བྱང་ཆུབ་བགེགས༔ དགྲ་བགེགས་འབྱུང་པོ་ཟ་འདྲེ་འཕུང་སྲི་ཀུན༔ མ་ལུས་གཅིག་དྲིལ་ཕུང་ཁམས་སྐྱེ་མཆེད་རྣམས༔ དམིགས་པའི་དགྲ་བགེགས་གཟུགས་ལ་དྲིལ་ཞིང་བསྟིམ༔ ན་མོ༔ དྲིན་ཆེན་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཆོས་སྐྱོང་དཔལ་མགོན་མ་ནིང་འཁོར་བཅས་དང༔ ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་དང༔ རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་སོགས༔ བདེན་པའི་བྱིན་རླབས་མཐུ་རྩལ་རྟེན་འབྲེལ་གྱིས༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ ཕྱོགས་བཞི་མཚམས་བརྒྱད་མི་དང་མི་མིན་ཚོགས༔ གང་དག་མ་རུངས་ལོག་འདྲེན་དྲག་ཤུལ་ཅན༔ བསྟན་པ་བཤིག་ཅིང་སྒྲུབ་པའི་བར་ཆོད་བྱེད༔ བསྒྲལ་བའི་ཞིང་གྱུར་དམ་ཉམས་གདུག་པ་ཅན༔ གསང་སྔགས་ལམ་གྱི་མཆོག་ལས་འདའ་བྱེད་པ༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་ཅན༔ སྐུ་ལ་བརྙས་ཤིང་དཀོར་ལ་རྔམས་བྱེད་ཀྱི༔ རྣམ་པར་ཤེས་པ་བླ་ཚེ་སྲོག་དང་བཅས༔ རི་རྩེ་མཚོ་གཏིང་སྲིད་གསུམ་གར་གནས་ཀྱང༔ རང་དབང་མེད་པར་མ་ལུས་གཅིག་སྡུས་ལ༔ སྐད་ཅིག་ཙམ་གྱིས་གཟུགས་ལིང་འདི་ལ་ཁུག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ དེ་ནས་ལྷ་དང་ཕྲལ་སོགས་ལས་དྲུག་ནི༔ ཧཱུྃ༔ མངོན་སྤྱོད་ལས་དྲུག་མྱུར་མཛད་མཐུ་སྟོབས་ཅན༔ དཔལ་ཆེན་ཕོ་ཉའི་ལྷ་ཚོགས་དུས་ལ་བབ༔ བྱང་ཆུབ་སྒྲུབ་པའི་བར་ཆད་རུ་ཏྲ་འདི༔ སྐད་ཅིག་ཙམ་གྱིས་སྲུང་སྐྱོབ་ལྷ་དང་ཕྲོལ༔ མཉམ་པོར་འོང་བའི་འདྲེ་བདུད་ཀུན་དང་སྤྲོད༔ ཟུངས་ཤིག་རྒྱོབ་ཅིག་ལུས་ངག་ཡིད་གསུམ་ཆིངས༔ སྨྱོ་འབོག་རེངས་ཤིང་གཡོ་འགུལ་མེད་པར་མཛོད༔ ཕུང་པོ་རྣམ་ཤེས་རྟེན་དང་མྱུར་དུ་ཕྲོལ༔ གཟུགས་ཕུང་རྡུལ་རློགས་ཤ་ཁྲག་ཞལ་དུ་སྟོབས༔ ཧཱུྃ༔ ཁྲོ་བོ་སྤྲུལ་པའི་འོད་ཟེར་རབ་ཏུ་འཁྲུགས༔ ལྕགས་ཀྱུ་སྤྲུལ་པས་མཁའ་ལ་སྐར་ལྟར་འཁྲུག༔ ཞགས་པ་སྤྲུལ་པས་བར་སྣང་སྤྲིན་ལྟར་འཐིབས༔ ལྕགས་སྒྲོག་སྤྲུལ་པས་ས་གཞིར་གློག་ལྟར་འཁྱུག༔ དྲིལ་བུ་སྤྲུལ་པས་ཕྱོགས་མཚམས་ཐོག་ལྟར་འབེབ༔ འཁོར་འདས་ལག་མཐིལ་དགྲ་བགེགས་ཤོར་མི་འཚལ༔ ཧཱུྃ༔ ཕོ་ཉ་ལས་མཁན་ཆར་སྤྲིན་བཞིན་འཐིབས་ནས༔ དམིགས་པའི་དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ མ་རིག་རྨོངས་པའི་ལས་ངན་སྡིག་ཅན་འདི༔ དེ་རིང་ཚེ་དང་བསོད་ནམས་ཟན་གྲངས་ཐེམས༔ འདི་ཕྱི་གཉིས་ཀྱི་སོ་མཚམས་ད་ལྟ་ཡིན༔ གྲོགས་མེད་གཅིག་པུར་ཕ་རོལ་འགྲོ་དགོས་ན༔ འཇིག་རྟེན་ཕྱི་མ་ཞེས་བྱ་དེ་རིང་སླེབ༔ སྔར་བྱས་ལས་རྣམས་འགྱོད་དམ་སྙིང་རེ་བརྩེ༔ མི་ཚེ་སྡིག་ཟད་ལས་ངན་རང་འཕུང་ཁྱོད༔ ད་ནི་བསྒྲལ་བའི་ཞིང་བཅུར་ལས་ལ་སྦྱར༔ ཧཱུྃ༔ བདག་ཉིད་དཔལ་ཆེན་སྒྲོལ་མཁས་ཐུགས་ཀ་ནས༔ སྨྱོ་འབོག་འཁྲུལ་པའི་ཕོ་ཉ་རབ་སྤྲུལ་པས༔ ཁྱོད་ཀྱི་སྡུག་བསྔལ་རང་སར་ཞི་ནས་ཀྱང༔ དབང་པོ་བག་ཉལ་ཚོར་བ་བདེ་བར་གྱུར༔ དེ་ནས་བསྐུལ་ཞིང་ཐུན་གྱིས་གདབ་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་པས་འཇིག་རྟེན་ཁམས་ཀུན་ཁེངས༔ རབ་འཇིགས་ཕོ་ཉ་འགྱེད་པའི་དུས་ལ་བབ༔ ཕྱག་གཡས་ཕུར་པ་གཡོན་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ད་ཐོབས་ཤིག༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ཕུར་ཐུན་ཐོག་ལྟར་ཉུངས་ཐུན་རྦབ་ལྟར་བསྒྲིལ༔ ཁྲག་ཐུན་མཚོ་ལྟར་མཚེ་ཐུན་སྐར་ལྟར་འཁྲུགས༔ དུག་ཐུན་རླུང་ལྟར་མཚོན་ཆ་བུ་ཡུག་འཚུབས༔ མདའ་རྡོའི་ཐུན་ཆར་གཏོར་ཟོར་མེ་ལྟར་འབར༔ གནོད་བྱེད་དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློགས༔ ཅེས་པས་ཐུན་རྣམས་རིམ་བཞིན་གདབ༔ དེ་ནས་ཚེ་ལུང་ཁྲུས་ལུང་དགོངས་པ་ནི༔ གསལ་བ་གསུམ་་་བདག་ཉིད་དཔལ་ཆེན་དུ། ཕྱག་གི་ཕུར་པ་རྡོ་རྗེ་གཞོན་ནུ། ལིངྒ་དགྲ་བགེགས་དངོས་སུ་གསལ།་་་གྱི་ངང་ལས་འདི་སྐད་བྱ༔ ཧཱུྃ༔ ཕུར་པ་་་ཕུར་པ་ཕར་བསྒྲིལ་བ།་་་ལས་བྱུང་ཡེ་ཤེས་མེ་རླུང་ཆུས༔ ཁྱོད་ལུས་སྒྲིབ་སྦྱངས་ཤེལ་སྒོང་ལྟ་བུར་གྱུར༔ ཚུར་སྒྲིལ་བས།་་་ཚེ་བསོད་འུབ་ཀྱིས་ཚུར་འདུས་བདག་ཉིད་ཀྱི༔ ལུས་ངག་ཡིད་ཐིམ་མཐུ་བྱིན་ཆེར་རྒྱས་གྱུར༔ དགྲ་བགེགས་ཀྱི་་་སྙིང་ཁར་རྣམ་ཤེས་ནྲྀཿལ་ཕུར་རྩེས་རེག༔ དུག་ལྔའི་བག་ཆགས་ཞི་ནས།་་་ཨཿདཀར་གཅིག་གྱུར་རྒྱལ་བའི་ཐུགས་ཀར་ཕཊ༔ བསྒྲལ་བ་དངོས་ནི་ཆུ་སྲིན་རྣམ་གྲོལ་གྱི༔ ཕྱག་རྒྱས་ལས་ཕུར་བླངས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་དེ༔ མི་བཟད་འཇིགས་གཟུགས་མེ་ཡི་ཚྭ་ཚྭ་འཕྲོ༔ སྐུ་སྟོད་ཁྲོ་བོའི་གཟུགས་ཀྱིས་གནམ་ས་ཁེངས༔ ཕྱག་ན་གནམ་ལྕགས་འབར་བའི་ཕུར་པ་འདྲིལ༔ སྐུ་སྨད་ཡེ་ཤེས་ཕུར་བུའི་དབལ་དང་ལྡན༔ ཟུར་གསུམ་ནམ་མཁའི་མཐོང་ནས་འདྲིལ་ཞིང་འདེབས༔ དྲག་པོར་གྱུར་པའི་མཐུ་ལྡན་ཕུར་པ་འདིས༔ བཏབ་པ་ཙམ་གྱིས་ལྷ་ཡང་བརླག་གྱུར་ན༔ གནོད་བྱེད་དགྲ་དང་བགེགས་ལ་སྨོས་ཅི་དགོས༔ གཟིར་བ་ཙམ་གྱིས་མ་རུངས་རྡུལ་དུ་བརླག༔ ཧཱུྃ༔ ང་ནི་དཔལ་ཆེན་ཡོངས་རྫོགས་ཧེ་རུ་ཀ༔ ཕྱག་མཚན་གནམ་ལྕགས་འབར་བའི་ཕུར་པ་འདི༔ མགོ་བོ་རྒྱ་མདུད་དབྱིངས་ནས་འབྲུག་སྟོང་ལྡིར༔ རྐེད་པ་ཆངས་བཟུང་མཚམས་ནས་གློག་སྟོང་འཁྱུགས༔ རྩ་བ་ཆུ་སྲིན་ཁ་ནས་སྦྲུལ་ནག་སྐྱུག༔ དབལ་གསུམ་རྩེ་ནས་མཚོན་ཆའི་ཚྭ་ཚྭ་འཕྲོ༔ འགྲན་ཟླ་མེད་དོ་བཛྲ་ཀཱི་ལ་ཡ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྟེང་དུ་གཟིར༔ གཉིས་འཛིན་འཁྲུལ་སྣང་བག་ཆགས་མཱ་ར་ཡ༔ ཁམས་གསུམ་རིགས་དྲུག་འཁོར་བའི་རྒྱུན་ལམ་གཅོད༔ མཉམ་ཉིད་རང་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོ༔ བསྒྲལ་བྱ་སྒྲོལ་བྱེད་ང་བདག་ཀ་ནས་དག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ བཛྲ་སརྦ་དུཥྚཱཾ་ཏྲིག་ནན་ཆེ་གེ་ནྲྀ་ཧུར་ཐུཾ་ཛ༔ མཱ་ར་ཡ་ཛ༔ དེ་ནས་ཕུང་པོ་དུམ་བུར་གཏུབ་པ་ནི༔ ཧཱུྃ༔ གནོད་བྱེད་དགྲ་བགེགས་རུ་ཏྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབ་པ༔ འཇོམས་བྱེད་ཐོ་བ་གཅོད་བྱེད་རལ་གྲི་དང༔ བརྡུང་བའི་དབྱུག་ཏོ་འགུགས་པའི་ལྕགས་ཀྱུ་དང༔ གཅོད་པའི་སཏྭ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུར་གཏོང༔ སྡུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་བཅུག༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ༔ ཚལ་པ་ཚལ་པ་རྦད༔ ཨོཾ་བཛྲ་ཏཱིཀྣ་ཁ་ཐཾ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ༔ པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ༔ ཀཱ་ལ་རཱུ་པ༔ ཀརྨཱ་རཾ་རཾ༔ ཛྭ་ལ་རཾ༔ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་དགྲ་བགེགས་ཤ་ཁྲག་རུས་པ་རྣམས༔ བདུད་རྩིར་བྱིན་གྱིས་བརླབས་ནས་བསྟབ་པ་ནི༔ ཧཱུྃ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཞལ་ཕྱེས་ཤིག༔ གནམ་སའི་ཞལ་གདོངས་གངས་རིའི་མཆེ་བ་གཙིགས༔ བར་སྣང་ལྗགས་རྐྱོངས་སྟོང་གསུམ་མིད་པ་རུ༔ བསྟབ་བོ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཉོན་མོངས་དུག་གསུམ་བླ་མེད་མཆོད་པ་འདི༔ གསོལ་ལོ་ལྷག་མ་མ་ལུས་དགྱེས་པར་རོལ༔ བཞེས་ནས་བདག་ཅག་གཡར་དམ་སོར་ཆུད་ཅིག༔ ཐུགས་དམ་བསྐངས་ནས་འདོད་པའི་དངོས་གྲུབ་སྩོལ༔ འགལ་རྐྱེན་མི་མཐུན་བར་ཆད་བཟློག་ཏུ་གསོལ༔ དགྲ་བགེགས་རྣམ་ཤེས་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བོ་དྷིི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛཿབྷྱོ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊ༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིང་ཧྲཱིང་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་སྨོན་ལམ་གདབ་པ་ནི༔ ཧོ༔ འདི་ལྟར་བདག་སོགས་འགྲོ་ཀུན་སྒྲིབ་པ་གཉིས་སྦྱངས་ཤིང༔ བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས༔ ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་ནས་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་ལྕམ་རྣམས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ སྐབས་འདིར་ལོང་ན་སྐོང་ཟློག་རྒྱས་པ་གཏང༔ དེ་ནས་རྣལ་འབྱོར་ཚོགས་ལ་རོལ་པ་ནི༔ ཛ་གད་མཱཾ་ས་ལ་སོགས་ལོངས་སྤྱོད་རྣམས༔ ཐོག་མར་རྡོ་རྗེ་རྒྱལ་པོར་དྲང་བ་ནི༔ ཧོ༔ སྟོན་པ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གི་ལོངས་སྤྱོད་ཚོགས་ཀྱི་ཡོ་བྱད་འདི༔ དང་བའི་ཡིད་ཀྱིས་ཁྱེད་ལ་འབུལ་ལགས་ན༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་རྡོ་རྗེ་སློབ་དཔོན་ཞལ་ཟས་ཀྱི༔ ཆེ་བ་བརྗོད་ཅིང་གསོལ་བར་གནང་བ་ནི༔ ཨེ་མ་ཧོ༔ མི་འཇིགས་བཅུད་ལྡན་དཔའ་བོ་བདུད་རྩི་ཆང༔ སྟོབས་ཀྱི་ཤ་མཆོག་ཉོན་མོངས་བསྒྲལ་བའི་རྒྱུ༔ ཚེ་འཛིན་བདུད་རྩི་ཟས་མཆོག་བླ་ན་མེད༔ ཚིམ་བྱེད་གཙོས་པའི་རྐྱེན་གྱིས་འདོད་པ་ཞི༔ ཟླ་རྒྱས་ཡིད་འོང་སྒྲོལ་མ་གསལ་བའི་རྒྱུ༔ ཟླ་ཕྲུམ་མཛེས་པའི་སྤྲིན་གྱིས་སྤྱན་ལ་བརྟེན༔ ཟླ་ཚེས་དྲི་མེད་རྟོག་པའི་ཆོས་རྣམས་དབེན༔ ཀུན་ཏུ་རྒྱུ་སར་རང་བཞིན་ཁྱབ་པར་རྟོགས༔ ཀ་རི་ཏ་ཡིས་ཉོན་མོངས་དྲྭ་བ་གཅོད༔ དངོས་གྲུབ་མཆོག་འདི་གུས་པས་བླངས་ཏེ་རོལ༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཡབ་ཀྱིས་བཏུང་བ་ཡུམ་གྱིས་བཟའ་བ་ནས༔ པད་སྐོར་ཕྱག་རྒྱས་བླངས་ལ་ལོངས་སྤྱོད་དོ༔ དེ་ནས་ཚོགས་ཀྱི་ལྷག་མའི་ཆོ་ག་ནི༔ རྣལ་འབྱོར་གསོལ་ལྷག་གཙང་བའི་སྣོད་གཅིག་བླུག༔ གཙང་ལྷག་ཡར་གནས་མར་གནས་གཉིས་སུ་བྱ༔ དཔལ་གཏོར་གྲལ་ཕྱེས་ཕྱི་རུ་ཅུད་ཟད་བསྣུར༔ སྟེགས་བུའི་སྟེང་བཤམ་དེ་ནས་དང་པོ་ནི༔ ཡར་གནས་གཙང་ལྷག་གཏོར་མར་བསྟབ་པ་ནི༔ ཧཱུྃ༔ དཔལ་ཆེན་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་རྣམས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཞི་རྒྱས་དབང་དྲག་ཐོགས་མེད་འགྲུབ་པར་མཛོད༔ ཧཱུྃ༔ དང་པོར་རྒྱལ་བ་རྒྱ་མཚོ་ཕུད་ཀྱིས་མཆོད༔ བར་དུ་རྣལ་འབྱོར་ཕོ་མོས་ཚོགས་ལ་རོལ༔ ཐ་མར་ལྷག་ལ་དགྱེས་པས་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ནས་ཕུད་དང་ལྷག་མ་བསྲེས་ལ་འདི་སྐད་དོ༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ མཐའ་དབུས་ཐོག་མཐའ་མེད་པའི་ངང་ཉིད་ལས༔ འཁོར་འདས་ཁྱབ་བརྡལ་དུ་མ་རོ་གཅིག་གོ༔ དེ་ནས་སློབ་དཔོན་ཆེ་མཆོག་གསལ་བ་ཡིས༔ བདུད་རྩིའི་ཁ་ཆུས་བཏབ་པས་དམ་བསྲེས་ནས༔ དམ་ལས་མི་འདའ་ལས་རྣམས་བྱེད་བསམ་ཞིང༔ མཐའ་མ་ཚོགས་ལྷག་ཁ་ཆུས་མི་འདེབས་སུ༔ ཁྱོད་དང་བདག་ཉིད་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ལ་མི་འཚལ་དཀྱིལ་འཁོར་མུ་རན་བསྐྱང༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིས་བཀའ་ཉན་བསྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་ཞལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་མར་གནས་ཚོགས་ལྷག་སྨན་རཀ་བྲན༔ འབྲུ་གསུམ་སོགས་ཀྱིས་བདུད་རྩིར་བྱིན་བརླབས་ནས༔ ལྷག་མགྲོན་དམ་ཅན་སྙན་གསན་དབབ་པ་ནི༔ ཧཱུྃ༔ དཔལ་ཆེན་བཀའ་ཡི་ཕ་འབབ་ལས་གཏོགས་པ༔ ལྷག་ལེན་དམ་ཅན་དྲེགས་པ་ཕོ་མོ་རྣམས༔ དཔལ་ཆེན་བཀའ་ཡི་ཕ་འབབ་བླང་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་གྲོགས་བགྱིད་ཕྱིར༔ སྐད་ཅིག་ཡུད་ཙམ་གཅིག་གིས་གནས་འདི་རུ༔ མྱུར་དུ་བྱོན་ལ་ལྷག་གཏོར་བདུད་རྩི་བཞེས༔ ཛཿཧཱུྃ་བཾ་ཧོ༔ ཌཱཀྐི་ནཱི་ཧཱུྃ་ཕཊ༔ ལྷག་མ་བཏེགས་ལ་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ མཁའ་འགྲོ་དབང་ཕྱུག་གིང་ལང་དུར་ཁྲོད་བདག༔ འབར་མ་མ་སྲིང་ཕོ་ཉ་ས་བདག་དང༔ འབུམ་ཕྲག་མཁའ་འགྲོ་མ་ཡམས་བརྟན་མ་སོགས༔ བཀའ་སྲུང་དམ་ཅན་ཕྱི་འཁོར་སྲུང་མའི་ཚོགས༔ གནས་བཟང་དུར་ཁྲོད་འགྲིམ་ཞིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་རྔམས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཅེས་པས་ལྷག་མ་གཙང་སར་དོར་བརབྱ༔ ཀུན་གྱི་ཁ་སྐོང་དེ་བཞིན་ཉིད་ཀྱིས་བྱ༔ དངོས་གཞིའི་ལས་ཀྱི་རིམ་པ་དེ་ཡིས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ ྈྈྈྈྈྈྈྈ བཀའ་བརྒྱད་རྗེས་ཀྱི་ལས་རིམ་བཅུ་གཅིག་ལས༔ དང་པོ་ཐུགས་དམ་གནད་ནས་བསྐུལ་བ་ནི༔ གཏོར་མར་སྨན་རག་སྦྲེངས་ཤིང་གསུར་ཆེན་བཏང༔ རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ མ་གཡེལ་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མི་མངོན་དབྱིངས་ནས་ཡེ་ཤེས་སྤྱན་གྱིས་གཟིགས༔ བཀའ་སྡོད་དམ་ཅན་སྲུང་མས་བྱ་ར་མཛོད༔ ཀུན་མཁྱེན་མགོན་པོས་གཟུ་དང་དཔང་མཛོད་ཅིག༔ ཧཱུྃ༔ ད་ལྟ་དུས་ངན་སྙིགས་མའི་སེམས་ཅན་རྣམས༔ ཐར་པ་སྒྲུབ་ཀྱང་བར་ཆད་དབང་བཙན་ན༔ ཐུགས་རྗེས་མྱུར་མགྱོགས་བྱིན་རླབས་དུས་ལ་བབ༔ འཕྲལ་རྐྱེན་ངན་པའི་བར་ཆད་ཐམས་ཅད་ཟློག༔ དུས་མིན་འཆི་བའི་དབང་དུ་མི་བཏང་བར༔ ཚེ་སྲོག་དབང་ཐང་ཉམས་པ་གསོ་ཞིང་སྤེལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཁྱད་པར་དྲག་པོ་མཐུ་ཡི་བྱིན་རླབས་ཞུ༔ ཧཱུྃ༔ མ་རིག་གཏི་མུག་རྨོངས་པས་འཁོར་བར་འཁྱམས༔ རྒྱུ་རྐྱེན་ལས་ངན་དགྲ་བགེགས་ངར་འཛིན་འདི༔ ཐོག་མའི་དུས་ནས་གཟུང་འཛིན་འཁྲུལ་པ་ལ༔ རིག་པའི་རྒྱལ་པོ་ཁྲོ་ཆེན་ལྷ་ཚོགས་བསྐུལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྤྱི་མེས་ཀུན་བཟང་ཡབ༔ སྐྱེ་འགྲོ་ཀུན་གྱི་མ་མོ་ཀུན་བཟང་ཡུམ༔ སྲས་འཁོར་བཀའ་སྡོད་ལྷ་ཚོགས་སྐུ་བཞེངས་ཤིག༔ དཀོན་མཆོག་ཐུགས་རྗེ་རྟེན་འབྲེལ་བསླུ་མེད་མཐུས༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་རུ་ཏྲ་མ་ལུས་ཀུན༔ དམིགས་ཡུལ་གཟུགས་ཕུང་ལིངྒ་འདི་ཉིད་ལ༔ སྐད་ཅིག་ཉིད་ལ་ཁུག་ཅིག་ས་མ་ཡ༔ འཁོར་འདས་ལྷ་དང་ཕྲོལ་ཅིག་ཁྲོ་བོའི་ཚོགས༔ ཧཱུྃ༔ དྲག་པོའི་ཐུན་གྱིས་བྲབས་པས་མྱོས་པར་གྱུར༔ གཙང་མའི་ཁྲུས་ཀྱིས་དུག་ལྔའི་བག་ཆགས་ཞི༔ ཐུགས་ཀའི་འོད་ཀྱིས་ཚེ་རྟེན་རང་ལ་བསྟིམ༔ ཕཊཿཀྱི་རང་སྒྲས་རྣམ་ཤེས་དབྱིངས་རིག་བསྲེ༔ ཧཱུྃ༔ སྣང་སྲིད་ཁྲོ་རྒྱལ་དགྲ་བགེགས་དུམ་བུར་གཏུབས༔ ལྕགས་ཀྱུ་ཕུར་པས་གར་ཉམས་གློག་ལྟར་འཁྱུག༔ ལྔ་ཕུང་གཟུགས་ཀྱིས་རབ་འབྱམས་དཀྱིལ་འཁོར་མཆོད༔ བདག་འཛིན་རྩད་ནས་ཆོད་ཅིག་མཱ་ར་ཡ༔ ཧཱུྃ༔ རྒྱལ་བ་རྒྱ་མཚོ་བདུད་རྩིའི་མཆོད་པས་བསྐང༔ ཡི་དམ་ཁྲོ་རྒྱལ་ཤ་ཁྲག་དམར་གྱིས་ཚིམ༔ མཁའ་འགྲོ་ཆོས་སྐྱོང་ནང་རོལ་ཞག་གིིས་དགྱེས༔ ཀུན་ནས་ཀུན་ཏུ་ལོངས་སྤྱོད་ཐོགས་མེད་ཤོག༔ ཧཱུྃ༔ ཀ་དག་ཆོས་ཉིད་ཡངས་པའི་དཀྱིལ་འཁོར་འདིར༔ རང་བྱུང་རང་ཤར་ཁྲོ་བོ་རོལ་པའི་ཚོགས༔ བསྐྱེད་རྫོགས་མ་བཅོས་ལྷུན་གྲུབ་ཡེ་ནས་དག༔ ངར་འཛིན་རུ་ཏྲ་གཉིས་མེད་ཀློང་དུ་ཧོ༔ སྐབས་འདིར་ཟོར་གྱི་ལས་རྣམས་ཚུལ་ལྡན་བྱ༔ གཉིས་པ་བཀའ་ཡི་ཆད་ཐོ་བཤད་པ་ནི༔ བླ་གབ་མེད་པའི་གནས་སུ་འདི་སྐད་གྱེར༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་གནས་མཆོག་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ བདེ་གཤེགས་འདུས་པའི་རྒྱུད་རྣམས་གསུངས་པའི་ཚེ༔ རིགས་ལྔ་ཡབ་ཡུམ་བྱང་སེམས་ལྕམ་དྲལ་གྱིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ མི་མངོན་རིག་པ་འཛིན་པའི་གནས་མཆོག་ཏུ༔ རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་མཆོག་གིས༔ རྒྱུད་ཀྱི་དོན་རྣམས་བསྡུ་བ་མཛད་པའི་ཚེ༔ སྣང་སྲིད་འཇིག་རྟེན་དྲེགས་པའི་ཚོགས་བཅས་ཀྱིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་མཐའ་མ་བསྐལ་པའི་ཕྱི་མ་ལ༔ ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་ཏུ༔ གྲུབ་པ་ཐོབ་པའི་རིག་འཛིན་བརྒྱད་རྣམས་ཀྱིས༔ རྒྱུད་སྡེ་མཐའ་དག་ཡི་གེར་བཀོད་པའི་ཚེ༔ སྒྲུབ་པ་བཀའ་བརྒྱད་བྱེ་བྲག་བཀའ་སྲུང་གིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་སྙིགས་མའི་དུས་ལ་བབ་པའི་ཚེ༔ དུར་ཁྲོད་རོ་གླིང་བསིལ་བ་ཚལ་ཆེན་དུ༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེས༔ གསང་སྔགས་རྒྱུད་སྡེ་གཏེར་དུ་སྦས་པའི་ཚེ༔ སྣང་སྲིད་འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླང་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་རྩོད་པའི་དུས་ལ་བབས་པའི་ཚེ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་སར༔ གྲུབ་པ་བརྙེས་པའི་རིག་འཛིན་བརྒྱད་རྣམས་ཀྱིས༔ གུང་ཐུན་དགོངས་པ་མཛད་ནས་གཟིགས་པའི་ཚེ༔ དྲེགས་པ་ཅན་གྱིས་གཏེར་སྒྲོམ་གཏད་ནས་ཀྱང༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་འདི་བཞེས་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་འདུལ་བའི་དུས་ལ་བབས་པའི་ཚེ༔ བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་སུ༔ སློབ་དཔོན་ཆེན་པོ་པདྨ་བྱོན་པའི་ཚེ༔ བོད་ཀྱི་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱིས༔ རང་རང་མཐུ་རྩལ་ཆེ་བར་བསྟན་ནས་ཀྱང༔ སངས་རྒྱས་བསྟན་པ་སྲུང་བར་མ་ཆད་དམ༔ དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ༔ བླ་མའི་ཐུགས་དགོངས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་སྲིང་བར་མ་ཆད་དམ༔ དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ད་དུས་སྙིགས་མ་ལྔ་བདོའི་དུས་འདི་རུ༔ པདྨའི་ཡང་སྤྲུལ་གཏེར་སྟོན་ཆེན་པོ་ཡིས༔ ཟབ་ཆོས་མཐའ་དག་གཏེར་ནས་བཏོན་པའི་ཚེ༔ བོད་ཁམས་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས༔ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔ སངས་རྒྱས་བསྟན་པ་སྲུང་བར་མ་ཆད་དམ༔ དཀོན་མཆོག་དབུ་འཕང་བསྟོད་པར་མ་ཆད་དམ༔ བླ་མའི་ཐུགས་དགོངས་སྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་སྲིང་བར་མ་ཆད་དམ༔ དམར་ཆེན་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ད་ལྟ་སྒྲུབ་པའི་རྣལ་འབྱོར་བདག་ཅག་གིས༔ མཁའ་འགྲོ་དམ་ལ་འདུ་བའི་གནས་མཆོག་ཏུ༔ ཚེ་འདིར་སངས་རྒྱས་སྐུ་གསུམ་སྒྲུབ་པའི་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་རང་རང་གིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ གསུམ་པ་བརྟན་མ་སྐྱོང་བའི་བཤལ་ཆུ་ནི༔ རྗེས་ལ་སྨན་ཕུད་གཏོར་གཞོང་བཤལ་བའི་ཆུ༔ ཨོཾ་ཨཱཿཧཱུྃ་གིས་བདུད་བརྩིར་བྱིན་བརླབས་ལ༔ དང་པོ་བརྟན་མ་ཟིལ་གནོན་མཐའ་མ་བསྐྱང༔ ཧོ༔ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་མཆེད་སྡེ་བཞི༔ དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་མཆེད་སྡེ་བཞི༔ དཀར་མོ་མདངས་ལྡན་གྱི་བུ་མོ་སྨན་བཙུན་མཆེད་སྡེ་བཞི་སྟེ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཁྱེད་རྣམས་ལ༔ དཔལ་ཆེན་ཕ་འབབ་རྫས་དང་གཏོར་མ་ཨརྒྷཾས་མཆོད་པའི་ཕྱིར༔ ཡུད་ཙམ་གཅིག་གིས་གནས་འདིར་གཤེགས་ལ་སྒྲུབ་པའི་སྡོངས་གྲོགས་མཛོད༔ ཨེ་ཨཱ་རལླི་ཧོ༔ ཌཱ་ཀི་ནཱི་ཧཱུྃ་ཛ༔ སྟེགས་མཐོན་སྟེང་ནས་བརྟན་མ་འདི་ལྟར་བསྐྱང༔ ཧཱུྃ༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་དག་ལ་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ནི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ ནག་མོ་རབ་འཇིགས་སྐྱེ་འགྲོའི་དབུགས་ཀྱི་བདག༔ དམར་མོ་རབ་འཇིགས་འབྱོར་པའི་དཔལ་ཡོན་ལྡན༔ དཀར་མོ་མཛེས་མ་ཞི་ཚུལ་སྒེག་པ་མོ༔ རང་རང་སྡེ་འཁོར་སྤྲུལ་པ་འབུམ་སྡེར་བཅས༔ ཀུན་ཀྱང་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ ཟས་སུ་ཤ་ཁྲག་ལས་སུ་བསྟན་པ་སྲུང༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་གནས་ནས་དམ་ཚིག་དབང་གིས་ནི༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་བསྲུང་ཞིང་ཆོས་ལ་འགོད་པ་དང༔ རིམས་ནད་གཅོད་ཅིང་དགྲ་རྣམས་བསད་པ་དང༔ རྣལ་འབྱོར་འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ བཀའ་འདུས་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང༔ བཅོལ་པའི་ལས་རྣམས་མ་ལུས་གྲུབ་པར་མཛོད༔ མ་མ་རུ་ལུ༔ ལ་ལཱ༔ ལེ་ལཱཻ༔ ཏ་ཏཱ༔ ཏེ་ཏཱཻ༔ མ་མ་ཏི་ཏཱི༔ རུ་ལུ་རུ་ལུ་བྷྱོ༔ གཉིས་པ་གཏོར་གཞོང་འོག་ཏུ་དམ་སྲི་མནན༔ སྒྲུབ་ཁང་སྒོ་དྲུང་གཏོར་གཞོང་ཁ་སྦུབས་ལ༔ རུ་ཏྲ་དགུག་གཞུག་བདེན་སྟོབས་བརྗོད་པའི་མཐར༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་འབྱུང་པོ་དང༔ འཁོར་བ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་དང༔ བྱང་ཆུབ་སྒྲུབ་པའི་བར་ཆད་གཟུགས་ཅན་གྱི་མི་དང་གཟུགས་མེད་ཀྱི་ལྷ་འདྲེ་གང་དང་གང་ཡིན་པ་དེ་དག་ཐམས་ཅད་གཏོར་གཞོང་རི་རབ་ནག་པོའི་འོག་ཏུ་ཁུག་ཅིག༔ ཏིང་འཛིན་གསལ་བས་ལན་གསུམ་བརྗོད་པའི་མཐར༔ ཧོ༔ མནན་པ་ཡིན་པས་བྱང་ཆུབ་མཆོག་སེམས་མ་སྐྱེས་ཀྱི་བར་དུ་ལྡང་བར་མ་བྱེད་ཅིག༔ ཨོཾ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ སྟེང་ནས་བྱུང་བ་རིམ་བརྩེགས་རྒྱས་གདབ་བོ༔ ཆེ་མཆོག་ཁྲོ་བོ་རོལ་པའི་ལྷ་ཚོགས་དང༔ ཡང་སྤྲུལ་མ་ནིང་འཁོར་བཅས་རབ་ཁྲོས་ནས༔ བྲོ་བརྡུང་བསམ་ཞིང་རྔམ་པའི་ང་རོའི་དབྱངས༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་བདེ་གཤེགས་ལྷ་ཚོགས་རྣམས༔ ཞིང་བཅུ་བསྒྲལ་པའི་ལྔ་ཕུང་འདི་ཉིད་ལ༔ བཀའ་བརྒྱད་ཁྲོ་བོ་རོལ་པའི་བྲོ་བརྡུངས་པས༔ ཉོན་མོངས་སྡུག་བསྔལ་རྩད་ནས་གཅོད་པར་བྱེད༔ ཧཱུྃ༔ དམ་ཉམས་འབྱུང་པོ་བསྒྲལ་པའི་ལྔ་ཕུང་ལ༔ དཔལ་མགོན་མ་ནིང་ཡབ་ཡུམ་སྲས་བཅས་རྣམས༔ གཉིས་མེད་རོལ་པ་ཆེན་པོའི་བྲོ་བརྡུངས་པས༔ དགྲ་བགེགས་རྩད་ནས་གཅོད་པའི་ཉམས་འབར་རོ༔ གནོད་བྱེད་འབྱུང་པོ་སརྦ་ཤ་ཏྲཱུཾ་སཏྭམྦྷ་ཡ་རཀྵ་མཱ་ར་ཡ་ནན་ནན་སྭཱ་ཧཱ༔ ལྔ་པ་སྲུང་འཁོར་ཐོ་ནག་གཅིག་བརྩིགས་ལ༔ དེ་ཡི་ཚུན་ཆད་འཁོར་ཡུག་སྲུང་འཁོར་བསྒོམ༔ དེ་ནས་བདག་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་ལུ་གུ་རྒྱུད་དུ་འཕྲོས་པས༔ སྟེང་ཐམས་ཅད་རྡོ་རྗེའི་གུར༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ལོགས་ཐམས་ཅད་རྡོ་རྗེའི་ར་བ༔ ཁྲོ་ཆུང་དཔག་ཏུ་མེད་པ་ཞལ་ཕྱིར་གཟིགས་ནས་བཞུགས་ཏེ༔ ཧཱུྃ་ཕཊ་ཀྱི་སྒྲ་འུ་རུ་རུ་སྒྲོག་པས༔ ཕྱོགས་མཚམས་ཀུན་ཀྱང་ཡེ་ཤེས་ཀྱི་མེ་དཔུང་ལྔ་རབ་ཏུ་འབར་བ༔ ཕྱི་ནས་བལྟས་ན་འོད་གོང་གི་ཕོ་བྲང་ཆེན་པོ༔ ནང་ནས་བལྟས་ན་འཇའ་ཟེར་གྱི་རང་བཞིན་དུ་གསལ་བར་གྱུར༔ ཨོཾ་བཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ནང་དུ་ལོག་ལ་དཀྱིལ་འཁོར་རྗེས་ཆོག་ནི༔ གཏང་རག་མཆོད་བསྟོད་བསྡུས་པ་ཙམ་དུ་འབུལ༔ དྲུག་པ་ཆོ་གའི་ལྷག་ཆད་གསོ་བ་ནི༔ ཧཱུྃ༔ སྒྲུབ་པ་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ཀྱི༔ བསྙེན་སྒྲུབ་སྐོང་བཤགས་ཆོ་ག་འདི་རྣམས་ལ༔ ལྷག་ཆད་ནོར་འཁྲུལ་སྔགས་དང་ཕྱག་རྒྱ་ནོངས༔ མདོར་ན་རྩ་བ་ཡན་ལག་དམ་ཚིག་རྣམས༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་སོར་ཆུད་ནས༔ འཕྲལ་ཡུན་མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཞེས་པ་གསོལ་ཞིང་ཡིག་བརྒྱ་ཅི་ནུས་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ སྤྲོ་ན་ཡེ་ཤེས་སྐུ་མཆོག་ཚར་གཅིག་ཀྱང༔ སྒོ་གསུམ་འགལ་འཁྲུལ་གནོང་འགྱོད་བཅས་ཏེ་བཀླག༔ བདུན་པ་དངོས་གྲུབ་བླང་བའི་རྫས་ཐོགས་ལ༔ ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དང༔ དཔལ་མགོན་མ་ནིང་ཡབ་ཡུམ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལས༔ རྨད་བྱུང་ཡིད་བཞིན་དངོས་གྲུབ་རྫས་ཆེན་པོ༔ གཡེལ་བ་མེད་པར་དེང་འདིར་བདག་ལ་སྩོལ༔ ཁྱད་པར་མཆོག་དང་ཐུན་མོང་ཡིད་བཞིན་དང༔ འཆི་མེད་ཚེ་དང་འཛད་མེད་ལོངས་སྤྱོད་ནོར༔ ཕྲིན་ལས་བཞི་སོགས་དངོས་གྲུབ་མ་ལུས་སྩོལ༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཅེས་པས་དངོས་གྲུབ་རྫས་རྣམས་རོལ་པ་དང༔ བཅངས་པ་ལ་སོགས་གང་འོས་ཚུལ་ལྡན་བྱ༔ བརྒྱད་པ་གཏོར་མ་འབུལ་ཞིང་ཤིས་པ་ནི༔ རྩ་གསུམ་གཏོར་མ་དངོས་གྲུབ་རྫས་སུ་བླང༔ གཞན་རྣམས་སྦྱིན་སྲེག་གཙང་སར་གཤེགས་པའམ༔ དགྲ་ལ་ཟོར་འཕང་ལ་སོགས་གང་འོས་བྱ༔ དེ་ནས་མཆེད་ལྕམ་མེ་ཏོག་འཐོར་བྱ་ཞིང༔ ཧཱུྃ༔ ངོ་བོ་སྟོང་པ་སྨྲ་བསམ་བརྗོད་ལས་འདས༔ རང་བྱུང་ཀ་དག་འོད་གསལ་ལྷུན་གྲུབ་ལས༔ བཞི་བཅུ་རྩ་གཉིས་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཆོས་སྐུ་ཞི་བའི་སངས་རྒྱས་བཀྲ་ཤིས་ཤོག༔ རང་བཞིན་གསལ་ལ་རྗེན་པ་སྒྲིབ་གཡོགས་བྲལ༔ ཀུན་སྣང་རོལ་པའི་ཞི་ཁྲོའི་རྣམ་འགྱུར་ཅན༔ བདུན་བརྒྱ་ཉི་ཤུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ལོངས་སྐུ་ཞི་ཁྲོ་ཡོངས་རྫོགས་བཀྲ་ཤིས་ཤོག༔ ཐུགས་རྗེ་སྣ་ཚོགས་འགག་མེད་ཟང་ཐལ་འཕྱོ༔ ཀུན་ཁྱབ་ནུས་ལྡན་མཐུ་རྩལ་ཐོགས་མེད་ཤར༔ ཞིང་གི་རྡུལ་སྙེད་གཙོ་འཁོར་བསམ་མི་ཁྱབ༔ སྤྲུལ་སྐུ་དཔལ་མགོན་མ་ནིང་བཀྲ་ཤིས་ཤོག༔ སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ སྒྲུབ་པ་ཚུལ་བཞིན་མཛད་པའི་གང་ཟག་ལ༔ བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས་པ་ཡི༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ སྐབས་འདིར་ཕྱི་ནང་གསང་བའི་མཚམས་ལྷ་ལ༔ མཆོད་བསྟོད་ཕུལ་ཞིང་ཐོ་བྱང་ཕུར་པ་བསྡུ༔ འཇིག་རྟེན་སྲུང་མ་དགེ་བསྙེན་གཞི་བདག་ལ༔ དཀར་གཏོར་སྐྱེམས་མཆོད་བཀའ་བསྒོ་བདེན་བརྡར་བྱ༔ དགུ་པ་དཀྱིལ་འཁོར་བསྡུ་གཤེགས་བྱ་བ་ལ༔ ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་སྤྲོས་པ་མི་མངའ་ཡང༔ མ་དག་སེམས་ཅན་བླ་མེད་འདྲེན་པའི་ཕྱིར༔ མི་མངོན་དབྱིངས་ནས་གསང་བའི་དཀྱིལ་འཁོར་འདིར༔ འགྲོ་བའི་དོན་ཀུན་མ་ལུས་མཛད་ནས་ཀྱང༔ སླར་ཡང་སྐྱེ་མེད་ཆོས་སྐུའི་ཀློང་དུ་གཤེགས༔ སརྦ་ཛྙཱ་ན་བཛྲ་མུ༔ ཡང་ན་རྟེན་གསུམ་སྒྲུབ་གཏོར་སོགས་ལ་བསྟིམ༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཡི་ཡེ་ཤེས་སེམས་དཔའ་རྣམས༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་འདི་དག་ལ༔ ཇི་སྲིད་རྐྱེན་གྱིས་མ་འཇིག་བར་དུ་ནི༔ དེ་སྲིད་རབ་ཏུ་གནས་ཤིང་བརྟན་པར་བཞུགས༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ མེ་ཏོག་འཐོར་ཏེ་གཉིས་མེད་བརྟན་པར་བསམ༔ འཇིག་རྟེན་པ་རྣམས་རང་གནས་གཤེགས་པ་ནི༔ ཨོཾ༔ ལྷ་སྲིན་ལ་སོགས་འཇིག་རྟེན་སྲུང་མ་རྣམས༔ གནས་འདིར་མཆོད་བསྟོད་ཕྲིན་ལས་གྲུབ་ནས་ཀྱང༔ སྐད་ཅིག་ཙམ་གྱིས་རང་རང་གནས་སུ་གཤེགས༔ སླར་ཡང་རྣལ་འབྱོར་མཆོད་བསྟོད་འབྱོན་པར་ཞུ༔ སརྦ་ལོ་ཀ་གཙྪ༔ སྒྲུབ་ཁྱོད་བཀའ་བཞིན་བྱ་ཞེས་ཁས་བླངས་ཏེ༔ ཏིར་གྱིས་རང་རང་གནས་སུ་གཤེགས་པར་བསམ༔ དམ་ཚིག་པ་རྣམས་རང་གི་སྙིང་གར་བསྡུ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འོད་ཞུ་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་ཡང་དཀྱིལ་འཁོར་ལྷ་ལ་བསྡུ༔ ལྷ་ཚོགས་གཙོ་བོ་ཡབ་ཡུམ་གཉིས་ལ་བསྡུ༔ ཡབ་ཡུམ་གཉིས་ཀྱང་ཐུགས་ཀའི་ཧཱུྃ་ལ་བསྡུ༔ ཧཱུྃ་ཡང་གྱེན་རྫོགས་ཐིག་ལེར་ཐིག་ལེ་ཡང༔ མཐའ་ནས་དབུས་སུ་མཁའ་ལ་འཇའ་ལྟར་ཡལ༔ དཀྱིལ་འཁོར་ཡོ་བྱད་མཐའ་ནས་རིམ་བཞིན་བསྡུ༔ རྡུལ་ཚོན་རྣམས་ནི་ཆུ་ཆེན་གཞུང་དུ་གཤེགས༔ ཡང་ན་རི་ཆེན་རྩེར་བསྐྱལ་གང་བདེར་བྱ༔ བཅུ་པ་བསྐྱེད་རྫོགས་ཟུང་འཇུག་སྤྱོད་པ་ནི༔ སླར་ཡང་རང་རིག་ལྷར་གསལ་ཞིང༔ དཀྱིལ་འཁོར་གསུམ་དང་མ་བྲལ་བར་བྱ་ཞིང༔ ཆོས་ཐམས་ཅད་དང་པོ་མ་སྐྱེས༔ བར་དུ་མི་གནས༔ ཐ་མ་མི་འགག་པའི་ངང་ལ་བལྟའོ༔ སྒྲུབ་པའི་རྣལ་འབྱོར་མཆེད་དང་ལྕམ་དྲལ་ལ༔ མེ་ཏོག་འབུལ་ཞིང་ཚོགས་ཀྱི་འཁོར་ལོ་བྱ༔ བཅུ་གཅིག་སྨོན་ལམ་རྣམ་དག་མཚམས་སྦྱར་ནི༔ ན་མོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བསོད་ནམས་ཡེ་ཤེས་དོན་སྤྱད་མཐུ་ནུས་ཀྱིས༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱི༔ ཞི་རྒྱས་དབང་དྲག་ལས་བཞིར་མངའ་བརྙེས་ནས༔ སྐུ་གསུམ་ཡོངས་རྫོགས་འགྲོ་དོན་མཐར་ཕྱིན་ཤོག༔ བསྟན་པའི་སྒྲོན་མེ་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་སོགས༔ སྒྲུབ་པའི་རྟེན་མཆོག་ཤེས་རབ་གཟུང་མ་དང༔ གསང་སྔགས་འཛིན་པའི་རྣལ་འབྱོར་བདག་ཅག་རྣམས༔ དུས་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ༔ ཕྱི་ནང་བར་ཆད་ཐམས་ཅད་རབ་ཞི་ནས༔ དགོངས་སྤྱོད་ཐམས་ཅད་ལྷུན་གྱིས་གྲུབ་པར་ཤོག༔ ཕྱི་མ་རིག་པ་འཛིན་པའི་སར་བགྲོད་ནས༔ ཡེ་ཤེས་བླ་མའི་ས་མཆོག་ཐོབ་པར་ཤོག༔ གསང་སྔགས་ཟབ་མོ་དར་བའི་ཞིང་ཁམས་སུ༔ མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་ཅིིང༔ མཚོན་དང་མུ་གེའི་བསྐལ་པ་མེད་པར་ཤོག༔ ལོ་ཕྱུགས་ཐམས་ཅད་རྟག་ཏུ་ལེགས་པར་ཤོག༔ ལམ་མཆོག་གསང་སྔགས་རྡོ་རྗེ་ཐེག་པ་འདི༔ བཀའ་བཙན་བྱིིན་ཆེ་རབ་ཏུ་དར་གྱུར་ནས༔ མྱུར་དུ་འགྲོ་བའི་གནས་རྣམས་སྟོངས་གྱུར་ཅིག༔ ཀུན་ཀྱང་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག༔ གཞན་ཡང་བསྔོ་སྨོན་ཁྱད་འཕགས་ཅི་རིགས་གདབ༔ ཨེ་མ་ཧོ༔ བོད་འདིར་བཀའ་བརྒྱད་ཆོས་ཚན་བརྒྱ་སུམ་ཅུ༔ རྒྱས་འབྲིང་བསྡུས་རྣམས་ཁ་ཚང་དོན་འདྲིལ་སྦས༔ དེ་དག་ཀུན་གྱི་ནང་ནས་ཡང་ཟབ་བཅུད༔ པདྨའི་ཁྱད་ཆོས་ཟབ་མོ་འདི་ཁོ་ན༔ སྐལ་མེད་མ་འཆལ་སྲོག་བདུད་ནག་པོས་སྲུངས༔ སྐལ་ལྡན་ལས་འཕྲོ་ཅན་ལ་མྱུར་དུ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ་གྱིས་གནམ་ལོའི་རྒྱལ་པོ་མེ་བྱི་ལོ་ལ་བཙན་རྒོད་རི་བཀྲ་ཞེས་ཆེ་མཆོག་གི་སྤྱི་བོ་བདེ་ཆེན་འཁོར་ལོ་ནས་ཕྱུང་པའི་ཁོ་བོའི་ཐུགས་དམ་ཡང་དག་པའོ།། །།

བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་དོན་དབང་གི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་རྡོ་རྗེ་ཡང་གསལ་ (Volume 16, Text 11)

༄༅། །བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་དོན་དབང་གི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་རྡོ་རྗེ་ཡང་གསལ་ཅེས་བྱ་བ་བཞུགས་སོ། ། ན་མོ་བཛྲཱཙརྱ་ཧེ་རུ་ཀཱ་ཡ། ཀློང་དགུའི་དབྱིངས་ལས་དཀྱིལ་འཁོར་རྣམ་པ་དགུའི། །རྒྱུད་ལུང་མན་ངག་སྤྲོ་མཛད་ཐོད་ཕྲེང་རྩལ། །དབྱེར་མེད་པདྨའི་མཚན་ཅན་རྡོ་རྗེ་འཆང་། །སྒྱུ་འཕྲུལ་རྩལ་ཤར་འདྲེན་མཆོག་ཀུན་ལ་བདུད། །བསྐྱེད་རྫོགས་རྣམ་གསུམ་སྔགས་རྐྱང་སྒྲུབ་ཐབས་ལྔ། །ཡོ་ག་རྣམ་གསུམ་ཞི་ཁྲོ་སྒྲུབ་ལུགས་ལྔ། །རྒྱས་འབྲིང་བསྡུས་དོན་ཟབ་དོན་བྱེ་བྲག་བཅུད། །བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ཡི། །ལས་བྱང་རྒྱས་པར་བདག་དོན་གྱི། །དངོས་གྲུབ་བླངས་པའི་འཕྲོས་དོན་དུ། །གསུངས་པ་ཡང་ཟབ་དོན་གྱི་དབང་། ཁོལ་དུ་ཕྱུང་སྟེ་བལྟས་ཆོག་བྱ། །བཀའ་འདུས་སྙིང་པོའི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་བསྐུར་གསོ་བའི་ཕྱིར་བདག་ཉིད་འཇུག་པའམ། གཞན་རྗེས་སུ་འཛིན་པར་འདོད་པས་སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། བྲིས་དཀྱིལ་ལམ་མཎྜལ་ལ་ཚོམ་བུ་དགུ་བཀོད་པའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པ་ལ་གཙོ་བོའི་སྐུ་ཙཀ་གིས་བརྒྱན་པའི་མདུན་ཕྱོགས་སུ། གཙོ་དགུ་བྱ་ཁྱུང་དཀར་ནག་གི་ཙཀ་ལི། གཡས་སུ་རིགས་ལྔའི་དབུ་རྒྱན། གཡོན་དུ་རྡོར་དྲིལ། རྒྱབ་ཏུ་ཐོད་ཆང་ཨ་མྲྀཏ་སྦྱར་བ་དང་གཟུང་མའི་གཟུགས་བརྙན། མེ་ལོང་མན་ཤེལ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་གཡས་སྐོར་དུ་བཤམ་ཞིང་། གཞན་ཡང་དུར་ཁྲོད་ཆས་བརྒྱད་ཀྱི་ཙཀ་ལི། ཐོད་ཕྲེང་ལྕགས་ཕུར། ལས་བུམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སྲུང་མའི་གཏོར་འབུལ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་ལེགས་པར་སྟ་གོན་དུ་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། བརྒྱུད་པའི་གསོལ་འདེབས་དང་། སྐྱབས་སེམས་བྱ། སྔོན་གཏོར་གཏོང་བ་སྤྱི་འགྲོ་ཞིག་གིས་ཆོག་ཅིང་། རང་གཞུང་དངོས་གྲུབ་སྙིང་པོའི་ལྟ་བའི་མཚམས་བཅད་ནས་བརྩམ། དངོས་གཞི་བདག་མདུན་བུམ་གསུམ་དབྱེར་མེད་དུ་བསྒོམ་ཞིང་། བཟླས་པའི་སྐབས་སུ་གཙོ་བོ་དགུའི་ཐུགས་མཆོང་གུར་སྨུག་པོའི་ནང་དུ་སྲོག་གི་ངོ་བོ་རྡོར་སེམས་སྔོན་པོའི་ཐུགས་ཀར་པད་ཟླ་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་ནག་པོ། ལྗགས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་སྣང་བ་མཐའ་ཡས་དམར་པོའི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཨཱཾཿདམར་པོ་ལ་སྔགས་ཕྲེང་དམར་པོ། ཀླད་པ་དུང་ཁང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་སྟེང་དུ་རྣམ་སྣང་དཀར་པོའི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཨོཾ་དཀར་པོའི་མཐར་སྔགས་ཕྲེང་དཀར་པོ། གསུམ་ཀའང་རྒྱན་མེད་གཅེར་བུ་གཡས་རང་རྟགས་དང་གཡོན་དྲིལ་བུ་བསྣམས་པ། སྔགས་ཕྲེང་རྣམས་འོད་ཟེར་འཕྲོ་ཞིང་གཡས་སུ་འཁོར་བ་གསལ་གདབ། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པས་རྒྱལ་བ་རྣམས་མཆོད། རང་གི་ལུས་ངག་ཡིད་གསུམ་གྱི་བག་སྒྲིབ་སྦྱང་། གཟུགས་སྣང་ཧེ་རུ་ཀའི་སྐུར་མོས་ལ་ལུས་སྣང་སྟོང་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་གདབ། སླར་གནས་གསུམ་གྱི་ཡི་གེ་ལས་ཨ་དཀར་པོ་དང་ཕཊ་ནག་པོ་གྲངས་མེད་པ་སྤྲོས། རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་ཡིག་འབྲུ་དེ་དག་ཞི་ཁྲོའི་སྐུར་གྱུར་པས་འཇིག་རྟེན་ཐམས་ཅད་གང་སྟེ་སྔགས་སྒྲ་འུར་འུར་བཟླས་པས་སྒྲ་གྲགས་ཐམས་ཅད་སྔགས་སུ་གྱུར་པར་མོས་ལ་ངག་གྲགས་སྟོང་གསུང་གསང་སྔགས་ཀྱི་སྒྲར་གསལ་གདབ། དེའི་ཚེ་སྣོད་བཅུད་ལྷའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པར་གསལ་བ་མེ་ལོང་ལྟ་བུ། གྲགས་སྟོང་སྔགས་ཀྱི་རང་སྒྲ་སོར་རྟོག སྤྲོ་བསྡུས་དོན་གཉིས་བྱེད་པ་བྱ་གྲུབ། ཐམས་ཅད་ཀྱང་བདག་ཉིད་དཔལ་ཆེན་པོའི་ཐུགས་སུ་རོ་གཅིག་པ་མཉམ་ཉིད། དེའང་ཆོས་སྐུ་ཡོངས་རྫོགས་ཀུན་གྲོལ་དུ་རྟོགས་པ་ཆོས་དབྱིངས་ཡེ་ཤེས་ཏེ་དེ་ལྟར་ཤེས་པའི་དགོངས་པས་ཡིད་བདེ་སྟོང་ཡེ་ཤེས་ལྔར་གསལ་གདབ་པ་ནི་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་བའོ། །ཡང་གནས་གསུམ་ལས་འོད་འཕྲོས། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་དག་འོད་ཟེར་གྱི་ཚུལ་དུ་ཚུར་འདུས། ལུས་ངག་ཡིད་གསུམ་ལ་ཐིམ་པས་དམ་ཡེ་དབྱེར་མེད་དུ་འདྲེས། ལྷ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་གནས་པར་མོས། ཡང་ཐུགས་ཀའི་རྡོར་སེམས་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བྱུང་། ཞལ་ནས་ཡར་ཐོན་མཐའ་ཡས་ཀྱི་ཐུགས་སྲོག་ལ་གཡས་སུ་བསྐོར། དེའི་ཞལ་ནས་དཔལ་ཆེན་པོའི་ཞལ་དང་ཤངས་བུག་གཡས་པ་བརྒྱུད། རྣམ་སྣང་ཐུགས་སྲོག་ལ་བསྐོར། དེའི་ཞལ་ནས་འོད་ཟེར་རྣམ་པ་ལྔར་ཐོན། དཔལ་ཆེན་པོའི་ཚངས་བུག་ནས་འོག་མིན་དུ་འཕྲོས། རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བཅུད་དྲངས་ཏེ་སླར་ཚངས་བུག་ཏུ་ཞུགས། ཤངས་བུག་གཡོན་ནས་ཡུམ་གྱི་ཤངས་བུག་གཡས་སུ་སོང་། དེའི་སྤྱི་བོར་དབྱིངས་ཕྱུག་མ། མགྲིན་པར་གོས་དཀར་མོ། ཐུགས་ཀར་ཀུན་ཏུ་བཟང་མོ་རྣམས་ཀྱི་ཐུགས་སྲོག་འབྲུ་གསུམ་ལ་རིམ་པས་བསྐོར། ཐུགས་ཀ་ནས་འོད་འཕྲོས་དོན་གཉིས་བྱས། དངོས་གྲུབ་ཀྱི་བཅུད་བསྡུས་ཏེ་ཡུམ་གྱི་མཁའ་ལ་བབས་ཤིང་འཁྱིལ་བ་དེ་ཡབ་ཀྱི་རྡོ་རྗེས་བསྡུས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་ཐུགས་སྲོག་ལས་འོད་ཟེར་ལས་མདོག་འཕྲོས་ནས་ཕྲིན་ལས་བཞི་བསྒྲུབས། བུམ་པའི་ལྷ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་མོས་ལ། ལས་བྱང་གི་སྔགས་རྣམས་གང་འགྲུབ་དང་། གཙོ་བོར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨ༔ ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་དྷ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཡ་ཡམཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ༔ ཀཱ་ལ་རཱུ་པ༔ ཡཀྴ་ཀྲོ་དྷ༔ བཛྲ་སརྦ་དུཥྚཱན་ཨེ་ཛ༔ ཁྲོཾ་བཛྲ་ག་རུ་ཌ༔ མ་མ་ཀྲོ་དྷཱི་ཤྭ་རཱི༔ ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊཿཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་ཅི་ནུས་སུ་བཟླ་ཞིང་། མཐར་སྟོང་ཚིགས་མཆོད་བསྟོད་བྱ། བུམ་པའི་ལྷ་རྣམས་འོད་དུ་ཞུ་སྟེ་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་ཁེངས་པར་གྱུར། ཞེས་མོས། ལས་བུམ་དུ་རྡོར་སེམས་བསྐྱེད་ལ་སྔགས་ཀྱིས་བྱིན་བརླབས། སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བཤགས་པའི་བར་དུ་བྱ། འགུགས་པ་སྤྱི་འཚམ་དང་། ཆོས་ཀྱི་དབྱིངས་ལས་སོགས་ཁོ་ནས་ཚོགས་བསྒྲལ་གྱི་མཐར། ཞལ་བསྟབ་སྦྱར་ཞིང་བདག་ཉིད་འཇུག་པའམ། རིག་པའི་མེ་ཏོག་དོར། ཡང་ན་མཎྜལ། གསོལ་འདེབས་རྒྱས་བསྡུས་གང་འོས་བྱས་པའི་མཐར། གསོལ་བ་བཏབ་པ་ཙམ་གྱིས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཐུགས་རྗེ་བྱིན་རླབས་མ་ལུས་པ་དཀྱིལ་འཁོར་ལྷ་ཚོགས་ཀྱི་གནས་གསུམ་ལ་སིབ་སིབ་ཐིམ༔ དེ་ནས་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་འོད་ཟེར་གཙོ་བོ་ལ་ཐིམ༔ གཙོ་བོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདག་ཅག་དཔོན་སློབ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བཞི་ཐོབ༔ སྒྲིབ་བཞི་དག༔ ལམ་བཞི་འབྱོངས༔ སྐུ་བཞི་ཐོབ༔ རྡོ་རྗེ་བཞི་འགྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བདག་མདུན་དབྱེར་མེད་ཀྱི་ངང་དུ་ཅི་གནས་སུ་བཞག་གོ །དེ་ནས་དབང་བསྐུར་བ་ལ་འཇུག་པ་དང་དབང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཡིག་བརྒྱའི་ཆུས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ སརྦ་བྷཱུཏ་ཨིཾ་ད་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོས། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ལས་མ་གཏོགས་པ༔ ཐམས་ཅད་ཐུགས་དམ་བསྐངས་ཟིན་གྱིས༔ རང་རང་གནས་སུ་བཀའ་བསྩལ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྞཱ་པ་ཡ་གྷྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཀྲོ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་སྦྱོར་བས་བགེགས་བསྐྲད། ལས་བྱང་ལྟར་ལྟ་བའི་མཚམས་བཅད་ཅིང་སྲུང་འཁོར་འདོན་སྒོམ་དུ་བྱ། མཎྜལ་བཀྱེ་བསྡུ་སེམས་བསྐྱེད་གསལ་བཏབ་ལ། དེའང་གསང་སྔགས་བླ་ན་མེད་པ་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱ་ཆེ་བའི་གནས་སྟོན་པ་རྒྱུད་སྡེ་ནི་གཙོ་བོར་བཀའ་བརྒྱུད་ལས་བྱོན་ཅིང་། ཟབ་པ་བཅུད་དུ་འདྲིལ་བ་སྒྲུབ་སྡེ་ནི་གཙོ་བོར་གཏེར་བརྒྱུད་ལས་བྱོན་པ་ལས། འདིར་ཟབ་པ་གཏེར་མའི་ཕྱོགས་ལས་བྱོན་པའི་སྒྲུབ་སྡེ་བཀའ་བརྒྱད་གྲགས་ཆེ་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚུལ་ལྔས་མཚོན་པའི་བཀའ་་་་བརྒྱད་ལམ་སྲོལ་ཆེན་པོ་དགུར་གྲགས་པ་སོགས་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་སྒྲུབ་ལུགས་རྒྱས་འབྲིང་བསྡུས་གསུམ་གཅིག་ཏུ་དྲིལ་ཏེ། གསང་སྔགས་ཀྱི་སྟོན་པ་ཀུན་བཟང་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ་གྱིས། བོད་ཀྱི་མངའ་བདག་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་རྗེ་འབངས་སྐལ་ལྡན་སྤྱི་དང་ཁྱད་པར་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཐུགས་དམ་སྙིང་པོའི་བཅུད་དྲིལ་དུ་བསྩལ་པ། རྣམ་སྣང་ལོ་ཙཱ་བ་ཆེན་པོས་མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་མདོ་ཁམས་བཙན་རྒོད་རི་བཀྲ་རྡོ་རྗེ་གནམ་ལངས་འདྲ་བའི་ལྟེ་བ་ཨོ་རྒྱན་སྒྲུབ་ཕུག་ཆེན་མོར་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ལོ་ཆེན་ཉིད་ཀྱི་ཐུགས་ཀྱི་སྤྲུལ་པ་ཧཱུྃ་ནག་བདེ་གཤེགས་སྙིང་པོའམ་པདྨ་བདེ་ཆེན་གླིང་པས་སྤྱན་དྲངས་པ་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་སྐོར་ལ་ཕྱི་སྒྲུབ་ཨ་ཏི་ཞི་ཁྲོ། ནང་སྒྲུབ་སྒྲུབ་པ་བཀའ་བརྒྱད། གསང་བ་བདུད་རྩི་སྨན་སྒྲུབ། ཡང་གསང་དཔལ་མགོན་སྐུ་ལྔར་སྒྲུབ་པ་རྣམས་བསྐྱེད་རྫོགས་མ་བུ་ཆ་ལག་ཁ་ཚང་དོན་འདྲིལ་དུ་བྱོན་ཅིང་། ཕལ་ཆེར་དུས་རྟགས་རྟེན་འབྲེལ་དབང་གིས་ཉིང་གཏེར་དུ་སྦ་བར་མཛད་པ་ལས། སྐབས་སུ་བབས་པ་སྒྲུབ་པ་བཀའ་བརྒྱད་ཀྱི་དོན་དབང་སྙིང་པོ་སྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སོང་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་ལ་ཡོན་དབུལ་བ་སོང་ནས་དཀྱིལ་འཁོར་པ་དང་མཇལ་བའི་ཕྱག་རྟེན་དུ་རིན་ཐང་དང་བྲལ་བའི་རིན་པོ་ཆེའི་མེ་ཏོག་ཕྱག་ཏུ་ཐོགས་པར་མོས་ཤིག ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྦྱིན། མདུན་བསྐྱེད་བདེ་གཤེགས་དགུ་རྫོགས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱོགས་མཚམས་སྟེང་འོག་ཐམས་ཅད་བླ་མ་དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོ་ཏིལ་གོང་ཁ་བྱེ་བ་ལྟར་གང་བ་ལ། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་མི་གནས་པའི་མྱང་འདས་ཆེན་པོ་ལ་འཁོད་ཀྱི་བར་དུ་སྙིང་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་གུས་པས་བདག་སྐྱབས་མཆིའོ༔ ལན་གསུམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་བའི་མ་རྒན་སེམས་ཅན་གཅིག་ཀྱང་མ་ལུས་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་ཆེད་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་ཟབ་མོས་རྒྱུད་སྨིན་ཅིང་། ལམ་རིམ་པ་གཉིས་ཀྱིས་མྱུར་དུ་གྲོལ་ནས། མ་གྲོལ་བ་གཞན་དག་དགྲོལ་བར་བྱ་བར་སེམས་བསྐྱེད་པས་འདིའི་རྗེས་ཟློས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་བྱང་ཆུབ་མྱུར་དུ་བསྒྲུབ་པ་དང༔ བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ བྱང་ཆུབ་བར་དུ་བདག་གིས་སེམས་བསྐྱེད་དོ༔ བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ལན་གསུམ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་རྗེས་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ་ཞུ། དེ་ནས་རིགས་དང་སྐལ་པ་བརྟགས་པའི་ཕྱིར་དུ་ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་སྙམ་པའི་བློས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་དཀྱིལ་འཁོར་དུ་འདོར་བར་ཞུ། ཧོ༔ བདག་གིས་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན༔ སྔོན་གྱི་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ དེ་བ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་ཚོམ་བུའམ་འགྲིམ་དཀྱིལ་དུ་འདོར་དུ་གཞུག་ལ་གསང་མཚན་ཀྱང་དཔེར་ན་དབུས་སུ་བབས་པ་ལ། ཁྱེད་རང་གི་མེ་ཏོག་དབུས་སུ་བབས་པས་རིགས་ཀྱི་ལྷ་རྣམ་སྣང་ཧེ་རུ་ཀ་དང་། གསང་བའི་མཚན་འོད་གསལ་སྒྱུ་མ་བདེ་གཤེགས་རྩལ་ཞེས་བྱ་བ་ཡིན་ནོ། །ཞེས་བྱ། དེས་འགྲེས་ཏེ་ཤར་དུ་བབ་ན། རྡོ་རྗེ་སྙིང་པོ་བདེ་གཤེགས་རྩལ། ལྷོར་བབ་ན། འདོད་དགུ་རང་བྱུང་བདེ་གཤེགས་རྩལ༔ ནུབ་ཏུ་བབས་ན། བདེ་ཆེན་རྒྱལ་པོ་བདེ་གཤེགས་རྩལ༔ བྱང་དུ་བབ་ན། ཕྲིན་ལས་རྒྱལ་པོ་བདེ་གཤེགས་རྩལ༔ སོགས་ལྷ་རིགས་དང་མཐུན་པའི་གསང་མཚན་གདགས། ལྷ་དེ་ཉིད་དང་མི་འབྲལ་བའི་རྟགས་སུ་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས་རྒྱས་གདབ་པར་མོས་ཤིག བྱས་ལ་ཨོཾ་ཨཱཿཧཱུྃ་བརྗོད་ཅིང་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད། དེ་ནས་སྨིན་བྱེད་རྩ་བའི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་དྲང་པོར་བསྲང་བའི་གནད་བཅིངས་ཏེ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ལ་སྨུག་པའི་མདངས་ཀྱིས་བརྗིད་པའི་ཕྱག་གཉིས་ཀྱིས་རྡོ་རྗེས་ཐོད་ཁྲག་དཀྲུགས་པ༔ ཤིན་ཏུ་འཇིགས་ཤིང་རབ་ཏུ་རྔམ་པའི་སྐུ་ལ་དཔལ་དང་དུར་ཁྲོད་ཆས་རྣམས་ཀྱིས་བརྒྱན་པ༔ ཞབས་གཉིས་འདོར་སྟབས་ཀྱིས་པད་ཉིའི་གདན་ལ་བཞེངས་པའི་པང་དུ་ཡུམ་གནམ་ཞལ་མ་འཁྲིལ་ཞིང་ཡབ་ཡུམ་གཉིས་མེད་སྣང་ལ་རང་བཞིན་མེད་པ་གར་དགུའི་ཉམས་ལྡན་གཟི་བརྗིད་གཏུམ་རྔམ་གྱི་དཔལ་དུ་འབར་བར་གསལ་བའི་ཐུགས་ཀར་པདྨ་སྔོན་པོ་འདབ་བརྒྱད་ཀྱི་གདན་ལ་ཉི་མའི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐིང་ནག་གི་མཐའ་བསྐོར་དུ་ཡང་ཧཱུྃ་མཐིང་ནག་བརྒྱད་ཀྱིས་བསྐོར་བར་བསམ༔ སྤྱི་བོའི་སྟེང་གི་ནམ་མཁར་པད་ཟླའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་འཁོར་དུ་བརྒྱུད་པ་ལྔ་ལྡན་གྱི་བླ་མ་རིག་འཛིན་གྲུབ་ཐོབ་བརྒྱུད་པས་བསྐོར་ནས་འཇའ་འོད་ཐིབས་སེ་བཞུགས་པར་བསྒོམ༔ དེ་ནས་བླ་མའི་ཐུགས་ཀ་ནས་དང༔ རང་རང་གི་ཐུགས་ཀའི་ཧཱུྃ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བླ་མ་སྐུ་གསུམ་རྒྱ་བོད་ཀྱི་མཁས་གྲུབ་རིག་འཛིན་སོགས་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་ཏེ༔ སྤྱི་བོའི་སྟེང་གི་བླ་མ་རྣམས་ལ་ཐིམ་དེ་དག་ཀྱང་འོད་ཟེར་གྱི་གོང་བུར་གྱུར་ཏེ་སྤྱི་གཙུག་ཏུ་མར་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ རོལ་མོ་དང་སྤོས་དུད་བྱ། ཡང་ཐུགས་ཀའི་ཧཱུྃ་རྣམས་ལས་འོད་ཟེར་ཕྱོགས་བཅུ་མཐའ་ཡས་མུ་མེད་དུ་འཕྲོས་པས༔ དུས་གསུམ་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཡི་དམ་ཞི་བ་དམ་པ་རིགས་བརྒྱ་དང༔ སངས་རྒྱས་བཞི་བཅུ་རྩ་གཉིས༔ དེ་ཉིད་རིགས་ལྔ༔ གསང་ཆེན་རིགས་གཅིག་ལ་སོགས་པའི་རྣམ་པར་བྱོན་ཏེ་རང་རང་གི་ཐུགས་ཀའི་ཧཱུྃ་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག ཨོཾ་སརྦ་ཏ་ཐཱ་ག་ཏ་དེ་བ་ཤཱན་ཏི་ཀ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་སོགས་བྱ། ཡང་ཐུགས་ཀའི་ཧཱུྃ་ཡིག་དགུ་རྣམས་ལས་འོད་ཟེར་འཕྲོས་པས༔ རྒྱུད་སྡེ་བཞི་དང་དྲུག་གི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་དང་བཅས་པ་རྣམས་དང༔ ཁྱད་པར་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་དྲག་ཆར་རླུང་གིས་བསྐྱོད་པ་ལྟར་བྱོན་ནས་རང་རང་གི་ཐུགས་ཀའི་ཧཱུྃ་ཡིག་དགུ་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨཱ་བེ་ཤ་ཡ་དཱུ་ཏི་ཏེ༔ བཛྲ་ག་མ་ཨ་ནུཏྟ་རཾ༔ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཏོ་ས་ཡ་ཏོ་ས་ཡ༔ ར་ར་ཙཱ་ལ་ཧ་ཛཿཧཱུྃ་ཨ༔ ཧ་ཛྷེཾ་སྭཱ་ཧཱ༔ ཞེས་ཡེ་ཤེས་དབབ་པའི་རྫས་ཀྱི་དུད་པ་རོལ་མོ་དང་བཅས་པས་ནན་དུ་བསྟིམ་མོ། མཐར་ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྟན་པར་བསམ་ལ་འབྲུའི་མེ་ཏོག་དང་རྡོ་རྗེ་སྤྱི་བོར་བཞག་གོ །དབང་གི་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་སླད་དུ་མཎྜལ་ཕུལ་མཛོད། ཕྱི་རྫས་དབང་བསྐུར་བ་ནི། བུམ་པ་ཐོགས་ལ། ཧོ་བུམ་པ་འདིའི་ནང་གཞལ་ཡས་ཁང་ཕོ་བྲང་དགུ་རྫོགས་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་རྣམས་དངོས་སུ་བཞུགས་པ་ཁྱེད་རང་རྣམས་དཔལ་ཆེན་པོ་ཧེ་རུ་ཀར་སྔར་བཞིན་གསལ་བའི་སྤྱི་གཙུག་ཏུ་བཞག་པས་ལྷ་རྣམས་འོད་དུ་ཞུ་སྟེ་བདུད་རྩིའི་ཆུ་རྒྱུན་ནར་གྱི་བྱུང་སྟེ་སྤྱི་གཙུག་ཚངས་བུག་ཏུ་ཞུགས་པས་ལུས་་ཀྱི་ནང་ཐམས་ཅད་བདུད་རྩིས་མེར་གྱིས་གང་ཚེ་རབས་ཐོག་མའི་དུས་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང༔ ཡི་དམ་ལྷ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་བག་ཆགས་སྒྲིབ་བྱང་ཤོག༔ ཨོཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་གཏིགས་ངག་ཏུ་ཡང་བླུད། དེ་ནས་རིགས་ལྔའི་དབུ་རྒྱན་ཐོགས་ལ། དེ་ལྟར་བུམ་པས་དབང་བསྐུར་པས་ལྷ་འོད་དུ་ཞུ་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཁེངས་ཤིང་ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་རིགས་ཀྱི་བདག་པོ་རྒྱལ་བ་རིགས་ལྔས་དབུར་བརྒྱན་པར་སྒོམས་ཤིག༔ ཧཱུྃ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ སྐུ་ལྔ་ཡེ་ཤེས་དུག་ལྔ་འཇོམས༔ དབུ་རྒྱན་རིགས་ལྔས་དབང་བསྐུར་བས༔ ཉོན་ལྔའི་བག་ཆགས་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབུ་རྒྱན་བཀོན་ནོ། །དེ་ནས་ཕྱག་མཚན་རྡོ་རྗེ་དྲིལ་བུ་ལག་གཡས་གཡོན་དུ་གཏད་ཅིང་། དེ་ལྟར་ཕུང་ཁམས་ཡི་དམ་གྱི་ལྷར་བྱིན་གྱིས་བརླབས་ཤིང་རིགས་ཀྱི་བདག་པོ་ལྔའི་རྒྱས་བཏབ་པ་ནི༔ རྒྱལ་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཁྲུས་གསོལ་ཞིང་ཅོད་པན་བཅིངས་པ་དང་ཆོས་མཚུངས་ལ༔ དེ་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་གཏད་པ་དང་འདྲ་བར་རྡོར་དྲིལ་ལག་ཏུ་གཏད་པས་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྤྱད་ནུས་པར་གྱུར་པའི་སྐལ་པ་དམ་པ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་དང༔ གསུང་དབྱངས་གྲགས་སྟོང་དྲིལ་བུ་གཉིས༔ ཐབས་ཤེས་ཟུང་འཇུག་དབང་བསྐུར་བས༔ མཉམ་ཉིད་དབྱེར་མེད་དབང་ཐོབ་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གཏད་དོ། །དེ་ནས་མཆོད་རྫས་སྨན་རཀ་གཏོར་མ་སྣོད་གཅིག་ཏུ་བསྒྲིགས་ལ་ལག་ཏུ་གཏད་ཅིང་། འདི་ལྟར་ཕྱི་ནང་གསང་བའི་མཆོད་རྫས་ཡོངས་རྫོགས་གཏད་པས་ནི་རྒྱལ་བུ་ལ་རྒྱལ་སྲིད་ཀྱི་མངའ་ཐང་ལོངས་སྤྱོད་ཐམས་ཅད་ཕོག་པ་དང་ཚུལ་མཚུངས་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གྱུར་པའི་སྐལ་པ་དམ་པ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་རྫས༔ དམ་རྫས་ཡོངས་རྫོགས་དབང་བསྐུར་བས༔ ལྷ་དང་དམ་ཅན་བསྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ ཨོཾ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་གཏད་དོ། །དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱིས་ལུས་ལ་བརྒྱན་ཞིང་། དེ་ལྟར་རྒྱལ་བུ་རྒྱལ་པོར་དབང་བསྐུར་པས་རྒྱལ་པོའི་ཆ་བྱད་དང་དཔའ་བརྗིད་ཀྱི་གོས་རྒྱན་རྣམས་གྱོན་པར་དབང་པ་ལྟར༔ དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་དང་རྟགས་ཀྱི་རྫས་རྣམས་གཏད་ཅིང་གདབ་པས༔ མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་རྗེ་དང་གཙོ་བོར་བཀུར་བ་དང༔ འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན་ནུས་པའི་མཐུ་དང་ལྡན་པར་སྒོམས་ཤིག༔ ཧཱུྃ༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པ༔ དཔལ་གྱི་ཆས་དབང་ཐོབ་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ དེ་ལྟར་ཕྱི་ཐུན་མོང་རྫས་ཀྱི་དབང་རྣམས་རིམ་པར་བསྐུར་པས་འཁོར་ལོས་སྒྱུར་བའི་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ཇི་ལྟ་བར་སྐལ་ལྡན་ཁྱེད་རྣམས་ཆོས་ཀྱི་རྒྱལ་སྲིད་ལ་བཀོད་ཅིང་མངའ་གསོལ་བའི་བྱིན་་རླབས་མཐུ་འབྲས་ཀྱིས་དམ་པ་ཆོས་ཀྱི་རྒྱལ་ཁབ་ཏུ་མངོན་པར་སངས་རྒྱས་པའི་གོ་འཕང་ཐོབ་ནས་མཁའ་མཉམ་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ༔ དེ་ནས་ལྷ་དབང་བསྐུར་བ་ནི། མདུན་གྱི་དཀྱིལ་འཁོར་ཡེ་ཤེས་རང་བྱུང་སྤྲུལ་པའི་གཞལ་ཡས་ཁང་ཆོས་ཉིད་རོལ་པ་ཆེན་པོའི་ཕོ་བྲང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་དང་ཕྱོགས་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་དགུའི་གཙོ་མཆོག་དཔལ་ཆེན་ཁྲག་འཐུང་ལྷ་དགུའི་སྐུ་ལས་རང་རང་དང་འདྲ་བའི་སྐུའི་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱི་རོལ་པ་ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བ་རེ་བྱོན་ཏེ་གནས་རྣམས་སོ་སོ་ལ་ལྷ་སོ་སོ་ཐིམ་པར་སྒོམས་ཤིག༔ དཔལ་དགུའི་སྐུ་རྟེན་གནས་སོ་སོར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་ཆེ་བའི་མཆོག༔ བཅོམ་ལྡན་དཔལ་ཆེན་ཀུན་བཟང་ཧེ་རུ་ཀ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ སྐལ་ལྡན་བུ་ལ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་སྤྱི་གཙུག་ཏུ་བསྟིམ། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་སྐུ་མཆོག་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན༔ སྐལ་ལྡན་བུ་ལ་སྐུ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་དཔྲལ་བར་བསྐུར། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གསུང་མཆོག་དབང་ཆེན་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ འགག་མེད་གསུང་དབྱངས་འགྲོ་ཀུན་དབང་དུ་སྡུད༔ སྐལ་ལྡན་བུ་ལ་གསུང་གི་དངོས་གྲུབ་སྩོལ༔ ཨོཾ་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཐུགས་མཆོག་བཛྲ་སྐུ༔ ཡབ་ཡུམ་སྲས་དང་བཅས་པས་དབང་བསྐུར་བས༔ གསལ་སྟོང་མཐའ་བྲལ་ཟུང་འཇུག་རྡོ་རྗེའི་ཐུགས༔ སྐལ་ལྡན་བུ་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་སྙིང་གར་བསྐུར། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཕྲིན་ལས་ཕུར་པའི་སྐུ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་དང་བཅས༔ བྱིན་རླབས་ཐོགས་མེད་ནུས་མཐུའི་དབང་བསྐུར་བས༔ སྐལ་ལྡན་བུ་ལ་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལྟེ་བར་བསྐུར། ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་བླ་མེད་ཧེ་རུ་ཀ༔ མ་མོ་རྦོད་གཏོང་ཚོགས་ཀྱི་དབུས་ན་བཞུགས༔ ལྷ་མོ་མོ་རྒྱུད་མཁའ་འགྲོ་ཀུན་འདུས་དབང༔ སྐལ་ལྡན་བུ་ལ་མཁའ་འགྲོས་དངོས་གྲུབ་སྩོལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསང་གནས་སུ་བཞག །ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་བླ་མ་ཐོད་པ་རྩལ༔ རྒྱ་བོད་གྲུབ་ཐོབ་རྩ་བརྒྱུད་བླ་མ་རྣམས༔ ཡབ་ཡུམ་སྲས་བཅས་ཐུགས་རྗེ་བྱིན་རླབས་དབང༔ སྐལ་ལྡན་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་གཙུག་ཏུ་བསྟིམ། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་དྲེགས་པ་ཀུན་འདུལ་ནི༔ ཡབ་ཡུམ་སྲས་དང་འཁོར་ཚོགས་ཐམས་ཅད་ཀྱིས༔ ཆོས་སྐྱོང་སྲུང་མ་ལས་ལ་ཁོལ་བའི་དབང༔ སྐལ་ལྡན་བུ་ལ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པུས་མོ་གཡས་སུ་བསྐུར་ཞིང་བསྟིམ། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་སྟོབས་ལྡན་ནག་པོ་ནི༔ ཡབ་ཡུམ་སྲས་དང་འཁོར་བཅས་མ་ལུས་པས༔ འཇིག་རྟེན་དྲེགས་པ་འདུལ་བའི་དངོས་གྲུབ་ནི༔ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབས༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་པུས་མོ་གཡོན་དུ་བསྐུར༔ ཧཱུྃ་ཁྲོཾ༔ བྱ་ཁྱུང་རྒྱལ་པོ་དཀར་ནག་གཉིས༔ རྡོ་རྗེའི་མཆུ་ལ་རལ་གྲིའི་སྤུ༔ ལྕགས་ཀྱི་སྡེར་མོ་གནམ་ལྕགས་རྭ༔ ས་བདག་ཀླུ་འདུལ་དབང་ཐོབ་ཤོག༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་དཔུང་པ་གཡས་གཡོན་གཉིས་ལ་བསྐུར་ཞིང་བསྟིམ་མོ། །སླར་ཡང་མདུན་གྱི་བདེ་བར་གཤེགས་པའི་ཕོ་བྲང་དགུའི་ལྷ་ཚོགས་ཡབ་ཡུམ་སྲས་འཁོར་བཀའ་སྲུང་དང་བཅས་པའི་སྐུ་སོ་སོ་ལས་མར་མེ་གཅིག་ལས་གཉིས་སུ་མཆེད་པ་ལྟར་རྫུ་འཕྲུལ་སྐུའི་སྣང་བརྙན་རང་རང་དང་འདྲ་བ་རེ་རེ་བྱོན་ཏེ༔ སློབ་མ་རྣམས་ཀྱི་གནས་སོ་སོ་ལ་ལྷ་སོ་སོ་ཐིམ་པར་སྒོམས་ཤིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ཞེས་རོལ་མོ་དང་བཅས་པས་བསྟིམ་ལ་མེ་ཏོག་གཏོར་རོ། །དེ་ནས་གསང་བ་བཟླས་ལུང་འབོགས་པ་ནི། ཕོ་བྲང་དགུའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་འཁོར་བ་རྣམས་ལས་འོད་ཟེར་ཧཱུྃ་སྔགས་ཕྲེང་དང་བཅས་པ་གྱེན་དུ་ནར་གྱི་བྱུང་ནས་ཞལ་ནས་ཐོན་ཏེ༔ སློབ་མ་རང་རང་རྣམས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་བཞིན་པར་སླར་ཡང་གསལ་གདབ་ཅིང་ལྷ་སྐུ་ཕྱག་རྒྱའི་དབང་གིས་ལུས་སྤྲུལ་སྐུར་བྱིན་གྱིས་བརླབས་ནས་ཡོད་པ་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ལྗགས་ཀྱི་སྟེང་ན་པདྨ་འདབ་བརྒྱད་ཀྱི་དབུས་སུ་སྔགས་ཀྱི་འཁོར་ལོ་ལུ་གུ་་་་་རྒྱུད་དུ་འཁོར་བར་སྒོམས་ཤིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ཧྲཱིཿཧཱུྃ་ཨ༔ ཨོཾ་བཛྲ་ཤྲཱི་མ་ཧཱ་ཀྲོ་དྷ༔ ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཡ་ཡ་མཱནྟ་ཀ༔ ཧྲཱིཿཔདྨཱནྟ་ཀྲིཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ༔ ཀཱ་ལ་རཱུ་པ༔ ཡཀྴ་ཀྲོ་དྷ༔ བཛྲ་སརྦ་དུཥྚཱན་ཨེ་ཛ༔ ཁྲོཾ་བཛྲ་ག་རུ་ཌ༔ མ་མ་ཀྲོ་དྷཱི་ཤྭ་རཱི༔ ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་ལན་གསུམ་དུ་རྗེས་ཟློས་བྱར་འཇུག་གོ །དེ་ནས་གསང་དབང་བྷནྡྷའི་དབང་ནི། ཀ་པཱ་ལར་བདུད་རྩི་ཨ་མྲྀཏ་ཛ་གད་མངར་གསུམ་སྦྱར་བ་ཐོགས་ལ། བརྒྱུད་པ་ཀུན་གྱི་བདག་ཉིད་རྡོ་རྗེ་སློབ་དཔོན་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་བཞེངས་ཏེ་སྙོམས་འཇུག་མཛད་པའི་བྱང་སེམས་ཀྱི་བདུད་རྩི་འདི་ཉིད་སྐལ་ལྡན་བུ་ལ་བྱིན་པས་ངག་གི་སྒྲིབ་པ་ཐམས་ཅད་དག་ཅིང༔ རྩ་རླུང་ཐིག་ལེ་གསུམ་བདེ་བ་ཆེན་པོར་རྒྱས་པར་སྒོམས་ཤིག༔ ཧཱུྃ༔ བླ་མ་བདེ་གཤེགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་སེམས་འདིས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྷནྡྷ་མགྲིན་པར་བསྐུར་ཞིང་བདུད་རྩི་ངག་ཏུ་བླུད་དོ། །དེ་ནས་གཟུངས་མའི་གཟུགས་ཐོགས་ལ། དེ་ལྟར་གསང་དབང་གིས་ངག་ལོངས་སྤྱོད་རྫོགས་པའི་སྐུར་སྨིན་ནས༔ སླར་སློབ་མ་རང་རང་རྣམས་ཆེ་མཆོག་ཧེ་རུ་ཀའི་ཏིང་ངེ་འཛིན་དང་ལྡན་པའི་ངང་ནས་གཟུངས་མའི་གཟུགས་འདི་ཉིད་ཀྱང་ཡུམ་གནམ་ཞལ་མ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བའི་ངང་ནས་ཡབ་ཡུམ་བདེ་སྟོང་སྦྱར་བའི་ཐིག་ལེ་དབབ་བཟློག་འདྲེན་བཀྲམ་གྱིས་དགའ་བཞིའི་ཡེ་ཤེས་ངོས་བཟུང་བས་ཡིད་སྒྲིབ་ཐམས་ཅད་དག་ནས་བླ་ན་མེད་པའི་མྱུར་ལམ་གོ་འཕང་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ མཚན་ལྡན་ཡིད་འོང་གྲོགས་མཆོག་འདི༔ བསྟེན་པས་བདེ་སྟོང་རྒྱུད་ལ་སྐྱེ༔ ཐིག་ལེ་དབབ་བཟུང་འདྲེན་བཀྲམ་གྱིས༔ བདེ་སྟོང་ལྷན་སྐྱེས་རྟོགས་པར་ཤོག༔ ཨ་ཧོ་སུ་ཁ་ཧོ༔ ཞེས་གཏད་ལ། ཧཱུྃ༔ ཡབ་ཡུམ་གཉིས་ཀ་སྣང་སྟོང་ལྷ༔ རྡོ་རྗེ་པདྨ་བྱིན་བརླབས་ཏེ༔ དབབ་བཟུང་འདྲེན་དགྲམ་འཁྲུལ་འཁོར་གྱིས༔ བདེ་སྟོང་རང་ངོ་ཤེས་པར་བྱོས༔ ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་ལྷན་སྐྱེས་ཡེ་ཤེས་རང་ངོ་ཤེས་པ་ཉམས་སུ་མྱོང་ངེས་པར་བྱའོ། །དེ་ནས་དབང་བཞི་པ་ངོ་སྤྲད་པ་ནི། མེ་ལོང་དང་ཤེལ་རྡོ་ཐོགས་ལ། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཆོས་སྐུར་གྲོལ་བར་བྱས་ནས་སླར་ཡང་མེ་ལོང་དང་ཤེལ་རྡོའི་དཔེ་ལ་ལྟོས་དང༔ མེད་བཞིན་སྣང་བའི་ཁ་དོག་གཟུགས་བརྙན་དུ་མར་གསལ་བར་ཤར་ཡང༔ ཤར་བ་ཉིད་དངོས་པོར་མ་གྲུབ་པའི་སྟོང་པར་འདུག་སྟེ༔ དཔེ་འདི་ཇི་ལྟ་བར་རང་གི་སེམས་ཉིད་ཡེ་ནས་དངོས་པོ་དང་མཚན་མ་རྡུལ་ཙམ་ཡང་མ་གྲུབ་ལ༔ སྟོང་པའི་རང་མདངས་འགག་མེད་ཀྱི་གསལ་སྣང་སྣ་ཚོགས་སུ་ཤར༔ གང་ལྟར་ཤར་ཡང་དོན་ལ་བདེན་པར་མ་གྲུབ་པ་འདི་ནི་སེམས་ཉིད་ཀྱི་གནས་ལུགས་ཡིན་ཏེ༔ གནས་ལུགས་དེ་ཡང་སངས་རྒྱས་སྐུ་གསུམ་གྱི་ངོ་བོ་རང་བཞིན་ཐུགས་རྗེ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་ཏེ༔ ཇི་ལྟར་བཞུགས་ན༔ སེམས་ཀྱི་ངོ་བོ་སྟོང་པ་སྤྲོས་པ་དང་མཚན་མ་ལས་འདས་པའི་དབྱིངས་ནི་ཆོས་སྐུ༔ དེའི་རང་གདངས་འགག་མེད་གསལ་རིག་ཏུ་སྣང་བ་ནི་ལོངས་སྐུ༔ གསལ་སྟོང་དབྱེར་མེད་ཀྱི་རྩལ་ལས་འཁོར་འདས་ཀྱི་རྟོག་པ་སྣ་ཚོགས་ཅིར་ཡང་ཤར་བ་ནི་སྤྲུལ་སྐུ་སྟེ༔ དེ་གསུམ་ཡང་ཐ་དད་མ་ཡིན་པར་ད་ལྟའི་ཐ་མལ་གྱི་ཤེས་པ་བཟོ་བཅོས་མ་བྱས་རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པའི་རང་ངོར་ཧྲིག་གེ༔ ཡེ་རེ༔ རྗེན་ནེ་བ་འདི་ཀ་ལས་གཞན་གང་ཡང་ཡོད་པ་མ་ཡིན་ཏེ༔ འདི་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཡིན་ཏེ༔ བརྡ་དོན་ངོ་འཕྲོད་པར་གྱིས་ཤིག༔ ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་གྲུབ་དོན༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གདོད་ནས་ཡང་དག་གཉུག་མའི་གཤིས༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཛྙཱ་ན་པཉྩ་དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བསྐུར་ཞིང་དོན་དབང་ངོ་སྤྲད་དོ། །དེ་ནས་ལྕགས་ཕུར་ལག་ཏུ་གཏད་ཅིང་། དེ་ལྟར་བཀའ་བརྒྱད་འདུས་པའི་སྙིང་པོ་ཡིད་བཞིན་ནོར་བུའི་དབང་བཞི་ཡོངས་རྫོགས་ཐོབ་པའི་མཐའ་རྟེན་ཕྲིན་ལས་དྲག་པོས་གདུག་པ་ཅན་འདུལ་བའི་དབང་སྟེ༔ ལྕགས་ཕུར་འདི་ཉིད་ངོ་བོ་དཔལ་ཆེན་ཁྲག་འཐུང་ལྷ་དགུ་ལ༔ རྣམ་པ་ལས་བྱེད་སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཕུར་པ་འདྲིལ་བའི་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མགར་གྱི་སོལ་མེ་ནས་དྲངས་པ་ལྟར་ཚྭ་ཚྭ་འཕྲོ་བ་ཅན་དུ་གསལ་བ་འདི་ལག་ཏུ་གཏད་ཅིང་དྲིལ་བས༔ མ་རུངས་གདུག་པ་ཅན་དགྲ་བགེགས་ཚར་གཅོད་པའི་ནུས་པ་ཐོབ་པར་སྒོམས་ཤིག ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ ལྕགས་ཕུར་དྲག་པོའི་ལྷར་གསལ་ནས༔ དྲགས་སྔགས་བཟླ་ཞིང་དྲིལ་བར་བྱོས༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཨཱ༔ ཞེས་བསྐུར་ལ་ཤིས་བརྗོད་གང་འོས་བྱ། དེ་ལྟར་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་དོན་དབང་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་གྲུབ་པ་ཡིན་པས་སོགས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་ནས་སྨོན་ལམ་གྱི་བར་ལས་བྱང་དཀྱུས་ལྟར་ཚང་བར་བྱའོ། །གསང་སྔགས་མཐའ་དག་སྒྲུབ་སྡེ་བརྒྱད་ལ་དྲིལ། །དེ་ཡི་ལུགས་ཀུན་གཅིག་ཏུ་དྲིལ་བའི་ཆོས། །སྙིང་པོའི་ཡང་ཞུན་འདི་ལ་སྐལ་ལྡན་ཀུན། །ཞུགས་ནས་ཀློང་དགུའི་ཕྱག་རྒྱ་མངོན་གྱུར་ཤོག །ཅེས་པའི་ཚུལ་འདིའི་བུམ་དབང་མན་ཆད་ཀྱི་མཚམས་སྦྱོར་གཏེར་གཞུང་དངོས་ལས་འབྱུང་ཞིང་། དེའང་གྲུབ་དབང་རྒོད་ཕུག་པ་ཆེན་པོས་འཇའ་ཚོན་ཟབ་གཏེར་བཀའ་བརྒྱད་དབང་གི་མཚམས་སྦྱོར་མཛད་པ་དང་ཚིག་དོན་གཉིས་ཀ་ཞུ་དག་ཕེར་བར་འདུག་པས་བྱིན་རླབས་ཀྱི་བབས་དང་དགོས་པའི་གནད་ཆེ་བར་བསམས་ནས་ལག་ལེན་དང་ཁ་འགེངས་འོས་རིགས་ཕྲན་བུ་ཙམ་ལས་གཏེར་གཞུང་ཉིད་སོར་བཞག་ཏུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྙིང་པོ་དཔལ་ཆེན་པོའི་ཐུགས་གསང་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བ་དགེ་ལེགས་འཕེལ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས༔ ཁྲག་འཐུང་བདེ་གཤེགས་འདུས་པ་ (Volume 16, Text 12)

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས༔ ཁྲག་འཐུང་བདེ་གཤེགས་འདུས་པ་བཞུགས༔ ཁྲག་འཐུང་འདུས་པའི་ལྷ་ལ་འདུད༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པ༔ རྔ་ཡབ་གླིང་དུ་མངོན་སུམ་ཕྱིན༔ རྩ་གསུམ་ཀུན་འདུས་གུ་རུ་རྗེ༔ ཨོ་རྒྱན་པདྨ་རྒྱལ་པོ་ལས༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི༔ དབང་དང་གདམས་ངག་ཀུན་ཞུས་ནས༔ ཁྲག་འཐུང་དགྱེས་པའི་ཞལ་ཡང་མཐོང༔ དེ་ཡི་སྙིང་པོའི་བཅུད་བསྡུས་པ༔ སྐལ་ལྡན་དོན་དུ་བརྩེ་བས་གདམས༔ ས་མ་ཡ༔ འདི་ལ་སྤྱི་དོན་ལྔ་ཡིན་ཏེ༔ བསྐྱེད་པ་སྐུ་ཡི་སྒྲུབ་ཐབས་དང༔ གྱེར་བཟླས་གསུང་གི་ལས་རིམ་དང༔ འོད་གསལ་ཐུགས་ཀྱི་རྫོགས་རིམ་དང༔ ཡོན་ཏན་སྨིན་བྱེད་དབང་བསྐུར་དང༔ ཕྲིན་ལས་མངོན་སྤྱོད་གཟེར་ཀ་སྟེ༔ མཆོག་དང་ཐུན་མོང་ལམ་གྱི་རིམ༔ ཟབ་རྒྱས་ཀུན་གྱི་སྙིང་པོར་བསྟན༔ ས་མ་ཡ༔ དང་པོ་བསྐྱེད་པའི་སྒྲུབ་ཐབས་ནི༔ དབང་ཐོབ་དམ་ཚིག་ལ་གནས་པའི༔ སྔགས་པས་དུར་ཁྲོད་དབེན་གནས་སུ༔ ཡིད་གཡེངས་སྤངས་ལ་འདི་ལྟར་བསྒོམ༔ ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེའི་རོལ་པ་ལས༔ ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཧཱུྃ༔ མཐིང་ནག་མཁའ་ལ་འཇའ་ལྟར་ཤར༔ ཆོ་འཕྲུལ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་པོར་འཛིན་པ་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང༔ རི་རབ་རྡོ་རྗེའི་བྲག་ཆེན་པོ༔ སྲུང་འཁོར་འཇིགས་པའི་དུར་ཁྲོད་དང༔ དྲག་པོའི་གཞལ་ཡས་མཚན་རྫོགས་དགུའི༔ དབུས་མར་འཁོར་ལོ་རྩིབས་བཞིའི་ལྟེར༔ པདྨ་ཟླ་ཉི་བྱོལ་སོང་གཙོ༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང༔ རྒྱུ་ཡི་ཧཱུྃ་བབས་ཡོངས་སུ་གྱུར༔ རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དམར་བའི་མདངས་འོད་འཚེར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སྤྱན་དགུ་སྡང་མིག་སྨར་སྨིན་འབར༔ གཡས་གསུམ་རྡོ་རྗེ་འབར་བའི་མཚོན༔ རྩེ་དགུ་རྩེ་ལྔ་རྩེ་གསུམ་གསོར༔ གཡོན་གསུམ་སྐམ་རློན་རྙིད་པ་ཡི༔ བྷཉྫ་བདུད་བཞིའི་ཁྲག་གིས་གང༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ སྦྱོར་ཡུམ་གནམ་ཞལ་དབྱིངས་ཕྱུག་མ༔ སྔོ་སྐྱ་རྩེ་གསུམ་ཐོད་འཛིན་འཁྲིལ༔ དར་དང་རུས་རྒྱན་གཟིག་ཤམ་འཕྱང༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ ཨེ་ཝཾ་མཉམ་སྦྱར་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་འཕྲོས༔ བདེ་གཤེགས་སྲས་དང་བཙུན་མོར་བཅས༔ སྤྱན་དྲངས་ཞལ་ཞུགས་ཐུགས་ཀར་ཞུ༔ ཡུམ་གྱི་པདྨོར་སོན་པ་ལས༔ ཧཱུྃ་ཆེན་འབར་བའི་སྤྲིན་ཕུང་འཕྲོས༔ ཚོམ་བུའི་དཀྱིལ་འཁོར་གསལ་བར་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཙོ་མཆོག་དཀྱིལ་འཁོར་རྩིབས་བཞི་རུ༔ གསང་བའི་ཁྲོ་རྒྱལ་ཡབ་ཡུམ་དང༔ ཁྲོ་བཅུ་ཏ་ཀྲྀཏ་སྒོ་བ་བཞི༔ ཕོ་ཉ་མང་པོོ་ལས་ལ་འགྱེད༔ ཆེ་མཆོག་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་རུ་ཏྲའི་སྟེང༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རཱི་མཐིང་སྐྱ་འཁྲིལ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་དང༔ གནས་ཡུལ་སྒོ་སྐྱོང་བཀའ་ཉན་བཅས༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་མ་ཧེ་དང༔ གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང༔ ཟིལ་གནོན་ཁྲག་འཐུང་མཐིང་ནག་འབར༔ འཁོར་ལོ་བསྐོར་ཞིང་སྡིགས་མཛུབ་བསྒྲེང༔ སྦྱོར་ཡུམ་བཻ་ཏཱ་ནག་མོ་འཁྲིལ༔ གཤེད་ཆེན་བཞི་དང་འཆི་བདག་ཚོགས༔ མཐར་བྱེད་སྒོ་བ་བཀའ་ཉན་བཅས༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་རྫོགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་ཀླུ་བརྒྱད་སྟེང༔ རྟ་མཆོག་པདྨ་ཧེ་རུ་ཀ༔ དམར་སྨུག་པདྨ་དྲིལ་བུ་འཛིན༔ དབུ་གཙུག་རྟ་གདོང་རྔམ་བཞད་འཚེར༔ གཟི་ལྡན་དམར་མོ་ཡུམ་དང་འཁྲིལ༔ གཡས་གཡོན་སྤྲུལ་པའི་ཕོ་ཉ་སྤྲོ༔ རྩིབས་བཞིར་དབང་ཆེན་རིགས་བཞི་དང༔ ཟིལ་གནོན་སྒོ་སྐྱོང་ཕོ་ཉར་བཅས༔ པདྨ་གསུང་གི་དཀྱིལ་འཁོར་རྫོགས༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་ལྷ་ཆེན་སྟེང༔ རྡོ་རྗེ་གཞོན་ནུ་མཐིང་ནག་འབར༔ ཕྱག་གཉིས་སྲིད་པ་ཕུར་བུ་འདྲིལ༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་འཁྲིལ༔ རྩིབས་བཞིར་སྲས་མཆོག་རིགས་བཞི་དང༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས༔ སྒོ་སྐྱོང་བཀའ་ཉན་དང་བཅས་པའི༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་མ་མོའི་སྟེང༔ མངོན་རྫོགས་ཁྲག་འཐུང་རྒྱལ་པོ་མཐིང༔ རྡོ་རྗེ་གསོར་ཞིང་ཐུན་ཁྲག་འཕེན༔ ཉིད་བཞི་བདེ་མཆོག་ཡུམ་དང་འཁྲིལ༔ རྩིབས་བཞི་མདུན་གྱི་གཡོན་ཟུར་བཅས༔ རྟག་པའི་རྒྱལ་མོ་སྤུན་ལྔ་དང༔ རྗེ་མོ་སྨན་མོ་སྒོ་སྐྱོང་སོགས༔ སྲིད་པ་མ་མོའི་དཀྱིལ་འཁོར་རྫོགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཉི་ཟླ་རིན་ཆེན་ཁྲིར༔ རིག་འཛིན་རྡོ་རྗེ་ཆོས་རབ་དཀར༔ རྡོ་རྗེ་དྲིལ་འཛིན་ཞི་ཆགས་ཁྲོ༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ རྩིབས་བཞིར་རིག་འཛིན་རྣམ་བཞི་དང༔ གྲུབ་པའི་སློབ་དཔོན་རྣམ་པ་བརྒྱད༔ སྒོ་སྐྱོང་མཁའ་འགྲོའི་ཚོགས་བཅས་པ༔ བླ་མ་རིགས་འདུས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཟླ་ཉི་དྲེགས་པའི་སྟེང༔ དཔལ་ཆེན་དྲེགས་འདུལ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་གསོལ༔ སྲིད་པ་སྤྱི་འདུལ་ནག་མོ་འཁྲིལ༔ རྩིབས་བཞིར་དྲེགས་ཆེན་སྡེ་བཞི་དང༔ གཞན་ཡང་དྲེགས་པ་སྒོ་སྐྱོང་བཅས༔ མ་རུངས་དྲེགས་ཚོགས་ཕོ་ཉར་འགྱེད༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཟླ་ཉི་དགྲ་བགེགས་སྟེང༔ སྟོབས་ལྡན་ནག་པོ་ཆར་སྤྲིན་མདོག༔ རྡོ་རྗེ་གསོར་ཞིང་ཙིཏྟ་གསོལ༔ འབྱུང་ལྔའི་བདག་མོ་ཡུམ་དང་འཁྲིལ༔ རྩིབས་བཞིར་གཤེད་བདུད་སྲིན་གནོད་སྦྱིན༔ གཞན་ཡང་དྲེགས་ཆེན་སྒོ་སྐྱོང་དང༔ གསོད་བྱེད་སྡེ་བརྒྱད་སྤྲིན་ཕུང་འཕྲོ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ དེ་ལྟར་གསལ་བའི་ཁྲག་འཐུང་གཙོ༔ དུར་ཁྲོད་དཔལ་ཆས་གར་དགུས་རོལ༔ འཁོར་རྣམས་དུར་ཁྲོད་རོལ་པའི་ཆས༔ རྣམ་འགྱུར་མ་ངེས་ཅི་ཡང་སྟོན༔ རིག་འཛིན་དར་དང་རུས་པའི་རྒྱན༔ དྲེགས་ཆེན་རང་རང་ཆ་ལུགས་དང༔ དྲག་སྔགས་འཇིགས་རུང་མི་བཟད་རྔམ༔ དཔལ་དགུའི་དཔུང་པ་གཡས་གཡོན་རྩེར༔ རྡོ་རྗེའི་བྱ་ཁྱུང་དཀར་ནག་ལྡིང༔ བར་ཁྱམས་གནས་ཡུལ་ཕྲ་མན་ཚོགས༔ ཕྱོགས་མཚམས་དཔལ་གྱི་བཀའ་སྡོད་དཔུང༔ སྒོ་བཞིར་ཕྱི་ནང་སྒོ་སྐྱོང་དང༔ ཕྱི་རོལ་དབང་ཕྱུག་མཁའ་འགྲོ་གིང༔ ལངྐ་འབར་མ་ཕོ་ཉ་སོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ སྣང་སྲིད་གཞིར་བཞེངས་ཡོངས་རྫོགས་ལྷ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཧཱུྃ༔ ཧཱུྃ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབས་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ སླར་ཡང་མཁའ་ཁྱབ་དབང་གི་ལྷས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྒྲིབ་དག་ནུས་རྩལ་ཡོངས་སུ་རྫོགས༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་བསམ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩཱ་མི༔ དེ་ནས་ཡེ་ཤེས་དྲང་བསྟིམ་སོགས༔ ལས་རིམ་རྒྱས་བསྡུས་གང་འཐད་བྱ༔ ཁྱད་པར་རིག་འཛིན་སྒྲུབ་པ་ནི༔ བསྐྱེད་པའི་རིམ་པའི་ཏིང་འཛིན་ལ༔ གསལ་བརྟན་དག་པའི་གཟེར་བཏབ་ནས༔ རྩེ་གཅིག་མཉམ་གཞག་སེམས་བརྟན་པས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ནས༔ ཡིད་དང་དབང་པོ་ལུས་ཀྱི་ཡུལ༔ གསལ་བ་གསུམ་ལྡན་དྲོད་རྟགས་འབྱུང༔ ཐ་མལ་སྣང་ཞེན་ལྷ་སྐུར་དག༔ རླུང་སེམས་ཟུང་འཇུག་སྐུར་ལྡང་པའི༔ རྣམ་སྨིན་ལ་སོགས་རིག་འཛིན་ཐོབ༔ སྐུ་ཡི་རྣལ་འབྱོར་གྲུབ་པ་འོ༔ ས་མ་ཡ༔ གཉིས་པ་གྱེར་བཟླས་སྒྲུབ་ཐབས་ལ༔ གྱེར་ཐབས་ཕྲིན་ལས་བཟླས་རིམ་གཉིས༔ དང་པོ་ཕྲིན་ལས་སྔོན་དངོས་རྗེས༔ སྔོན་འགྲོ་ཇི་སྐད་བཤད་པ་ཡི༔ མཚན་ཉིད་ཀུན་ཚང་སློབ་དཔོན་ལས༔ སྣོད་ལྡན་སློབ་མས་དབང་བསྐུར་ཞུ༔ དམ་ཚིག་དག་པས་གཞི་བཟུང་ནས༔ དབེན་ཞིང་ཡིད་འཐད་སྒྲུབ་གནས་སུ༔ རྒྱུད་དག་ཆོས་མཐུན་གྲོགས་བཅས་སམ༔ ཡང་ན་རང་ཉིད་གཅིག་པུ་ཡིས༔ མཁོ་བའི་ཡོ་བྱད་ཚོགས་པར་བྱ༔ སྤྲོ་ན་ས་ཡི་ཆོ་ག་དང༔ ཕྱི་ནང་གསང་བའི་མཚམས་བཅད་སོགས༔ རྒྱུད་ལས་གསུངས་པ་བཞིན་དུ་བྱ༔ ལྷག་པའི་ལྷ་དང་བུམ་པ་རྣམས༔ སྟ་གོན་རིམ་པས་ལྷག་པར་གནས༔ བསྡུ་ན་མཚན་མའི་དཀྱིལ་འཁོར་ཆེར༔ བསྐྱེད་པ་བཞིན་དུ་འབྲི་བ་འམ༔ མཎྜལ་མེ་ཏོག་ཚོམ་བུ་དགུ༔ ཁྱད་པར་དཔལ་གྱི་ཕུར་བུ་དགོད༔ ཕྱི་ནང་གསང་བའི་མཆོད་ཚོགས་བཤམ༔ བདེ་བའི་སྟན་ལ་ལེགས་འདུག་སྟེ༔ དང་པོ་བཀའ་བསྒོ་མཚམས་སྲུང་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ བྱང་ཆུབ་སྒྲུབ་ལ་བར་ཆད་ཀུན༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ དཔལ་ཆེན་ཁྲག་འཐུང་བཀའ་ཐོས་ནས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་དང་བཅས་ཐུན་གྱིས་བརྡེག༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཉི་ཟླ་འབར་བའི་སྡང་མིག་གིས༔ བགེགས་ཀྱི་ཚོགས་རྣམས་བསྲེགས་ཤིང་སྦྱངས༔ ཐུགས་ནས་ཁྲོ་མཚོན་མེ་ཕུང་འཕྲོས༔ མཚོན་ཆའི་འཁོར་ལོའི་རྩིབས་སྟེང་དུ༔ ཕྱོགས་སྐྱོང་གདན་ལ་ཁྲོ་ཚོགས་འབར༔ ཡེ་ཤེས་མེ་དཔུང་འཚུབས་ཤིང་འཁྱིལ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རལ་གྲི་ཐོ་བ་དང༔ ཕུར་པའི་མཚོན་ཆ་སྤྲིན་ལྟར་གཏིབས༔ ལྷ་སྔགས་ཡེ་ཤེས་རྒྱས་བཏབ་པས༔ ནམ་ཡང་འདའ་བའི་སྐབས་མེད་དོ༔ བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་ཏཱིཀྵྞ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གཉིས་པ་སྐྱབས་སེམས་ཚོགས་གསག་ཕྱིར༔ མཁའ་ཁྱབ་ཚོགས་རྟེན་སྤྱན་དྲངས་མདུན༔ ཡན་ལག་བརྒྱད་ཀྱིས་རྒྱུད་སྦྱང་བྱ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་དགེ་བ་རྣམས༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ གསུམ་པ་བརྡ་ཡི་སྒོ་དབྱེ་ཞིང༔ གཉིས་སུ་མེད་པའི་ཕྱག་གིས་འདུད༔ ཧཱུྃ༔ གཉིས་འཛིན་རྟོག་པས་བཅད་པའི་བརྡ་ཡི་སྒོ༔ རིག་པ་རང་གསལ་ཆེན་པོའི་ངང་དུ་དབྱེ༔ ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དཔལ་ཆེན་པོ༔ མངོན་སུམ་རིག་ངོར་མཇལ་བའི་ཕྱག་གིས་འདུད༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་ཝེ་ཤ་ཡ་ཕཊ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་རྒྱུད་དག་སྣོད་རུང་ཕྱིར༔ གདུང་བའི་ཤུགས་བསྐྱེད་ནོངས་པ་བཤགས༔ ཧོ༔ དོན་དམ་དམིགས་མེད་སྤྲོས་དང་བྲལ་བ་ལ༔ ཉམས་དང་བཤགས་པར་བྱ་བ་མ་དམིགས་ཀྱང༔ ཀུན་རྫོབ་འཁྲུལ་པའི་དབང་གིས་ལས་བསགས་པ༔ སྙིང་ནས་འགྱོད་པས་མཐོལ་བཤགས་བཟོད་པར་བཞེས༔ ཡི་གེ་བརྒྱ་པ་བརྗོད༔ ལྔ་པ་སྡོམ་པའི་དམ་བཅའ་བཟུང༔ ཧོ༔ བདག་གིས་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བཟུང༔ དཔལ་ཆེན་ལྷ་ཚོགས་རྩེ་གཅིག་སྒྲུབ་ལགས་ན༔ ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབ་ཏུ་གསོལ༔ སརྦ་མ་ཧཱ་ཡོ་ག་ས་མ་ཡ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ དྲུག་པ་བདག་གནས་ཡོ་བྱད་ལ༔ ཡེ་ཤེས་གཟི་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་བའི༔ ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ༔ དཔའ་བོ་ཌཱ་ཀི་ཆོས་སྲུང་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ སྒྲུབ་པ་པོ་ལ་བྱིན་ཆེན་ཕོབ༔ སྒྲུབ་གནས་འོག་མིན་ཞིང་དུ་སྒྱུར༔ སྒྲུབ་པའི་ཡོ་བྱད་དམ་ཚིག་རྫས༔ བདེ་བ་ཆེན་པོར་བྱིན་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ ཡེ་ཤེས་རང་རྩལ་མེ་རླུང་ཆུས༔ མཆོད་རྫས་དངོས་འཛིན་བསྲེགས་གཏོར་སྦྱངས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ འདོད་ཡོན་བདེ་ཆེན་རྒྱན་དུ་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཱ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཨཱཿཧཱུྃ༔ དེ་ནི་སྔོན་འགྲོའི་ལས་རིམ་མོ༔ གཉིས་པ་དངོས་གཞིའི་དང་པོ་ལ༔ ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་བསྐྱེད༔ རྒྱས་གདབ་དབང་བསྐུར་སྔོན་འགྲོ་བས༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ ཁམས་གསུམ་ལས་འདས་འོག་མིན་ཞིང༔ འབར་བ་ཆེན་པོའི་ཕོ་བྲང་ནས༔ ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ༔ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབྱིངས་ནས་རང་ཤར་ཡེ་ཤེས་ལྷ༔ རིག་པ་རང་སྣང་དམ་ཚིག་པར༔ དབྱེར་མེད་བརྟན་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་བྱིན་དབང་སྩོལ༔ ས་མ་ཡ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ རྡོ་རྗེའི་སྐུ་གསུང་ཐུགས་དང་ལྡན༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ཁྲག་འཐུང་རབ་འབྱམས་དཀྱིལ་འཁོར་ལྷར༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པའི་ལས་རིམ་ལ༔ ཐུན་མོང་ཕྱག་རྒྱ་གར་དང་ནི༔ ཡེ་ཤེས་སྒྲ་བརྙན་གླུ་ཡིས་མཆོད༔ ཨོཾ༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངང༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེར་བཅས༔ དམ་ཚིག་ཕྱག་རྒྱའི་དགྱེས་མཆོད་འབུལ༔ ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཤྲཱི་ཧེ་རུ་ཀ་སརྦ་མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཧཱུྃ༔ ཡེ་ཤེས་སྙིང་པོའི་སྲོག་ལྡན་པས༔ འགྲོ་འོང་རླུང་གི་རྒྱུད་དང་སྦྱར༔ སྒྲ་བརྙན་རོལ་མོ་མཚུངས་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ ཉེར་སྤྱོད་ཕྱི་ཡི་མཆོད་པར་སྤྲོ༔ ཨོཾ༔ མཆོད་པ་ཆེན་པོ་ཆགས་པ་ཆེ༔ མེ་ཏོག་བདུག་པ་མར་མེ་དྲི༔ ཞལ་ཟས་རོལ་མོའི་སྤྲིན་ཕུང་གིས༔ དགྱེས་བསྐྱེད་དངོས་གྲུབ་མཆོག་སྩོལ་མཛོད༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏཱ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱ་ཨཱ༔ ཤབྡ་ཧོ༔ ནང་ལྟར་བདུད་རྩིས་མཆོད་པ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ དག་མཉམ་རྟོགས་པའི་ཕུད་མཆོད་ཀྱིས༔ དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི༔ བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབ༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཡེ་ཤེས་ཀློང་དགུའི་རང་གཟུགས་དཔལ་ཆེན་པོ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་འདུས་པའི་ལྷ༔ དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག༔ མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭ་འུ་ཡིས༔ རྡོ་རྗེ་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ རྗེས་འབྲེལ་ལོངས་སྤྱོད་གཏོར་མས་མཆོད༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་ཀུན་གཏོར་མར་སྦྱར༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དཔལ་ཆེན་དཀྱིལ་འཁོར་མཉེས་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དམར་ཆེན་རཀྟས་གཟི་བྱིན་བསྐྱེད༔ ཧཱུྃ༔ མཁའ་དབྱིངས་རཀྟ་བདེ་བའི་རྒྱུན༔ ཁམས་གསུམ་བསྒྲལ་པའི་ཁྲག་དང་སྦྱར༔ གཟི་བྱིན་ཆེན་པོའི་མཆོད་པ་འདིས༔ དཔལ་ཆེན་དཀྱིལ་འཁོར་དགྱེས་པ་བསྐྱེད༔ མ་ཧཱ་རཀྟ་ཁཱ་ཧི༔ གསང་བ་བྱང་སེམས་ཛ་གད་འབུལ༔ ཧཱུྃ༔ ཨེ་ཝཾ་མཉམ་པར་སྦྱོར་བ་ལས༔ རྡོ་རྗེ་སེམས་དཔའི་བདེ་ཆེན་དྲངས༔ ཛ་གད་དཔའ་བོའི་མཆོད་པ་འདིས༔ དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་ཛ་གད་པཱུ་ཛ་ཧོ༔ རྨད་བྱུང་སྦྱོར་སྒྲོལ་ཟུང་འཇུག་མཆོད༔ ཧཱུྃ༔ ཐབས་ཤེས་སྙོམས་འཇུག་སྦྱོར་བ་ཡིས༔ གཟུང་འཛིན་རུ་ཏྲ་དབྱིངས་སུ་བསྒྲལ༔ གཉིས་མེད་བློ་འདས་རྫོགས་པ་ཆེ༔ མཆོག་གི་དམ་ཚིག་ཆེན་པོར་བཞེས༔ སྟ་ན་ག་ཎ་མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ དྲུག་པ་ཆེ་བའི་ཡོན་ཏན་བསྟོད༔ ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་གསུང༔ སྙིང་རྗེ་རྔམ་ཞིའི་ཡེ་ཤེས་ཐུགས༔ དཔལ་ཆེན་ཧེ་རུ་ཀ་ལ་བསྟོད༔ ཤིན་ཏུ་ཞི་བ་རྡོ་རྗེ་དབྱིངས༔ ཡེ་ཤེས་རང་སྣང་ཁྲག་འཐུང་ལྷ༔ གང་འདུལ་ཐབས་ཀྱིས་གཙོ་དང་འཁོར༔ སྤྲུལ་པར་སྟོན་ལ་ཕྱག་འཚལ་བསྟོད༔ མཐུ་རྩལ་རྨད་བྱུང་ག་རུ་ཌ༔ དཔལ་གྱི་བཀའ་སྡོད་སྲུང་མའི་ཚོགས༔ མ་སྲིང་དབང་ཕྱུག་གིང་ལངྐ་༔ ཕོ་ཉར་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བསྙེན་སྒྲུབ་ལས་གསུམ་གྱི༔ དགོངས་པ་གསལ་བཏབ་བཟླས་བརྗོད་བྱ༔ དེ་ནི་དངོས་གཞིའི་ལས་རིམ་མོ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་ཐུན་མཚམས་དམ་ཚིག་རྫས༔ ཚོགས་དང་གཏོར་མས་མཆོད་པ་ནི༔ ཤ་ཆང་གཙོར་གྱུར་དམ་རྫས་རྣམས༔ ལེགས་བཤམས་བདུད་རྩིས་བསང་ཞིང་སྦྱང༔ འདོད་འབྱུང་བདུད་རྩིའི་སྤྲིན་དུ་སྤེལ༔ རཾ་ཡཾ་ཁཾ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་རྩལ༔ མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ རང་བྱུང་བྷནྡྷར་དམ་རྫས་བཅུད༔ མཁའ་ཁྱབ་འདོད་ཡོན་རོལ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཚོགས་ཞིང་གདུང་བས་སྤྱན་དྲང་བྱ༔ ཧཱུྃ༔ འོག་མིན་གནས་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་རོལ་པའི་ཞིང་ཀུན་ནས༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ མདུན་བསྐྱེད་རྟེན་དང་དབྱེར་མེད་བསམ༔ མེ་ཏོག་སྒེག་སོགས་་་པ་ན་པེཾ་སོགས་གླུ་ལྔ་དང་། དྷཱུ་པེ་སོགས་བཞི་དང་། ལཱ་སྱཻ་སོགས་བཞི།་་་་ཕྱག་རྒྱས་མཆོད༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཧཱུྃ༔ ཁྲག་འཐུང་དགྱེས་པའི་དམ་ཚིག་མཆོག༔ ཡེ་ཤེས་བདུད་རྩིའི་ཚོགས་ཀྱི་བཅུད༔ འདོད་ཡོན་རྒྱ་མཚོའི་ཆར་འབེབ་པ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོ༔ བར་པས་དམ་ཚིག་ཉམས་ཆག་བསྐང༔ ཧོ༔ བདག་ཅག་མ་རིག་གཞན་དབང་གིས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྗོད༔ ཐ་མ་མངོན་སྤྱོད་བསྒྲལ་བསྟབ་ནི༔ ཚོགས་དང་རཱུ་པ་འབེམ་དུ་བཅས༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནི༔ ཐར་མེད་སྲིད་པའི་བྲུབ་ཁུང་ནང༔ ནྲྀ་དང་ཏྲི་ལས་དགྲ་བགེགས་ཀུན༔ སྐྱབས་བྲལ་ཉམ་ཐག་ཚུལ་དུ་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་ལྷ༔ བདེ་གཤེགས་ཞི་ཁྲོ་འབར་བའི་ཚོགས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ མངོན་སྤྱོད་དམོད་པའི་ལས་ལ་བཞེངས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་མས༔ དགྲ་བགེགས་རྣམ་ཤེས་གཟུགས་ལ་སྟིམས༔ འཆིང་བྱེད་ཆེན་མོ་ཞགས་པ་མས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་ཆིངས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་མས༔ དགྲ་བགེགས་ལུས་སེམས་དབྱེར་མེད་སྡོམས༔ མྱོས་བྱེད་ཆེན་མོ་དྲིལ་བུ་མས༔ དགྲ་བགེགས་དབང་པོ་མྱོས་སུ་ཆུགས༔ སརྦ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ ཁམས་གསུམ་སྒྲོལ་བའི་མཐུ་ལྡན་པ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་བཏབ༔ ཚེ་བསོད་དྭངས་བཅུད་རང་ལ་ཐིམ༔ གནས་ངན་དྲི་མ་ཁྲུས་ཀྱིས་སྦྱངས༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྱེད༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློག༔ དྲག་སྔགས་མཐར༔ སརྦ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་ཨཱ་ཡུར་བིནྡྷུ་ཛཿབྷྲཱུྃ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་བི་ཤོ་དྷ་ཡ་ཧཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ༔ སརྦ་དུཥྚཱན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཕཊ༔ ཧཱུྃ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་ཚོགས་མཆོད་བླ་ན་མེད༔ དཔལ་ཆེན་འཁོར་བཅས་དགྱེས་པར་བཞེས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་སྐོང་བ་ཅི་རིགས་བྱ༔ བར་པ་རྣལ་འབྱོར་ཚོགས་སུ་རོལ༔ ལུས་ཀྱི་དཀྱིལ་འཁོར་དགྱེས་པར་བསམ༔ ཐ་མ་ཕུད་ལྷག་གཏོར་མ་བཏང༔ ཧཱུྃ༔ ཕུད་ཀྱིས་ལྷ་ཚོགས་དགྱེས་པ་བསྐང༔ བར་དུ་རྣལ་འབྱོར་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བའི་ཚོགས༔ འདིར་གཤེགས་དཔལ་གྱི་ཕམ་ཕབ་བཞེས༔ ཨོཾ་ཨཱཿཧཱུྃ་ཧོ༔ མ་མ་ཌཱ་ཀ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ནི༔ དབང་ཕྱུག་གིང་ལང་མ་སྲིང་བྲན༔ ཕོ་ཉ་འབུམ་ཕྲག་ཡངས་པའི་ཚོགས༔ ཁྲག་འཐུང་ཆེན་པོའི་བཀའ་ཕབ་རོལ༔ རྡོ་རྗེའི་ཡལ་གམ་བཅས་པ་ལྟར༔ རྣལ་འབྱོར་འཁོར་སྲུངས་རྐྱེན་རྣམས་ཟློག༔ ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ༔ བཅོལ་བའི་ལས་ཀུན་མྱུར་དུ་སྒྲུབས༔ ཨོཾ་ཨུཥྨིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྗེས་འབྲེལ་གཏོར་མ་བསྐྱང་བ་ནི༔ ཡེ་ཤེས་དཔལ་གྱི་ཐུགས་དམ་བསྐུལ༔ ཧཱུྃ༔ དཔལ་ཆེན་ཚོམ་བུ་དགུ་ཡི་ལྷ༔ ཆོས་སྐུ་ཞི་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཕྱག་རྒྱར་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྡོ་རྗེའི་གོ་ཆས་སྲུངས༔ ཚེ་དཔལ་ཡེ་ཤེས་བྱིན་གྱིས་སྐྱེད༔ འགལ་རྐྱེན་དམོད་པའི་སྟོབས་ཀྱིས་ཟློག༔ གདུག་ཅིང་གཏུམ་པ་དབྱིངས་སུ་སྒྲོལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ འཇིག་རྟེན་རྒྱུད་གསུམ་ཐ་ཚིག་བསྒྲག༔ ཧཱུྃ༔ སྔོན་ཚེ་བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ བར་དུ་གྲུབ་མཆོག་རིག་འཛིན་འདུས་པའི་སྡེ༔ ཐ་མར་རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར༔ ཕོ་མོ་མ་ནིང་སྣང་སྲིད་དྲེགས་པའི་ཚོགས༔ ཐ་ཚིག་རྒྱུད་བསྐུལ་ཤ་ཁྲག་གཏོར་མ་ལོང༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བཤལ་ཆུས་བོད་སྐྱོང་བརྟན་མ་མཆོད༔ ཧཱུྃ་བྷྱོ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུའི༔ བཀའ་ཡི་ཚོགས་དང་དམ་ཚིག་བདག༔ བོད་སྐྱོང་བརྟན་མ་འཁོར་བཅས་རྣམས༔ འདིར་གཤེགས་དམ་བསྐངས་ཕྲིན་ལས་མཛོད༔ གནག་ཅིང་གདུག་པའི་བདུད་མོ་བཞི༔ དམར་གསལ་རྗེས་ཆགས་གནོད་སྦྱིན་བཞི༔ དཀར་ཤམ་ཞི་བའི་སྨན་མོ་བཞི༔ སྐྱོང་མ་ཡ་མའི་ཚོགས་བཅས་རྣམས༔ སྔོན་ཚེ་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཚོགས་ཀྱི་གྲལ་དུ་བཀོད་པའི་ཚེ༔ ཐ་ཚིག་ཞལ་བཞེས་རྗེས་དགོངས་ལ༔ བཤལ་ཆུའི་བདུད་རྩི་དགྱེས་པར་རོལ༔ བོད་ཁམས་རུ་བཞིའི་སོ་ཁ་སྲུངས༔ མཐའ་དམག་གདུག་ཅན་རྒྱུ་འགྲུལ་ཆོད༔ སངས་རྒྱས་བསྟན་པ་དར་བ་དང༔ གངས་ཅན་བདེ་བའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མི་མཐུན་ལྡང་མེད་ཕྱག་རྒྱས་མནན༔ ཧཱུྃ༔ ཁམས་གསུམ་ཨེ་ཡི་འབྲུབ་ཁུང་དུ༔ གདུག་པའི་དགྲ་བགེགས་བཀུག་ཅིང་བསྟིམས༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་མནན༔ ཡེ་ཤེས་གར་གྱིས་རྒྱས་བཏབ་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཀུན༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨེ་ནྲྀ་ཏྲི་ལཾ་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ གཉིས་པ་དངོས་གྲུབ་གསོལ་བ་ནི༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ སྒྲུབ་རྟེན་བཏེག་ཅིང་གནས་གསུམ་རེག༔ ཨོཾ་ཨཱཿཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་གཏེར༔ བསྙེན་སྒྲུབ་རྡོ་རྗེའི་དམ་ཚིག་ཐེམས་ལགས་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་དབང་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ དངོས་གྲུབ་རྫས་ལ་རོལ་པར་བྱ༔ གསུམ་པ་ནོངས་ཚོགས་བཟོད་གསོལ་ནི༔ ཧོ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ སྒྲུབ་རྫས་མ་ཚང་ཏིང་འཛིན་གཡེལ༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཀུན༔ བཟོད་བཞེས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ བཞི་པ་རྟག་མཐའ་སྦྱང་བ་ནི༔ ཨ༔ རིག་རྩལ་རོལ་པའི་དཀྱིལ་འཁོར་དང༔ དག་པའི་སྣོད་བཅུད་དབྱིངས་སུ་ཐིམ༔ དམིགས་བསམ་བརྗོད་པ་བྲལ་བའི་ངང༔ མཁའ་ཁྱབ་འོད་གསལ་ངང་དུ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་པ་ཆད་མཐའ་བསལ་བ་ནི༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྒོ་གསུམ་དཔལ་ཆེན་སྐུ་གསུང་ཐུགས༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ དྲུག་པ་བསྔོ་སྨོན་རྒྱས་འདེབས་ནི༔ ཧོ༔ དགེ་བ་འདི་དང་དགེ་བ་གཞན༔ མ་ལུས་འགྲོ་བའི་དོན་དུ་བསྔོ༔ ཀུན་ཀྱང་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔ བདུན་པ་ཤིས་པར་གསོལ་བ་ནི༔ མི་གནས་ཡེ་ཤེས་ཀུན་བཟང་ཧེ་རུ་ཀ༔ གང་འདུལ་རིགས་ཀྱི་ཚོམ་བུའི་སྐུར་སྟོན་པ༔ ཞི་ཁྲོ་རབ་འབྱམས་བདེན་པའི་བྱིན་རླབས་ཀྱིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག༔ ཐུན་མཚམས་ལྷ་སྔགས་ཆོས་སྐུའི་ངང༔ ཟག་བཅས་ཟག་མེད་དགེ་ཚོགས་སྤེལ༔ དེ་ལྟར་ཐུན་བཞིར་བརྩོན་པ་ནི༔ སྒྲུབ་པ་རྩ་བའི་ཕྲིན་ལས་ཏེ༔ གཞན་ཡང་ཚེ་དང་སྐོང་དང་བམ༔ བདུད་རྩི་མཆོག་དང་མདོས་གཏོར་སོགས༔ རྒྱུད་དང་མན་ངག་ཇི་བཞིན་དུ༔ རྣལ་འབྱོར་ལྡན་པས་བསྒྲུབ་བྱ་སྟེ༔ དེ་ཡང་སྒྲུབ་པ་ཆེན་པོ་དང༔ འབྲེལ་ན་མཆོག་ཏུ་འགྱུར་བ་སྟེ༔ ཕྲིན་ལས་རིམ་པ་མདོ་ཙམ་ནི༔ རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན༔ བསྙེན་རྫོགས་རྟོགས་ལྡན་སྟོན་པ་དང༔ དད་བརྩོན་བརྟུལ་ཞུགས་ལྡན་པའི་འཁོར༔ གནས་དུས་ཡོ་བྱད་ཕུན་ཚོགས་པས༔ ས་གཞི་ལས་སུ་རུང་བ་ན༔ ཕྱི་ནང་གསང་བའི་མཚམས་བཅད་ཅིང༔ བདག་ཉིད་ཧེ་རུ་ཀར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་དཔལ་ཆེན་ཧེ་རུ་ཀའི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་རྗེས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ་གསོལ་བཏབ་རབ་དགྱེས་པས༔ རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་བརླབས་བསམ༔ དེ་ནས་སྟེགས་བུར་ཆག་ཆག་གདབ༔ ཐིག་དང་ཚོན་གྱིས་དཀྱིལ་འཁོར་བྲི༔ ཡང་ན་ཚོམ་བུས་མཚོན་པ་ཡི༔ དམིགས་རྟེན་ཕྱག་རྒྱ་ཅི་རིགས་དགྲམ༔ བུམ་པ་བསྒྲུབ་ཅིང་སློབ་མ་རྣམས༔ དབང་བསྐུར་ཕྱིར་དུ་ལྷག་པར་གནས༔ སྒྲུབ་པ་པོ་རྣམས་གྲལ་ལ་དགོད༔ མངའ་གསོལ་རྟགས་ཀྱི་ཕྱག་རྒྱས་གདབ༔ ཁྱད་པར་བསྒྲུབ་བྱའི་རྟེན་རྫས་ནི༔ གཙོ་མཆོག་ཐོད་པའི་ཕྱག་རྒྱ་སྐུ༔ ལེ་བརྒན་དམར་པོའི་སྔགས་བྱང་གསུང༔ འབར་བའི་གནམ་ལྕགས་རྡོ་རྗེ་ཐུགས༔ གསང་བུམ་བདུད་རྩི་ཡོན་ཏན་དང༔ ཕུར་པ་ཕྲིན་ལས་རྟེན་དུ་དགོད༔ དེ་ཡང་རྟེན་གྱི་གེགས་བསལ་ཕྱིར༔ དབུས་དང་ཕྱོགས་བཞི་བརྟན་པར་བཞུགས༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་སྐུ་ནི་མཁའ་དང་མཉམ༔ ཕྱག་རྒྱའི་རྟེན་དང་དབྱེར་མེད་བཞུགས༔ སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་གསུང་ནི་མི་ཤིགས་སྒྲ༔ སྔགས་ཀྱི་རྟེན་དང་དབྱེར་མེད་བཞུགས༔ གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ ཝཱ་ཀ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཐུགས་ནི་འོད་གསལ་དབྱིངས༔ ཕྱག་མཚན་རྟེན་དང་དབྱེར་མེད་བཞུགས༔ ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ ཙིཏྟ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཡོན་ཏན་ལྷུན་གྱིས་གྲུབ༔ བདུད་རྩིའི་རྟེན་དང་དབྱེར་མེད་བཞུགས༔ ཡོན་ཏན་བྱིན་རླབས་དངོས་གྲུབ་སྩོལ༔ གུ་ཎ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ རྡོ་རྗེའི་ཕྲིན་ལས་ཐོགས་མེད་ཁྱབ༔ ཕུར་བུའི་རྟེན་དང་དབྱེར་མེད་བཞུགས༔ ཕྲིན་ལས་བྱིན་རླབས་དངོོས་གྲུབ་སྩོལ༔ ཀརྨ་ཛྙཱ་ན་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞན་ཡང་ལོངས་སྤྱོད་མཆོད་ཚོགས་དགྲམ༔ བྷནྡྷ་སྡོང་བུ་དགུ་ལྡན་པའི༔ ཞུན་ཆེན་མར་མེ་མདུན་དུ་དགོད༔ ཧཱུྃ༔ ཆོས་ཉིད་གཅིག་ལས་རིག་རྩལ་དགུ༔ གཟི་བརྗིད་སྒྲོན་མེ་འོད་གསལ་བ༔ དཔལ་ཆེན་ཀློང་དགུའི་རྟེན་དུ་བཞུགས༔ ཡེ་ཤེས་བྱིན་རླབས་དངོས་གྲུབ་སྩོལ༔ དཱི་པཾ་ཛྙཱ་ན་དྷཱ་ཏུ་ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་བག་དྲོ་བརྗིད་ལྡན་བཤམ༔ ཡེ་ཤེས་གཟི་བྱིན་ལྷག་པར་དབབ༔ བདག་དང་མདུན་རྟེན་དབྱེར་མེད་བསྐྱེད༔ ཛཔ྄་སྐུལ་དང་བཅས་བཟླས་པ་བྱ༔ ཐུན་བཞིར་ལྷ་སྔགས་རྒྱུན་མི་བཅད༔ གཏོར་མ་ཚོགས་མཆོད་རྒྱ་ཆེན་དབུལ༔ ཉུལ་ལེའི་བགེགས་དཔུང་ཚར་ཐག་བཅད༔ སླར་ཡང་ཡེ་ཤེས་དབབ་ཅིང་བརྟན༔ གཡེང་སྤང་རྩེ་གཅིག་བརྩོན་པ་ལས༔ དངོས་ཉམས་རྨི་ལམ་རྟགས་མཐོང་ཚེ༔ བདག་དོན་མཆོག་ཐུན་དངོས་གྲུབ་བླང༔ དེ་ལ་མཆོག་དངོས་བླང་བ་ནི༔ ཕྲིན་ལས་བཞིན་དུ་སྤྱིར་བསྐུལ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཡེ་ཤེས་རྟེན་ལ་འགོད་ཚིག་མཐར༔ སིདྡྷི་ཕ་ལ་བཏགས་པས་བླང༔ ཐུན་མོང་དབང་བཅུའི་དངོས་གྲུབ་ནི༔ ཚེ་འབྲང་ཚེ་ཡི་རྫས་རྣམས་དང༔ ཚོགས་དང་ཛ་གད་སོགས་ལས་བླང༔ གཞན་དོན་སྣོད་ལྡན་སློབ་མ་རྣམས༔ དཀྱིལ་འཁོར་གཞུག་ཅིང་དབང་བཞི་བསྐུར༔ གཉིས་དོན་བསྐུལ་ཞིང་གཏོར་མ་བསྐྱང༔ ལས་མཇུག་རྡོ་རྗེའི་བྲོ་ཡིས་བསྡུ༔ རྗེས་ཀྱི་ཆོ་ག་སྤྱི་དང་ནི༔ སྒྲུབ་རྫས་ཆ་གསུམ་བགོས་ནས་ཀྱང༔ ཕྱག་རྒྱ་ལ་སོགས་རྟེན་དང་ནི༔ ཆ་གཅིག་སྟོན་འཁོར་རྣམས་ཀྱིས་བཟུང༔ ཆ་གཅིག་ཞི་རྒྱས་མེ་ལ་སྦྱང༔ ཆ་གཅིག་རིན་ཆེན་གཏེར་དུ་སྦ༔ རྡུལ་ཚོན་ཆུ་བོ་ཆེན་པོར་གཤེགས༔ མཚམས་དགྲོལ་བསྔོ་སྨོན་ཤིས་བརྗོད་སྤེལ༔ དེ་ལྟར་འབད་པས་བརྩོན་འགྲུས་དང༔ ཏིང་འཛིན་སྐལ་བའི་ཁྱད་པར་བཞིན༔ རབ་ཀྱིས་རིག་འཛིན་མཆོག་དངོས་འགྲུབ༔ འབྲིང་གིས་སྔགས་ཀྱི་དྲོད་ཚད་འཐོབ༔ གཞན་དུ་ཕྲིན་ལས་ཅི་རིགས་འགྲུབ༔ མདོར་ན་འབྲེལ་ཚད་དོན་ལྡན་པ༔ སྒྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ དེ་དང་རྗེས་སུ་འབྲེལ་བ་ཡི༔ རྡོ་རྗེ་ཚེ་ཡི་ཆོ་ག་ནི༔ ཚེ་བཅའ་ཚེ་ཡི་གཟི་བྱིན་བསྐྱེད༔ ཚུལ་བཞིན་བསྒྲུབས་དང་བཟླས་པ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་འབར་བའི་འོད༔ ཕོ་ཉ་དང་བཅས་ཕྱོགས་བཅུར་ཁྱབ༔ རང་གཞན་བླ་ཚེ་ཕྲོགས་ཉམས་དང༔ སྣོད་བཅུད་སྲིད་ཞིའི་དྭངས་མ་ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ བདག་ལ་ཐིམ་པས་རིག་འཛིན་གྲུབ༔ རྫས་ལ་ཐིམ་པས་བཅུད་དུ་འཁྱིལ༔ མཆེད་ལ་ཐིམ་པས་ཉམས་ཆག་དག༔ ཁྱབ་བདག་རྟག་པ་ཧེ་རུ་ཀའི༔ ཚེ་དང་ཡེ་ཤེས་རྒྱས་པར་བསམ༔ ཞི་ཁྲོ་སྤྱི་དྲིལ་སྔགས་ཀྱི་མཐར༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་བཟླས་པས་ནུས་ལྡན་བསྒྲུབ༔ ཐུན་མཚམས་ཐུགས་དམ་བསྐུལ་བ་ནི༔ སྦྱར་བའི་སྤོས་བསྲེག་ཚེ་མདའ་གཡབ༔ ཧཱུྃ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ལྷ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཚེ་འགུགས་རྡོ་རྗེའི་ཕོ་ཉ་མོ༔ འཁོར་འདས་ཁམས་ཀུན་ཁྱབ་པར་སྤྲོས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀྱིས༔ བླ་ཚེ་ཕྲོགས་པ་རང་སོར་ཚུད༔ སྣོད་ཀྱི་འབྱུང་བཞིའི་དཔལ་དང་གཡང༔ དྭངས་མ་གཟི་བརྗིད་རྟེན་ལ་སྟིམས༔ བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་སྟོབས༔ བརྟེན་པ་སེམས་དང་དབྱེར་མེད་སྲེས༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དབྱིག༔ ཡེ་ཤེས་དབྱིངས་ཀྱི་ཐིག་ལེར་སྡུས༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཞེས་བསྐུལ་རྟགས་མཐོང་དངོས་གྲུབ་བླང༔ ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་སྟིམས༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷཱི་ཧཱུྃ་བྷྲཱུྃ༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བླང༔ བཟའ་བཏུང་བདུད་རྩི་ལོངས་སྤྱོད་བྱ༔ མཐར་ནི་ཚེ་ཡིས་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་བསམ༔ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ དུས་མིན་འཆི་བའི་བར་ཆད་ཞི༔ དཔལ་ཆེན་རྡོ་རྗེ་ཧེ་རུ་ཀའི༔ ཚེ་དང་ལང་ཚོ་ཐོབ་པར་འགྱུར༔ ཉམས་ཆག་བཤགས་ཤིང་སྐོང་བ་ནི༔ ཕྱི་ནང་མཆོད་ཚོགས་ཅི་འབྱོར་བཤམ༔ ཁྱད་པར་སྨན་གཏོར་རཀྟ་དང༔ གསལ་བའི་མར་མེ་བརྒྱ་རྩ་སྦར༔ ཚོགས་རྟེན་བཞུགས་དང་སྤྱན་དྲངས་པར༔ ལུས་ཀྱིས་དམ་བཤགས་བརྐྱང་ཕྱག་འཚལ༔ ངག་གིས་ཡི་གེ་བརྒྱ་པ་བཟླས༔ ལྟུང་བའི་མིང་ནས་མཐོལ་ཞིང་བཤགས༔ ཡིད་ཀྱིས་ཀློང་བཤགས་དགོངས་པ་བསྐྱང༔ སྨན་གཏོར་རཀྟ་མར་མེས་བསྐང༔ གསང་ཆེན་རྡོ་རྗེའི་རིགས་གཅིག་ཏུ༔ སྨོན་ལམ་དག་པས་མཚམས་སྦྱར་ན༔ ཚོམ་བུ་དང་བཅས་དག་ཅིང་གྲོལ༔ དངོས་གྲུབ་བམ་གྱི་སྒྲུབ་པ་ནི༔ བརྟུལ་ཞུགས་ཟིལ་ལྡན་རྣལ་འབྱོར་པས༔ བཀྲ་ཤིས་གཙང་མའི་བམ་བཙལ་ལ༔ ཀེའུ་སེང་རྡོ་རྗེའི་འགྲོས་དང་བཅས༔ ཧཱུྃ་ཆེན་སྔགས་ཀྱི་སྒྲ་བསྒྲགས་བླང༔ བགེགས་བཅོམ་རྡོ་རྗེའི་བྲོ་ཡིས་གདུལ༔ དག་པར་བཀྲུས་ཤིང་གནས་ནས་དྲང༔ དབང་བསྐུར་དཀྱིལ་འཁོར་དབུས་སུ་བཞག༔ ཆེ་མཆོག་ལུས་དཀྱིལ་ལྷར་བཅས་བསྐྱེད༔ འོད་ཟེར་སྤྲོ་བསྡུས་དངོས་གྲུབ་ཀུན༔ རྟེན་དེར་དགུག་ཅིང་རང་ལ་བསྡུ༔ སྤྱི་སྔགས་ཤམ་བུར་འདི་གདགས་བསྙེན༔ སྥ་ར་ཎ་ཕཊ༔ མ་ཧཱ་སརྦ་སིདྡྷི་ཏི་ར་སིདྡྷི་ཕ་ལ་ཧོ༔ སཾ་ཧ་ར་ཎ་ཧཱུྃ་ཨཱ༔ སྐབས་སུ་མཆོད་བསྟོད་བཤགས་སྐོང་བྱ༔ མཐར་ནི་ལྷ་ཚོགས་རང་ལ་བསྟིམ༔ སྙིགས་མའི་རྟེན་ལ་དགྲ་བགེགས་དགུག༔ ཁ་སྦྱོར་དབྱེ་ཞིང་རྒྱབ་ནས་བསིལ༔ དཀྱིལ་འཁོར་དབུས་དང་ཕྱོགས་མཚམས་དགོད༔ མདུན་བསྐྱེད་དཀྱིལ་འཁོར་ཚུལ་བཞིན་བསྒྲུབ༔ བམ་སྐོང་མཆོད་པ་རྒྱས་པར་བྱ༔ ལྷ་ཚོགས་ཤ་ཁྲག་རུས་པས་དགྱེས༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ དངོས་གྲུབ་ཀུན་གྱི་དབྱིག་ཆེན་པོ༔ བམ་གྱི་ཆ་ཤས་རྣམས་ལ་ཐིམ༔ རོ་བཅུད་བྱིན་རླབས་ནུས་ལྡན་བསམ༔ རང་ཉིད་ཧེ་རུ་ཀ་དཔལ་གྱི༔ བརྟུལ་ཞུགས་བརྟན་པོས་རོལ་ཞིང་སྦྱིན༔ ཉམས་ཆག་དག་ཅིང་དངོས་གྲུབ་ཐོབ༔ བདེ་གཤེགས་ཁྲག་འཐུང་ལྷ་ཚོགས་དང༔ བརྟུལ་ཞུགས་སྐལ་པ་མཉམ་པར་མོས༔ སྨོན་ལམ་གདབ་ཅིང་ཤིས་པ་བརྗོད༔ དེས་ནི་ཉམས་ཆག་རབ་ཏུ་དག༔ མཆོག་ཐུན་དངོས་གྲུབ་མྱུར་འཐོབ་འགྱུར༔ དམ་རྫས་ཆ་ཤས་མ་ཉམས་པ༔ འདུ་བ་གང་ལ་གང་བསྔགས་པའི༔ སྨན་དང་སྦྱར་ནས་རིལ་བུར་བྱ༔ ནུས་པ་འབུམ་དུ་བསྐྱེད་པ་ཡིས༔ ནད་ཀྱི་གྲོང་ཁྱེར་སྟོང་པར་བྱེད༔ བདེ་ཆེན་བདུད་རྩིའི་སྒྲུབ་པ་ནི༔ མཆོག་ཏུ་ཤ་ལྔ་བདུད་རྩི་ལྔ༔ ཕལ་པ་རྩ་བ་ཡན་ལག་སྨན༔ ཁྲོལ་བུར་སྦྱངས་ཤིང་ཕྱེ་མར་བཏགས༔ ཆང་ཆུ་འོ་མ་རིན་ཆེན་དང༔ ཕབས་སྦྱར་སྦོལ་ཏེ་དལ་དབུས་སུ༔ ཆས་སུ་གཞུག་ཅིང་བརྟན་པར་བཞག༔ དྲོད་འབེབ་ཚིལ་ཆེན་མར་མེ་སྦར༔ དཀྱིལ་འཁོར་མདུན་དུ་ཞལ་བསྒྱུར་ཞིང༔ སྦྱོར་ཐབས་བརྒྱད་ཀྱིས་བདེ་ཆེན་དབབ༔ ར་ས་ཡཱ་ནའི་རྒྱ་མཚོར་བསྐྱིིལ༔ བཟླས་སྒོམ་ཏིང་འཛིན་རྩེ་གཅིག་བསྒྲུབ༔ རྟགས་མཐོང་རང་ཉིད་དངོས་གྲུབ་བླང༔ སློབ་མ་ལ་ཡང་སྦྱིན་པར་བྱ༔ འདིས་ནི་ཐུན་མོང་དངོས་གྲུབ་དང༔ མཆོག་ཏུ་མི་འགྱུར་བདེ་ཆེན་འགྲུབ༔ མཐོང་ཐོས་མྱང་ཚོར་འབྲེལ་ཚད་ཀུན༔ ཧེ་རུ་ཀ་དཔལ་དངོས་གྲུབ་འཐོབ༔ བླ་མེད་མཆོག་གི་ལས་སྦྱོར་ཏེ༔ རྣལ་འབྱོར་ལྡན་པས་བརྩོན་པར་གྱིས༔ བར་ཆད་ཀུན་སེལ་མདོས་སྐོང་ནི༔ རི་རབ་གླིང་བཞི་སྣོད་བཅུད་ཀྱི༔ བཀོད་པ་རབ་རྫོགས་དཔལ་གཏོར་དང༔ བཤོས་བུ་དཀར་དམར་རྒྱན་ལྡན་བཤམ༔ བླ་ན་གདུགས་ཆེན་ནམ་མཁའ་བྲེ༔ གཡས་གཡོན་མདའ་འཕང་ཕོ་མོའི་གདོང༔ གསལ་ཤིང་རྒྱང་བུ་ཤིང་རིས་འཛུགས༔ སྲོག་ཆགས་རྣམ་པ་དུ་མའི་གཟུགས༔ སྐུ་གླུད་དཀོར་ཆས་ཕྱུག་པ་སོགས༔ ཡིད་འཕྲོག་རྒྱན་ལྡན་མཆོད་ཚོགས་དགྲམ༔ ལས་ཀྱི་གཞུང་བསྲངས་ང་རྒྱལ་སྐྱེད༔ སྣོད་བཅུད་བྱིན་བརླབ་མདོས་རྟེན་གསལ༔ སྤྱན་དྲངས་བཞུགས་གསོལ་མཆོད་བསྟོད་བཟླས༔ ཡེ་ཤེས་པ་རྣམས་དབྱིངས་སུ་བསྐང༔ འཇིག་རྟེན་འབྱུང་པོ་རྫས་ཀྱིས་བརྔན༔ བགེགས་རིགས་ལན་ཆགས་ཚིམ་པར་བསྔོ༔ ལས་ཀྱི་ཁ་སྒྱུར་གཟེར་ཁས་གདབ༔ ཟོར་དུ་འཕང་ངམ་རང་བཞིན་གཏོང༔ འབྱུང་བ་བཞི་ཡི་དབྱིངས་སུ་སྦྱང༔ ཚེ་འགུགས་སྨོན་ལམ་བཀྲ་ཤིས་སོགས༔ རྗེས་ཀྱི་ལས་རིམ་མཐར་དབྱུང་ངོ་༔ དེས་ནི་ཡེ་ཤེས་དགྱེས་པ་བསྐྱེད༔ འཇིག་རྟེན་ལྷ་སྲུང་འཁྲུགས་པ་ཞི༔ དམ་སྐོང་རྐྱེན་ཟློག་ལས་ཀུན་འགྲུབ༔ ཐུན་མོང་ཕྲིན་ལས་མཆོག་ཡིན་ནོ༔ གཞན་ཡང་རྟེན་ལ་རབ་གནས་ཀྱི༔ འཇིག་རྟེན་ཁམས་སུ་དགེ་ལེགས་སྤེལ༔ ཚེ་འདས་གནས་ནས་རིམ་པར་དྲང༔ རིག་འཛིན་གྲལ་དུ་དབུགས་ཆེན་དབྱུང༔ ཞི་རྒྱས་དབང་དྲག་ཐབ་ཁུང་དུ༔ ལས་དང་མཐུན་པའི་མེ་སྦར་ལ༔ ལྷ་བསྐྱེད་བསྲེག་བྱའི་རྫས་ཕུལ་བས༔ ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ༔ དེ་སོགས་ལས་ཀྱི་བྱེ་བྲག་ཀུན༔ རྒྱུད་དང་མན་ངག་བཞིན་བསྒྲུབ་ན༔ རང་དང་གཞན་དོན་ཕན་པ་ཆེའི༔ དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར༔ ས་མ་ཡ༔ གཉིས་པ་བཟླས་པའི་ལས་རིམ་ལ༔ བསྙེན་དང་སྒྲུབ་དང་ལས་ལ་སྦྱར༔ དང་པོ་བསྙེན་པའི་དགོངས་པ་ནི༔ ཧཱུྃ༔ དབུ་རྒྱན་ཀུན་བཟང་རིགས་ལྔའི་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཅིར་ཡང་འཆར་བའི་གཙོ་རྣམས་ཀྱི༔ ཐུགས་ཀར་པད་ཟླར་ཧཱུྃ་ཡིག་མཐར༔ སྔགས་འཕྲེང་འཁོར་ལས་བར་མེད་བྱུང༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ བདེ་གཤེགས་ཞི་ཁྲོའི་གསང་གསུམ་བྱིན༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ སླར་ཡང་སྣོད་བཅུད་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ འབུམ་ཕྲག་གསུམ་གྱིས་དངོས་གྲུབ་ཐོབ༔ གཉིས་པ་སྒྲུབ་པའི་དགོངས་པ་ནི༔ ཧཱུྃ༔ དཔལ་ཆེན་གཙོ་དགུའི་ཐུགས་ཀ་རུ༔ པད་ཉིར་རྡོ་རྗེ་རྩེ་ལྔའི་སྦུབས༔ མི་འགྱུར་ཐུགས་སྲོག་ཧཱུྃ་གི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོད་པ་ལས༔ འབར་བའི་ཡི་གེའི་ཕྲེང་བ་བྱུང༔ ཡབ་ཡུམ་ཞལ་དང་ཞལ་ནས་བརྒྱུད༔ གསང་བའི་པདྨོར་བར་མེད་འཁོར༔ བདེ་ཆེན་གཟི་བྱིན་རབ་འབར་བའི༔ འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ བདེ་གཤེགས་ཞི་ཁྲོ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ཚུར་འདུས་བདག་དང་གཉིས་མེད་ཐིམ༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་རྫོགས༔ སླར་འཕྲོས་ཐ་མལ་སྣང་ཞེན་སྦྱངས༔ ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རྫོགས༔ དཔལ་གྱི་སྐུ་གསུང་ཐུགས་སུ་སྨིན༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དྲིལ་སྒྲུབ་སྔགས་ཀྱི་རྒྱལ་པོ་འདི༔ འབུམ་ཕྲག་བཞི་ཡིས་མཆོག་ཐུན་འགྲུབ༔ སྤྲོ་ན་བྱེ་བྲག་བཟླས་པ་ནི༔ ཏིང་འཛིན་གོང་བཞིན་གསལ་བཏབ་ལ༔ བསྐྱེད་པའི་སྔགས་རྣམས་འབུམ་ཕྲག་བཟླས༔ སོ་སོའི་ནུས་རྩལ་རབ་རྫོགས་བྱེད༔ ཁྱད་པར་ཚོགས་སྒྲུབ་སོགས་ཀྱི་སྐབས༔ སོ་སོར་བསྐུལ་ཞིང་བཟླས་པ་བྱ༔ ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ སྐུ་ནི་སྣང་སྟོང་གཟི་བྱིན་འབར༔ གསུང་གིས་གྲགས་སྟོང་སྔགས་སྒྲ་སྒྲོག༔ ཐུགས་མཆོག་རིག་སྟོང་སྲོག་ལྡན་པ༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ མ་གྲུབ་བར་དུ་མི་གཏོང་ན༔ མ་གཡེལ་ཐུགས་རྗེའི་དཔུང་སྐྱེད་ལ༔ བཟླས་པའི་ཕྲིན་ལས་གཡེལ་མེད་པས༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་འགྲུབ་མཛད་གསོལ༔ ཞེས་བསྐུལ་བཟླས་བརྗོད་ཏིང་འཛིན་གསལ༔ སྟོང་སྟོང་ཚིགས་སུ་མཆོད་བསྟོད་འབུལ༔ དེ་ལྟར་ཁ་སྒྱུར་་་ཧཱུྃ༔ ཤར་ནས་སོགས་དང་། ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ ཞེས་སོགས་རིམ་པར་བསྒྱུར་རོ། །མཆན། སོ་སོར་བསྒྲུབ༔ དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར༔ གསུམ་པ་ལས་ལ་སྦྱར་བ་ནི༔ ཐུན་མོང་ཁྱད་པར་རྣམ་པ་གཉིས༔ དང་པོ་ཐུན་མོང་ལས་སྦྱར་ཕྱིར༔ དགོངས་པ་གསལ་ཞིང་དྲག་སྔགས་བཟླ༔ ཧཱུྃ༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ ཞལ་ནས་དྲག་སྔགས་འབྲུག་ལྟར་བསྒྲགས༔ གང་འདུལ་འོད་ཟེར་མཁའ་ཁྱབ་འཕྲོས༔ ནད་གདོན་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་སྣང་བ་དབང་དུ་བསྡུས༔ ཁྱད་པར་གདུག་ཅིང་གཏུམ་པ་ཡི༔ དགྲ་བགེགས་འབྱུང་པོ་དྲེགས་པའི་ཚོགས༔ སྲུང་དང་དགུག་བསྐྲད་བསད་པ་སོགས༔ གཟིར་མནན་སྟོབས་འཕྲོག་ནུས་པ་བཅོམ༔ ལྡང་མེད་ཨེ་ཡི་དབྱིངས་སུ་མནན༔ སྔགས་ཀྱི་ཆུ་བོས་རྒྱང་རིང་ཁྱེར༔ རྡོ་རྗེ་མེ་ཡིས་གཞོབ་ཏུ་བསྲེགས༔ སྟོབས་ཆེན་རླུང་གིས་ཕ་མཐར་བསྐྲད༔ མིང་གི་ལྷག་མ་མེད་པར་བསམ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྲག་ཁ་དག་ནས་ཆུ་འབབ་བཞིན༔ བར་མེད་ཁྲི་ཕྲག་བཞི་བཟླས་པས༔ ཇི་ལྟར་སྨྲོས་པའི་ལས་ཀུན་འགྲུབ༔ ཁྱད་པར་མངོན་སྤྱོད་གཟེར་ཁའི་ལས༔ ཕྲིན་ལས་སྒྲུབ་པ་བཞིན་དུ་བྱ༔ ས་མ་ཡ༔ དེ་ལྟར་བཀོད་པའི་བཟླས་པ་ལ༔ སེམས་བཟུང་སྔགས་ཀྱི་གསལ་སྣང་བསྒྲུབ༔ བདེ་ཆེན་འཁོར་བའི་ཏིང་འཛིན་གྱིས༔ བཟླས་པ་སྔགས་ཀྱི་གཟེར་གདབ་ཅིང༔ འཕྲོ་འདུ་འཕྲོ་འདུ་ཆེན་པོ་ཡིས༔ དག་པ་རབ་འབྱམས་གཟེར་བཏབ་པས༔ ཐ་མལ་སྒྲར་སྣང་སྔགས་སུ་དག༔ དངོས་གྲུབ་རྣམ་གཉིས་ཉེ་རྒྱུར་སྨིན༔ ངག་ལ་ནུས་པའི་རྩལ་རྫོགས་པས༔ གསུང་གི་རྣལ་འབྱོར་གྲུབ་པ་འོ༔ ས་མ་ཡ༔ གསུམ་པ་རྫོགས་པའི་སྒྲུབ་ཐབས་ནི༔ སྔགས་སེམས་སྒྱུ་ལུས་འོད་གསལ་དང༔ ཟུང་དུ་འཇུག་པའི་རིམ་ལྔ་ཡིས༔ སློབ་དང་མི་སློབ་འོད་གསལ་འཐོབ༔ དེ་ལ་དང་པོ་སྔགས་རིམ་ནི༔ རིམ་པ་དང་པོ་ལ་བརྟེན་ནས༔ འདི་ལྟར་སྣང་ཙམ་ལྷ་ཡི་སྐུར༔ རང་ཤར་ལུས་དབེན་ལ་གནས་པས༔ ལུས་བསྲང་རླུང་གི་དུག་དབྱུང་སྟེ༔ རང་ལུས་ཡི་དམ་ལྷ་ཡི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུ་ཡི༔ སྐུ་དབུས་རྩ་གསུམ་འཁོར་ལོ་བཞི༔ དྭངས་ཤིང་གསལ་ལ་རྙོག་མེད་བསྒོམ༔ དེ་ནས་རླུང་བསལ་དལ་བར་བཞག༔ ནང་དུ་འཇུག་ཚེ་ཨོཾ་གྱི་གདངས༔ སྣ་ཡི་སྒོ་ནས་རོ་རྐྱང་བརྒྱུད༔ དབུ་མའི་ནང་གཞུག་གནས་པའི་ཚེ༔ ཨཱཿཡི་གདངས་ལ་ཡུན་བསྲིངས་བཟུང༔ ལྡང་བ་ཧཱུྃ་ཞེས་ནར་གྱིས་འཕང༔ དེ་ལྟར་ཡང་ཡང་གོམས་པ་ལས༔ རླུང་གི་གྲངས་དང་ཁ་དོག་དང༔ རེག་བྱ་གསལ་བའི་རྟགས་མཐོང་ཞིང༔ སྒྲ་མཐའ་ནཱ་ད་མི་ཤིགས་པའི༔ གསལ་སྟོང་ཏིང་འཛིན་སྐྱེ་བར་འགྱུར༔ བོགས་འདོན་སྟེང་འོག་ཁ་སྦྱར་བསྐྱིལ༔ གཞིལ་ཏེ་མི་ཐུབ་ལྷག་མེད་གཏང༔ དེ་གོམས་ཙཎྜི་འབར་འཛག་བསྒོམ༔ ལུས་གནད་ཐབ་མགལ་དྲུག་འཆིང་བྱ༔ རླུང་གི་རྐྱེན་གྱིས་བསྐུལ་བ་ལས༔ ལྟེ་བར་རཾ་ཡིག་གནམ་ཞལ་མའི༔ ནཱ་ད་མེ་ལྕེ་ཕྲ་བར་འབར༔ འཁོར་ལོའི་གནས་ནས་འཁྱུག་ཅིང་ཞུགས༔ ལུས་ཀྱང་ལྕགས་གོང་མེར་བསྲེགས་མདོག༔ ཕྱི་ནང་ཚ་དྲོད་འབར་བར་བསམ༔ ཁ་སྦྱོར་རླུང་བཟུང་འབར་སྣང་བརྟན༔ དེ་ལས་རྩོལ་མེད་དྲོད་ཐོབ་ན༔ སྤྱི་བོའི་ཧཾ་ཡིག་ཧེ་རུ་ཀའི༔ ནཱ་ད་བཞོས་པའི་བདེ་ཆེན་རྒྱུན༔ སྤྱི་མགྲིན་སྙིང་ལྟེར་རིམ་གྱིས་དྲངས༔ དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ༔ མི་རྟོག་ཀ་དག་ངང་དུ་བཞག༔ དེ་ཡིས་དྲོད་དང་བདེ་བས་ཐབས༔ བྱས་ཏེ་རླུང་ཟིན་རྟོག་མེད་ངང༔ ཐ་མལ་ངག་རླུང་དབེན་པ་ཐོབ༔ གཉིས་པ་སེམས་ལ་དམིགས་པ་ནི༔ སྙིང་གའི་རྩ་འདབ་བརྒྱད་ཀྱི་དབུས༔ དྷཱུ་ཏིའི་སྙིང་པོར་ཨ་ཡིག་དཀར༔ དེ་ཕྱིར་དབྱངས་དང་གསལ་བྱེད་ཀྱི༔ ཡི་གེ་ཕྱི་ནང་གཉིས་རིམ་དགོད༔ དངུལ་དཀར་ལུགས་སུ་བླུགས་ལྟར་བསམ༔ སྙིང་གའི་བུམ་ཅན་སྦྱོར་བ་བཅས༔ ཐོག་མར་གསལ་བྱེད་སོ་གཉིས་ལ༔ སེམས་བཟུང་སྣང་བའི་ཡེ་ཤེས་བསྐྱེད༔ དབྱངས་ཡིག་བཅུ་དྲུག་སེམས་བཟུང་བས༔ སྣང་བ་མཆེད་པའི་ཡེ་ཤེས་འཆར༔ མཐར་ནི་ཨ་ལ་སེམས་བཟུང་བས༔ ཉེར་ཐོབ་ཡེ་ཤེས་མངོན་གྱུར་ནས༔ ཡིད་ཀྱི་རྟོག་པས་དབེན་པ་འགྲུབ༔ གསུམ་པ་སྒྱུ་མའི་རིམ་པ་ནི༔ སྙིང་ནང་ཨ་ལས་འོད་འཕྲོས་པས༔ རང་ལུས་སྒྲིབ་དག་ཡེ་ཤེས་སྐུ༔ རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི༔ ཆུ་ཟླ་གཞའ་ཚོན་ལྟ་བུར་བརྟག༔ སེམས་ཟིན་སྤྱི་བོའི་འཁོར་ལོའི་དབུས༔ ཨ་དཀར་ལས་བྱུང་འོད་ཟེར་གྱིས༔ རང་དང་སྣང་བ་ཐམས་ཅད་ཀུན༔ སྒྱུ་མ་ཆུ་ཟླ་ལྟ་བུ་ཡི༔ དག་པ་རབ་འབྱམས་རྩེ་གཅིག་བསྒོམ༔ ཞེན་པ་སྤང་ཞིང་བོགས་དབྱུང་ཕྱིར༔ སྤྱི་བོའི་བུམ་ཅན་སྦྱོར་བ་བྱ༔ མི་རྟོག་ངང་དུ་ཆམ་མེར་བཞག༔ མི་ཕོད་བརྫི་སོགས་བརྟུལ་ཞུགས་སྤྱད༔ རླུང་སེམས་སྒྱུ་མ་ལྟ་བུ་ཡི༔ ཕྱག་རྒྱའིི་ཡེ་ཤེས་འགྲུབ་པར་འགྱུར༔ རྨི་ལམ་སྒྱུ་མ་ལམ་ཁྱེར་ཕྱིར༔ མགྲིན་པའི་འཁོར་ལོའི་དབུས་སུ་ཨ༔ གསལ་བཏབ་བུམ་ཅན་སྦྱོར་བ་འཆིང༔ དེ་ལ་རླུང་སེམས་བསྡུས་ནས་ཀྱང༔ སེམས་བཟུང་རྨི་ལམ་ཉིད་དུ་བསམ༔ འཛིན་པའི་འདུན་པས་མཚམས་སྦྱར་ལ༔ རྟོག་མེད་ངང་དུ་གཉིད་ལོག་པ༔ རྨི་ལམ་ནམ་འདོད་ཟིན་པ་ན༔ སྒྱུ་མའི་སྐུར་ལྡང་དབྱིངས་སུ་བསྟིམ༔ བསྡུ་ལྡང་སྤྲུལ་སྒྱུར་རྩལ་འབྱོངས་ནས༔ སྒྱུ་མ་ལྟ་བུའི་རྣམ་པར་ཐར༔ ཉིན་དང་མཚན་དུ་བརྟན་པར་འགྱུར༔ བཞི་པ་འོད་གསལ་རིམ་པ་ནི༔ རང་ཉིད་གཞི་ལུས་ལྷར་གསལ་བའི༔ སྙིང་དབུས་དྷཱུ་ཏིའི་སྦུབས་སུ་ཨ༔ དཀར་གསལ་འོད་ཟེར་ལྔ་ལྡན་གྱི༔ གོང་བུ་སྲན་མ་ཙམ་དུ་བསྒོམ༔ སེམས་གཟུང་བུམ་ཅན་སྦྱོར་བ་འཆིང༔ གསལ་སྣང་སྐྱེས་ནས་མི་རྟོག་བསྲེ༔ རང་བཞིན་འོད་གསལ་ངང་དུ་བཞག༔ མཐར་ནི་དེ་ལས་འོད་འཕྲོས་པས༔ སྣོད་བཅུད་ཐམས་ཅད་མེར་མེར་གཡོས༔ སྨིག་རྒྱུ་བཞིན་ཡལ་ཨ་ལ་ཐིམ༔ ཨ་ནི་སྐྱེ་བ་མེད་པ་ལ༔ སེམས་བཟུང་སྣང་བ་མཆེད་དང་ཐོབ༔ འོད་གསལ་སེམས་ཉིད་ཨ་ལ་ཐིམ༔ དེ་ཡང་མི་དམིགས་གཉུག་མར་བཞག༔ གོམས་ནས་གཉིད་དུས་གོང་ལྟར་བསྒོམ༔ རྟོག་མེད་འོད་གསལ་ངང་དུ་ཉལ༔ ཉིན་དང་མཚན་དུས་ཉམས་རྟོགས་ཀྱི༔ འོད་གསལ་འཆར་ཞིང་བརྟན་པ་ཡིས༔ དགོངས་པའི་གདིངས་ཆེན་ཐོབ་པར་འགྱུར༔ བོགས་འབྱིན་ཡིད་དང་དངོས་རིག་ལ༔ སྙོམས་པར་ཞུགས་པའི་ཐབས་མཁས་ཀྱི༔ བདེ་རླུང་སེམས་གསུམ་ཐིམ་པ་ལས༔ མི་རྟོག་འོད་གསལ་བཙན་ཐབས་འབྱུང༔ ལྔ་པ་ཟུང་འཇུག་རིམ་པ་ནི༔ སྟོང་པར་བསྡུ་ཞིང་སྣང་བར་ལྡང༔ ཏིང་འཛིན་རྩལ་སྦྱང་ཞེན་མེད་བསྐྱང༔ རྣམ་པ་ལྷ་སྐུ་སྒྱུ་མ་དང༔ ངོ་བོ་རྟོག་མེད་འོད་གསལ་བ༔ བཅོས་མིན་ངང་གིས་ཟུང་དུ་འཇུག༔ ལྟ་བ་ཀ་དག་གདོད་མའི་བབས༔ སྒོམ་པ་སྣང་སྟོང་གཉུག་མར་བསྐྱང༔ སྤྱོད་པ་ཚོགས་དྲུག་ལྷུག་པར་སྤྱད༔ འབྲས་བུ་དཔལ་ཆེན་ཧེ་རུ་ཀ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ གོ་འཕང་མཆོག་ལ་དབུགས་འབྱིན་འགྱུར༔ དེ་ལྟ་བུ་ཡི་གྲུབ་པའི་མཐའ༔ ཚེ་འདིར་མངོན་དུ་མ་གྱུར་ན༔ འཆི་ཁའི་མཚམས་སྦྱོར་འཕོ་བ་ནི༔ རབ་ཀྱིས་འོད་གསལ་ཆོས་སྐུའི་འཕོ༔ འབྲིང་གིས་སྒྱུ་མ་ལོངས་སྐུར་འཕོ༔ ཐ་མས་དམིགས་པར་བཅས་པ་ཡིས༔ སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཕྱིར༔ རང་ལུས་རྩ་ཡི་སྟོང་རར་བཅས༔ དྭངས་གསལ་རྙོག་པ་མེད་པར་བསྒོམ༔ དྷཱུ་ཏིའི་ཚངས་བུག་ཟང་ཐལ་ལེ༔ མར་སྣེ་ལྟེ་འོག་ཕུག་རྡུགས་འཁྱིལ༔ སྙིང་གར་ཚིགས་ཀྱིས་བཀག་པའི་སྟེང༔ རླུང་དཀྱིལ་ཨ་ཡིག་གོང་ལྟར་གསལ༔ རླུང་སེམས་བསྡུ་ཞིང་ཉམས་སྐྱེས་ན༔ སྤྱི་བོར་བླ་མ་དཔལ་ཆེན་པོ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་དམིགས༔ གདུང་ཤུགས་དྲག་པོས་གསོལ་བ་གདབ༔ ལུས་གནད་བཅོས་ཏེ་ཐུར་སེལ་དྲང༔ སྲོག་ཕྱིར་འཕུལ་དང་ལྷན་ཅིག་པར༔ ཧིཀ་གིས་རླུང་སེམས་གློག་འཁྱུག་ལྟར༔ དཔལ་ཆེན་ཐུགས་བསྟིམ་གཉུག་མར་བཞག༔ སླར་ཡང་ཀ་ཞེས་རང་གནས་དབབ༔ དེ་ལྟར་བསྒོམ་ཞིང་ཐུན་གྱི་མཐར༔ བླ་མ་འཁོར་བཅས་རང་ལ་བསྟིམ༔ སྙིང་གའི་ཨ་དང་དབྱེར་མེད་བསམ༔ ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག༔ བུམ་པ་ཅན་གྱི་སྦྱོར་བས་བརྟན༔ ཡོངས་སུ་བསྔོ་དང་སྨོན་ལམ་གདབ༔ སྤྱི་བོ་ཟ་ཞིང་སྐྲངས་པ་དང༔ ཚངས་བུག་བྱེ་སོགས་རྟགས་མཐོང་ནས༔ འཆི་ཁར་ལས་སྦྱར་ཙམ་གྱིས་འགྲུབ༔ དེ་ཡང་རླུང་སེམས་ཧེ་རུ་ཀའི༔ ཐུགས་ཀར་བསྟིམས་ནས་འོག་མིན་གཤེགས༔ ཡིད་ལ་བྱར་མེད་འོད་གསལ་ངང༔ མཁའ་སྤྱོད་ལ་སོགས་རིག་འཛིན་གྱི༔ ཟུང་འཇུག་སྐུ་འགྲུབ་རྟེན་དེ་ལས༔ ལམ་གྱི་ལྷག་མ་བགྲོད་དེ་གྲོལ༔ གལ་ཏེ་འཕོ་བ་མ་ཐེབས་ན༔ སྲིད་པ་བར་དོ་ཤར་བའི་ཚེ༔ གཟུགས་ཀུན་ལྷ་ཡི་ཕྱག་རྒྱར་བསྲེ༔ སྣང་སྟོང་ཟུང་འཇུག་དབྱིངས་སུ་འཕོ༔ སྒྲ་སྐད་སྔགས་ཀྱི་རང་སྒྲར་བསྲེ༔ གྲགས་སྟོང་ཟུང་འཇུག་དབྱིངས་སུ་འཕོ༔ རྟོག་ཚོགས་འོད་གསལ་ཆེན་པོར་བསྲེ༔ རིག་སྟོང་ཟུང་འཇུག་དབྱིངས་སུ་འཕོ༔ དེ་ཡང་ད་ལྟར་གོམས་པ་ལས༔ བར་དོར་དྲན་པས་སླེབ་པ་འམ༔ རྗེས་མཐུན་ཟུང་འཇུག་གོ་འཕང་འགྲུབ༔ ཡང་ན་བརྒྱུད་ནས་བྱང་ཆུབ་འཐོབ༔ དེ་ལྟའི་གསང་མཆོག་རྒྱུད་སྡེའི་བཅུད༔ རྨད་བྱུང་ལམ་འདི་ཉམས་ལེན་པའི༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ རིམ་གྱིས་འཁྲིད་པའི་རིམ་པ་ནི༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ དད་བརྩོན་བརྟུལ་ཞུགས་སློབ་མ་ལ༔ གྲུབ་པའི་གནས་སུ་ཡོ་བྱད་གསག༔ དབང་བསྐུར་དམ་ཚིག་ལྷག་པར་དབོག༔ དེ་ནས་དབེན་པར་བྱ་བ་གཏང༔ མི་རྟག་ངེས་འབྱུང་བྱང་སེམས་སྦྱང༔ སྐྱབས་སེམས་སྦྱང་གསག་ནན་ཏན་བྱ༔ ཁྱད་པར་བླ་མའི་རྣལ་འབྱོར་བསྒོམ༔ ཚད་བཟུང་མེད་པའི་མོས་གུས་བསྐྱེད༔ གདུང་ཤུགས་དྲག་པོས་གསོལ་བ་གདབ༔ དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ༔ དེ་ནས་ཐོག་མར་བསྐྱེད་པའི་རིམ༔ ཕྱི་ལྟར་གསལ་བརྟན་དག་པ་དྲན༔ ཡུལ་གསུམ་གསལ་བའི་ཏིང་འཛིན་བསྒྲུབ༔ བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་བྱ༔ ནང་ལྟར་ལུས་ཀྱི་དཀྱིལ་འཁོར་ནི༔ རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ ནང་གི་རྩ་རླུང་ཐིག་ལེའི་ཁམས༔ སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ ནོར་བུར་བླ་མེད་བརླ་གཡས་གཡོན༔ དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ ཐུགས་སྲོག་ཧཱུྃ་ལ་སེམས་བཟུང་བཟླ༔ ཐ་མལ་སྣང་ཞེན་ལྷ་སྐུར་བརྟག༔ ཅིར་སྣང་སྒྱུ་མ་ལྟ་བུའི་ལྷ༔ སྣང་སྲིད་གཞིར་གཞེངས་ལུས་དབེན་འགྲུབ༔ དེ་ལྟར་སྔོན་དུ་ལེགས་སོང་ནས༔ དངོས་གཞིར་སྔགས་ཀྱི་རིམ་པ་སོགས༔ ཇི་སྐད་བཤད་པ་དེ་བཞིན་དུ༔ ངེས་རྫོགས་ཚུལ་དུ་ཉམས་སུ་བླང༔ མོས་པས་སྟན་གཅིག་བསྒོམས་ཀྱང་རུང༔ རྗེས་ནི་ཐུན་མཐར་དགེ་ཚོགས་བསྔོ༔ ཟུང་འཇུག་འགྲུབ་པའི་སྨོན་ལམ་གདབ༔ ཐུན་མཚམས་དངོས་གཞིའི་ཉམས་མྱོང་བསྐྱང༔ གེགས་སེལ་བོགས་འདོན་ཐབས་དང་བཅས༔ རྩེ་གཅིག་ཉམས་སུ་བླངས་པ་ལས༔ བསྐྱེད་པས་སྔགས་ཀྱི་ཚོགས་ལམ་བགྲོད༔ དབེན་པ་གསུམ་གྱིས་དྲོད་རྩེ་དང༔ སྒྱུ་མས་བཟོད་ཆོས་མཐར་ཕྱིན་ནས༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ གོ་འཕང་མཆོག་ཏུ་འགྲུབ་པར་འགྱུར༔ མདོར་ན་གསང་ཆེན་བླ་མེད་ཀྱི༔ སྙིང་པོ་ངོ་མཚར་རྨད་བྱུང་བ༔ མ་བྱུང་འབྱུང་བར་དཀའ་བའི་ཆོས༔ བདེ་གཤེགས་ཡོངས་ཀྱི་བགྲོད་གཅིག་ལམ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ འོ་མའི་ཡང་བཅུད་ཞུན་མར་ལྟར༔ རིམ་པ་ལྔ་དང་དབང་བཞིའི་ལམ༔ ཟབ་ཅིང་འདྲིལ་བར་བཤད་པ་འདི༔ དབང་རྣོན་སྐལ་ལྡན་རིན་པོ་ཆེའི༔ རིགས་ཅན་རྣམས་ཀྱི་སྤྱོད་ཡུལ་ཏེ༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པར༔ ཨོ་རྒྱན་པདྨ་སམྦྷ་བས༔ གདམས་པའི་སྙིང་པོ་ཡང་དག་གོ༔ ས་མ་ཡ༔ བཞི་པ་ཡོན་ཏན་དབང་བསྐུར་ནི༔ རྡོ་རྗེའི་བླ་མ་མཚན་རྫོགས་ཀྱིས༔ སྣོད་ལྡན་སློབ་མ་རྗེས་གཟུང་ཕྱིར༔ ལས་སུ་རུང་བའི་སྒྲུབ་ཁང་དུ༔ ལྷ་དང་བུམ་པ་སྟ་གོན་དང༔ སློབ་མ་ལྷག་གནས་ཆོ་གས་བྱ༔ དེ་ཡང་ཁྲུས་བྱས་བགེགས་བསལ་བསྲུང༔ མཎྜལ་དང་བཅས་གསོལ་བ་གདབ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཆེར༔ བདག་ཅག་རྗེས་སུ་བཟུང་མཛད་གསོལ༔ ཡན་ལག་བརྒྱད་ཀྱིས་རྒྱུད་སྦྱངས་པར༔ སྡོམ་པ་འབོགས་པའི་ཆོ་ག་བརྩམ༔ ཧོ༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཞི་ཁྲོ་དགོངས་སུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་སྔགས་ཀྱི་འདུལ་བ་སྤྱི༔ ཁྱད་པར་རྩ་བ་སྐུ་གསུང་ཐུགས༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ སྒྲུབ་པ་ལྷག་པའི་དམ་ཚིག་རྣམས༔ ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི༔ གཞི་ལུས་རྡོ་རྗེ་སེམས་དཔར་བསྐྱེད༔ སྒོ་གསུམ་བྱིན་བརླབས་མཆོད་པར་བྱ༔ ལུས་རྩའི་དྲི་མ་སྦྱང་བ་དང༔ དངོས་གྲུབ་ངེས་པར་བརྟག་པའི་ཕྱིར༔ རྡོ་རྗེ་བཞད་པས་སོ་ཤིང་དོར༔ ཨོཾ་བཛྲ་ཧ་ས་ཧཾ༔ ངག་དང་རླུང་གི་སྒྲིབ་སྦྱང་ཞིང༔ རྨི་ལམ་གསལ་ཕྱིར་ཁྱོར་ཆུ་ནི༔ མཱ་མ་ཀཱི་ཡི་སྔགས་ཀྱིས་སྦྱིན༔ ཨོཾ་བཾ་བཛྲ་མཱ་མ་ཀི་ཨ་མྲྀཏ་བི་ཤོ་དྷ་ཡ་ཧཱུྃ༔ ཡིད་དང་ཐིག་ལེའི་སྒྲིབ་སྦྱང་ཞིང༔ རྨི་ལམ་བར་ཆད་བསྲུང་བའི་ཕྱིར༔ སྔགས་མདུད་དམར་པོ་ཚད་ལྡན་པ༔ རྡོ་རྗེ་མཆེ་བའི་ཕྱག་རྒྱས་བསང༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ རྡོ་རྗེ་འཆིང་བའི་སྔགས་ཀྱིས་བཅིང༔ ཨོཾ་བཛྲ་བྷནྡྷ་བཾ༔ རྡོ་རྗེ་སྲུང་བས་རྒྱས་གདབ་བོ༔ ཨོཾ་བཛྲ་རཀྵ་ཧཾ༔ ཀུན་གཞི་ཡེ་ཤེས་སྒྲིབ་སྦྱང་ཞིང༔ སྔས་དང་སྟན་ཕྱིར་ཀུ་ཤ་སྦྱིན༔ མི་གཡོ་མཉམ་པའི་སྔགས་ཀྱིས་བརྟན༔ ཨོཾ་བཛྲ་ཨ་ཙ་ལ་ས་མ་ཡ་སཏྭཾ༔ མི་ལྡོག་ཕྱིར་དུ་ཆོས་བཤད་ཅིང༔ རྨི་ལམ་བརྟག་པར་གདམས་ནས་གཏང༔ དེ་ནས་དངོས་གཞིའི་ལས་རིམ་ནི༔ སྒྲུབ་པའི་དཀྱིལ་འཁོར་ཚུལ་བཞིན་བཞེངས༔ དབང་རྫས་རབ་གནས་ལྡན་པ་དགྲམ༔ བསྙེན་ཅིང་སྒྲུབ་པས་ནུས་ལྡན་བྱ༔ ཚོགས་དང་གཏོར་མས་མཆོད་ཅིང་བསྐང༔ བདག་ཉིད་དམ་ཚིག་གསོ་བའི་ཕྱིར༔ དབང་བསྐུར་བླང་ཞིང་གནང་བ་ནོད༔ ལྷག་པར་གནས་པའི་སློབ་མ་རྣམས༔ སྒོ་དྲུང་དག་པའི་ཁྲུས་ནས་དབྱུང༔ ནང་དུ་ཞུགས་ལ་མཚམས་བཅད་ཅིང༔ གདོང་དགབ་མེ་ཏོག་ཕྲེང་བ་གཏད༔ དེ་ནས་གསོལ་བ་གདབ་པའི་ཕྱིར༔ མཎྜལ་དང་བཅས་ཐལ་མོ་སྦྱར༔ ཁྲག་འཐུང་གཙོ་བོ་ཁྱོད་ལ་འདུད༔ དཔལ་ཆེན་དཀྱིལ་འཁོར་འཇུག་པ་དང༔ དབང་དང་བྱིན་རླབས་ལས་ཀྱི་རིམ༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ཞེས་གསོལ་དེ་ལ་སློབ་དཔོན་གྱིས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་བརྩོན་བརྟུལ་ཞུགས་སྤྱོད་ནུས་ན༔ སྙིང་པོའི་དབང་བསྐུར་སྦྱིན་པར་བྱ༔ ཞེས་དྲིས་དེ་ཡིས་ལན་གསོལ་བ༔ བདག་ནི་དངོས་གྲུབ་མཆོག་ལ་དད༔ རྡོ་རྗེའི་ལམ་ལ་བརྩོན་པ་དང༔ ཟབ་མོའི་བརྟུལ་ཞུགས་སྤྱོད་ནུས་ཕྱིར༔ ངེས་པར་བཀའ་དྲིན་བསྐྱང་བར་འཚལ༔ ཞེས་ཞུས་དམ་ཚིག་བདུད་རྩི་སྦྱིན༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ ཡེ་ཤེས་ཁྱོད་ལ་སྨིན་པར་བྱ༔ དམ་ཚིག་བདུད་རྩི་འདི་འཐུངས་ལ༔ འདའ་དཀའི་གཡར་དམ་ཚུལ་བཞིན་སྲུངས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ དེས་ཀྱང་རོལ་ཞིང་བྲོ་བོར་བྱ༔ ས་མ་ཡ་ཨི་དཾ་ན་ར་ཀན༔ རྒྱུད་སྦྱང་སྡོམ་གསུམ་ཁས་བླངས་བཟུང༔ ཛཿཧཱུྃ་བཾ་ཧོཿས་དཀྱིལ་འཁོར་དུ༔ དགུག་ཅིང་སྒོ་བཞིར་འཇུག་ཕྱག་འཚལ༔ སླར་ཡང་ཤར་སྒོར་འཁོད་པ་ལ༔ རྡོ་རྗེ་གནས་གསུམ་བཞག་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔ ཨོཾ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་པ་ཐམས་ཅད་ཡོངས་སྤངས་ནས༔ སྣང་སྟོང་ཕྱག་རྒྱ་འགྲུབ་པར་གྱིས༔ ཀཱ་ཡ་ས་མ་ཡ་རཀྵནྟུ༔ ཨཱ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་པ་ཐམས་ཅད་ཡོངས་སྤངས་ནས༔ གྲགས་སྟོང་སྔགས་སུ་འགྲུབ་པར་གྱིས༔ ཝཱ་ཀ་ས་མ་ཡ་རཀྵནྟུ༔ ཧཱུྃ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱི༔ ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་སྲུངས༔ ཉམས་པ་ཐམས་ཅད་ཡོངས་སྤངས་ནས༔ རིག་སྟོང་ཟུང་འཇུག་འགྲུབ་པར་གྱིས༔ ཙིཏྟ་ས་མ་ཡ་རཀྵནྟུ༔ དམ་ཚིག་དེ་ཉིད་མངོན་བྱེད་ཕྱིར༔ ཡེ་ཤེས་དབབ་པའི་ཆོ་ག་བྱ༔ སློབ་མ་ལུས་བསྲང་རླུང་བཟུང་ཞིང༔ ཡིད་ནི་རྟོག་མེད་ངང་དུ་བཞག༔ སློབ་དཔོན་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་སྲོག་ཧཱུྃ་ལས་ཡེ་ཤེས་ཀྱི༔ འོད་ཟེར་མེ་ལྕེ་ལྟ་བུར་བྱུང༔ སློབ་མའི་བདག་རྟོག་བག་ཆགས་བསྲེགས༔ རྣམ་ཤེས་དྭངས་མ་ཧཱུྃ་དུ་གྱུར༔ བླ་མའི་ཞལ་ཞུགས་ཐུགས་ཀར་ཞུ༔ རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར༔ ཧེ་རུ་ཀ་ཡི་སྐུར་གྱུར་པ༔་་་ཞལ་གཅིག་ཕྱག་གཉིས། མཆན། སྦྱོར་མཚམས་ནས་ཐོན་གདན་སྟེང་དུ༔ འཁོད་པའི་གནས་གསུམ་འབྲུ་གསུམ་མཚན༔ སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ཀའི་འོད་དང་བདེ་བའི་སྒྲས༔ མཁའ་ཁྱབ་བདེ་གཤེགས་ཞི་ཁྲོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ རྒྱ་མཚོར་ཆར་ཆེན་བབས་ལྟར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ དགོངས་པའི་གདིང་བསྐྱེད་སྤོས་རོལ་དང༔ གདུང་བའི་གླུ་ཡིས་ཐུགས་དམ་བསྐུལ༔ སྔགས་མཐར་རིག་པ་བཏགས་ལ་དབབ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཧཱུྃ་ཨ་ཧ་ཛྷཻཾ༔ དྲག་ཏུ་བཟླས་པས་ཕེབ་པ་ན༔ ཏིཥྛ་བཛྲས་བརྟན་པར་བསྒྲུབ༔ འབྲེལ་པའི་ལྷ་ལ་མེ་ཏོག་ཕུལ༔ ཨོཾ༔ རིན་ཆེན་མེ་ཏོག་ཡིད་འཕྲོག་རྫས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་ལྷར༔ གུས་པས་རིགས་ཀྱི་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ མེ་ཏོག་སྤྱིར་བཅིང་ལྷག་ལྷ་བསྟིམ༔ ཧཱུྃ༔ མེ་ཏོག་ཅོད་པན་བརྡས་མཚོན་ཏེ༔ ལྷག་པའི་ཕྱག་རྒྱ་སྤྱི་བོར་བསྟིམ༔ བྱང་ཆུབ་བར་དུ་མི་འབྲལ་བས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ པུཥྤེ་ཛྙཱ་ན་སིདྡྷི་ཧཱུྃ༔ རིགས་དང་མཐུན་པའི་མིང་ཡང་གདགས༔ མ་རིག་ཡེ་ཤེས་ཐུར་མས་བསལ༔ ཧོ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ འགྲོ་བའི་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་ཁྱོད་ཀྱི་མ་རིག་མིག༔ རིག་པ་ཡེ་ཤེས་ཐུར་མས་དབྱེ༔ བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཀྱེ་ཧོ་རྡོ་རྗེའི་སློབ་མ་མཆོག༔ ཁྱེད་རྣམས་ལས་སད་སྐལ་པར་ལྡན༔ ཡེ་ཤེས་ཆེན་པོའི་སྤྱན་ཐོབ་པས༔ དཔལ་གྱི་དཀྱིལ་འཁོར་བལྟ་བར་གྱིས༔ ཧེ་བཛྲ་མཎྜ་ལ་པཱ་ཤྱ་ཧོ༔ ཞེས་བསྐུལ་མཚོན་བྱེད་རྟགས་ཀྱི་བརྡས༔ མཚོན་བྱ་དོན་གྱི་དཀྱིལ་འཁོར་བསྟན༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ མངོན་སུམ་ཉིད་དུ་མཐོང་བར་བསམ༔ དེས་ནི་ལྷ་དང་སྐལ་མཉམ་པས༔ ཡེ་ཤེས་སྨིན་པའི་སྣོད་དུ་འགྱུར༔ ཞུགས་པའི་རྡོ་རྗེའི་དཀྱིལ་འཁོར་ཆེར༔ དངོས་གཞིར་དབང་བསྐུར་རིམ་པ་ནི༔ མཎྜལ་དང་བཅས་གསོལ་བ་གདབ༔ བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ རྒྱལ་བ་རིགས་ལྔར་དབུགས་དབྱུང་ལྟར༔ བདག་ཀྱང་ཡོངས་སུ་སྨིན་བྱའི་ཕྱིར༔ ཁྱབ་བདག་ཆེན་པོས་བཀའ་དྲིན་སྩོལ༔ ཞེས་ཞུ་ཕན་ནུས་ཟབ་མོ་ཡི༔ དབང་རྣམས་རིམ་བཞིན་སྦྱིན་པ་ལ༔ ཐོག་མར་ཕན་པའི་དབང་གི་སླད༔ དབང་ལྷ་སྤྱན་དྲངས་མཆོད་ཅིང་གསོལ༔ སློབ་མ་རྡོ་རྗེ་ཁྲག་འཐུང་བསྐྱེད༔ མི་བསྐྱོད་བདུད་རྩིའི་ཆུ་དབང་བསྐུར༔ ཧཱུྃ༔ མི་བསྐྱོད་རྒྱལ་པོ་དེ་བཞིན་གཤེགས༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་ཞེ་སྡང་གནས་དག་ནས༔ རྡོ་རྗེའི་རིགས་སུ་འགྲུབ་པར་ཤོག༔ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་མི༔ སློབ་མ་རཏྣ་ཁྲག་འཐུང་བསྐྱེད༔ རིན་འབྱུང་དབུ་རྒྱན་སྤྱི་བོར་བཅིང༔ ཏྲཱཾ༔ འདོད་འབྱུང་རྒྱལ་པོ་དེ་བཞིན་གཤེགས༔ ལོངས་སྤྱོད་དབུ་རྒྱན་དབང་བསྐུར་བས༔ ཚོར་བ་ང་རྒྱལ་གནས་དག་ནས༔ རིན་ཆེན་རིགས་སུ་འགྲུབ་པར་ཤོག༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མི༔ སློབ་མ་པདྨ་ཁྲག་འཐུང་བསྐྱེད༔ ཐབས་ཀྱི་རྡོ་རྗེ་ལག་གཡས་གཏད༔ ཧྲཱི༔ དཔག་མེད་རྒྱལ་པོ་དེ་བཞིན་གཤེགས༔ ཐབས་ཀྱི་རྡོ་རྗེས་དབང་བསྐུར་བས༔ འདུ་ཤེས་འདོད་ཆགས་གནས་དག་ནས༔ པདྨའི་རིགས་སུ་འགྲུབ་པར་ཤོག༔ བཛྲ་པདྨ་ཨ་བྷི་ཥིཉྩ་མི༔ སློབ་མ་ཀརྨ་ཁྲག་འཐུང་བསྐྱེད༔ ཤེས་རབ་དྲིལ་བུ་ལག་གཡོན་གཏད༔ ཨཱ༔ དོན་གྲུབ་རྒྱལ་པོ་དེ་བཞིན་གཤེགས༔ ཤེས་རབ་དྲིལ་བུས་དབང་བསྐུར་བས༔ འདུ་བྱེད་ཕྲག་དོག་གནས་དག་ནས༔ ལས་ཀྱི་རིགས་སུ་འགྲུབ་པར་ཤོག༔ བཛྲ་གྷནྡྷེ་ཨ་བྷི་ཥིཉྩ་མི༔ སློབ་མ་བུདྡྷ་ཁྲག་འཐུང་བསྐྱེད༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ༔ གསང་བའི་མིང་གིས་བསྙད་པར་བྱ༔ ཨོཾ༔ སྣང་མཛད་རྒྱལ་པོ་དེ་བཞིན་གཤེགས༔ རྡོ་རྗེའི་མིང་གིས་དབང་བསྐུར་བས༔ གཟུགས་སྣང་གཏི་མུག་གནས་དག་ནས༔ བདེ་གཤེགས་རིགས་སུ་འགྲུབ་པར་ཤོག༔ བུདྡྷ་བཛྲ་ནཱམ་ཨ་བྷི་ཥིཉྩ་མི༔ དབང་གི་བདུད་རྩི་སྤྱི་བོར་འཁྱིལ༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་བསམ༔ དབང་ལྷ་བསྟིམ་ཞིང་ཡེ་ཤེས་བརྟན༔ མཆོད་པས་མངའ་དབུལ་ཤིས་པ་བརྗོད༔ དེ་ནི་ཕན་དབང་རྣམ་ལྔ་འོ༔ དེ་ནས་ནུས་པའི་དབང་བསྐུར་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྩ་བའི་དབང་ལྔས་ནུས་བྱིན་སྐྱེད༔ ཉན་སྒོམ་འཆད་ཕྲིན་བདག་པོ་ཆེ༔ ཁྱད་པར་དབང་ལྔས་དོན་གཉིས་སྤྱོད༔ ཉམས་སྐོང་དངོས་གྲུབ་མངོན་སྤྱོད་ཚེ༔ འོད་གསལ་མར་མེས་ལས་ཀུན་འགྲུབ༔ དེ་ལ་དང་པོ་རྩ་བའི་དབང༔ ཐོག་མར་གཙོ་རྣམས་ཕྱག་རྒྱ་ཐོགས༔ དབང་གནས་སོ་སོར་བཞག་ཅིང་བསྟིམ༔ གཙོ་འཁོར་ཡོངས་རྫོགས་དབང་ཐོབ་བསམ༔ སྤྱི་བོ། ཧཱུྃ༔ ཤིན་ཏུ་རྣམ་དག་ཡེ་ཤེས་སྐུ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ལྟེ་བ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྐུ༔ དཀྱིལ་འཁོར་ཁྱབ་བདག་དཔལ་ཆེན་པོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆེ་མཆོག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བ། ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ༔ འཇམ་དཔལ་ཡ་མཱནྟ་ཀ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཤིན་རྗེ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པ། ཧཱུྃ༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ དཔལ་ཆེན་ཧ་ཡ་གྲཱི་ཝ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟ་མགྲིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྙིང་ག །ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་སྐུ༔ བཅོམ་ལྡན་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ གསང་བ། ཧཱུྃ༔ བྱ་བ་ནན་ཏན་ཡེ་ཤེས་སྐུ༔ ཕྲིན་ལས་བཛྲ་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕུར་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ནོར་བུ། ཧཱུྃ༔ ཀློང་དུ་གྱུར་པའི་ཡེ་ཤེས་སྐུ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་མོ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་གཙུག །ཧཱུྃ༔ འདའ་དཀའ་འོད་གསལ་ཡེ་ཤེས་སྐུ༔ བླ་མ་རྡོ་རྗེ་ཆོས་ཆེན་པོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བརླ་གཡས། ཧཱུྃ༔ དབྱིངས་སུ་སྒྲོལ་བའི་ཡེ་ཤེས་སྐུ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བརླ་གཡོན། ཧཱུྃ༔ མཐའ་གྲོལ་གཉུག་མའི་ཡེ་ཤེས་སྐུ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་སྔགས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཕྲག་པ་གཉིས། ཧཱུྃ༔ ཐོགས་མེད་རྩལ་ཆེན་ཡེ་ཤེས་སྐུ༔ རྡོ་རྗེ་མཁའ་ལྡིང་ཆེན་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁྱུང་ཆེན་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ག་རུ་ཌ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ལག་ཏུ་གཏད། ཧཱུྃ༔ འབར་བ་ཆེན་པོའི་ཡེ་ཤེས་སྐུ༔ གཉིས་མེད་མ་ནིང་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀའ་སྡོད་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ཧཱུྃ་ཕཊ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྣོད་བཅུད་ལྷ་དང་གཞལ་ཡས་སུ༔ ངོ་སྤྲད་བསྐྱེད་རིམ་བསྒོམ་པར་གདམས༔ གསུང་ནི་སྔགས་ཕྲེང་སྤྲོས་ལ་བསྟིམ༔ ཛཔ྄་དགོངས་གསལ་བཏབ་བཟླས་ལུང་སྦྱིན༔ སྔགས་བྱང་མགྲིན་པར་བཞག །ཨཱ༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཀྱི༔ སྙིང་པོ་ལུང་གི་དབང་བསྐུར་བས༔ བསྙེན་དང་སྒྲུབ་དང་ལས་སྦྱོར་གྱི༔ བཟླས་པས་དངོས་གྲུབ་མཆོག་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེེ་རུ་ཀ་ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྒྲ་ཀུན་བདེ་གཤེགས་ཞི་ཁྲོ་ཡི༔ གསུང་དུ་ངོ་སྤྲད་བཟླས་པར་གདམས༔ ཐུགས་ནི་གཉིས་མེད་ཡེ་ཤེས་དབྱིངས༔ རྡོ་རྗེའི་རྣམ་པར་སྤྲོས་ལ་བསྟིམ༔ རྡོ་རྗེ་སྙིང་གར་བཞག །ཧཱུྃ༔ གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས༔ ལྷ་དང་བདག་ཉིད་དབྱེར་མེད་པའི༔ དགོངས་པ་མི་འགྱུར་གདིང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྟོག་ཚོགས་ཡེ་ཤེས་ཆེན་པོ་རུ༔ ངོ་སྤྲད་དགོངས་པ་བསྐྱང་བར་གདམས༔ ཡོན་ཏན་རྣམ་གྲོལ་ནུས་བསྐྱེད་ཕྱིར༔ བདུད་རྩིའི་ཕོ་བྲང་སྤྱི་བོར་བཞག༔ དཔལ་ཆེན་གསང་གསུམ་བྱིན་རླབས་བསྟིམ༔ ཡོན་ཏན་རྣམ་གྲོལ་ནུས་པ་བསྐྱེད༔ སྭཱ༔ སྣོད་ནི་རང་བྱུང་གཞལ་མེད་ཁང༔ བཅུད་ནི་ཞི་ཁྲོ་ཡོངས་རྫོགས་ལྷས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྣམ་གྲོལ་ཡོན་ཏན་དབང་བསྒྱུར་ཤོག༔ ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ གུ་ཎ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ༔ དཀྱིལ་འཁོར་འོད་ཞུ་བདུད་རྩིར་བསམ༔ ཕུད་ཀྱིས་བླ་མ་ཡི་དམ་མཆོད༔ བར་པ་རང་གིས་མྱང་ཞིང་སྦྱིན༔ བྱ་བ་མཐོང་ཐོས་མྱང་རེག་ཀུན༔ ཡོན་ཏན་རྣམ་གྲོལ་མཆོག་ལ་སྦྱོར༔ ཕྲིན་ལས་སྒྲུབ་པའི་ཕུར་བུ་གཏད༔ ཧཱ༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི༔ འདུལ་ཐབས་རྣམ་པ་ཐམས་ཅད་པས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐོགས་མེད་ཕྲིན་ལས་ཀུན་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བྱེད་སྤྱོད་ཕྲིན་ལས་རྣམ་པ་བཞིས༔ འགྲོ་བ་འདུལ་བར་རྗེས་སུ་གདམས༔ རང་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ཉན་དབང་པུསྟི་རྣ་བར་བཞག༔ ཨོཾ༔ སྒྲ་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ སྔགས་རྒྱུད་རབ་འབྱམས་དབང་བསྐུར་བས༔ གསང་བ་གསང་ཆེན་བླ་མེད་ཆོས༔ ཉན་ཅིང་འཛིན་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ སྒོམ་སྒྲུབ་ཕྲེང་བ་ལག་ཏུ་གཏད༔ ཨོཾ༔ དྲན་གསལ་ཐིིག་ལེའི་དཀྱིལ་འཁོར་དུ༔ ཐུགས་རྗེ་གཟུངས་ཀྱི་དབང་བསྐུར་བས༔ བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི༔ སྒོམ་སྒྲུབ་བཟླས་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་བྷཱ་ཝ་ཨ་བྷི་ཥིཉྩ་ཧོ༔ འཆད་པ་ཆོས་དུང་ལྗགས་ལ་བཞག༔ ཨོཾ༔ སྨྲ་བྱེད་ཐིག་ལེའི་དཀྱིལ་འཁོར་དུ༔ འཆད་པ་ལུང་གི་དབང་བསྐུར་བས༔ ཆོས་ཀྱི་དུང་ནི་བླ་མེད་པས༔ འགྲོ་འདུལ་མཆོག་གི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་བྷཱ་ཥ་ཨ་བྷི་ཥིཉྩ་ཧྲཱི༔ ལས་དབང་ཕྱག་ཤིང་ལག་ཏུ་གཏད༔ ཨོཾ༔ སྐྱོད་བྱེད་ཐིག་ལེའི་དཀྱིལ་འཁོར་དུ༔ རྡོ་རྗེའི་ཕྱག་ཤིང་དབང་བསྐུར་བས༔ སྔགས་ཀྱི་སྤྱོད་པའི་ཚུལ་ཆེན་པོའི༔ ལས་རྣམས་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧོ༔ སློབ་དཔོན་མཆོག་ཏུ་དབུགས་དབྱུང་ཕྱིར༔ བུ་རྣམས་སེང་གེའི་ཁྲི་ལ་བཀོད༔ རིན་ཆེན་གདུགས་འཕན་རྒྱལ་མཚན་འཕྱར༔ ལག་ཏུ་རྡོ་རྗེ་དྲིལ་བུ་གཏད༔ ཨོཾ་ཨཱཿཧཱུྃ༔ སྒོ་གསུམ་ཐིག་ལེའི་དཀྱིལ་འཁོར་དུ༔ ཐབས་ཤེས་ཟུང་འཇུག་དབང་བསྐུར་བས༔ དཀྱིལ་འཁོར་ཁྱབ་བདག་ཆེན་པོ་དང༔ དབྱེར་མེད་གྲུབ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ མཆོད་པས་མངའ་དབུལ་བཀྲ་ཤིས་བརྗོད༔ ཉམས་སྐོང་དངོས་གྲུབ་དབང་བསྐུར་ཕྱིར༔ ཐོག་མར་ཉམས་ཆག་ཞི་བའི་སླད༔ བཤགས་དང་སྐོང་བའི་ཆོ་གའི་མཐར༔ བདག་མདུན་ཐུགས་ནས་འོད་འཕྲོས་པས༔ འོག་མིན་ཞིང་ནས་རྡོ་རྗེ་སེམས༔ བདེ་གཤེགས་རྒྱལ་བའི་འཁོར་དང་བཅས༔ སྐད་ཅིག་བར་སྣང་གློག་འགྱུ་ལྟར༔ མདུན་གྱི་ནམ་མཁར་བྱོན་ནས་ཀྱང༔ ཉམས་ཆག་ཞི་བའི་དབང་བསྐུར་བསམ༔ ཨོཾ༔ ཏིལ་གྱི་གང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ འདི་ཉིད་དུ་ནི་བླུགས་མཛད་པས༔ སྡིག་ལྟུང་ཉམས་ཆག་དག་པར་ཤོག༔ ཡི་གེ་བརྒྱ་པའི་མཐར༔ སརྦ་པཱ་པཾ་ཀླེ་ཤ་མ་ལ་བི་ཤོ་དྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འཐོར་དང་ཉེ་རེག་ཁྲུས་བྱས་བཏུང༔ དེས་ནི་སྡིག་ལྟུང་ཉམས་ཆག་སྐོང༔ འབྲས་བུ་ནད་དང་སྡུག་བསྔལ་ཞི༔ དངོས་གྲུབ་དབང་དུ་བྱ་བའི་ཕྱིར༔ བམ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ལུས་དཀྱིལ་ལྷ་དང་བཅས་པ་གསལ༔ སྤྱི་བོར་བཞག་ཅིང་དངོས་གྲུབ་བསྡུ༔ ཧཱུྃ༔ བམ་ཆེན་བརྗིད་པའི་ཕོ་བྲང་དུ༔ ཁྱབ་བདག་ཁྲག་འཐུང་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དངོས་གྲུབ་མཆོག་ལ་དབང་སྒྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཏི་ར་མཎྜ་ལ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བམ་གྱི་ལྷ་ལས་འོད་འཕྲོས་པས༔ འཁོར་འདས་ནུས་བྱིན་བསྡུས་ཤིང་ཐིམ༔ དགྱེས་པས་འོད་ཞུ་བདུད་རྩི་དམར༔ ཁ་དོག་ལྔ་ལྡན་དབྱིག་ཏུ་འཁྱིལ༔ ལྷར་སྣང་གསལ་བརྟན་ཆེན་པོས་རོལ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཡེ་ཤེས་དབང་གྱུར་བསམ༔ རྗེས་འབྲེལ་ཚོགས་དང་ཛ་གད་སོགས༔ སྒྲུབ་པའི་རྫས་རྣམས་སྦྱིན་པར་བྱ༔ ཧོ༔ རྡོ་རྗེའི་སློབ་མ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མཱཾ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱོད་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག༔ སརྦ་ཀརྨ་ཝ་ཤཾ་མ་ནོ་ཧ་ར་སིདྡྷི་སིདྡྷི་ཧཱུྃ༔ མངོན་སྤྱོད་དྲག་པོས་བྱིན་བསྐྱེད་ཕྱིར༔ ཐོག་མར་དྲེགས་པའི་མཐུ་དབང་ནི༔ དམར་གཏོར་གཙོ་འཁོར་བྲིས་སྐུས་བརྒྱན༔ ཤ་ཁྲག་བ་ལིཾ་དུ་མས་བསྐོར༔ དེ་ཉིད་དྲེགས་པའི་སྡེ་དཔོན་དང༔ སྔགས་བདག་བཀའ་སྡོད་འཁོར་བཅས་བསམ༔ ཕུར་པ་འདྲིལ་ཞིང་ལྟ་གདིང་བསྐྱེད༔ ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་བསྒྲལ་བ་དང༔ གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲེགས་པའི་ཚོགས་རྣམས་བསྒྲལ་བར་བྱ༔ ཨེ་ཧུར་ཐུམ་ཏྲིག་ནན་བཛྲ་ཀཱི་ལ་ཡ་མཱ་ར་ཡ་རྦད་ནན༔ དེ་ཡིས་དུག་ལྔའི་ཕུང་པོ་ཞིག༔ ཆོས་ཀྱི་དབྱིངས་སུ་བསྒྲལ་པ་ལས༔ སླར་ཡང་བདུད་རྩིས་གསོས་བཏབ་པས༔ མཐུ་རྩལ་ཐོགས་མེད་དངོས་ལྟར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཧོ༔ སློབ་མ་གསང་བདག་དྲེགས་འདུལ་གྱི༔ ཞབས་འོག་དྲངས་ཤིང་བྲན་དུ་གཏད༔ ཧཱུྃ༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་སོགས༔ འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀུན༔ དམ་ལྡན་རྡོ་རྗེའི་རིག་པ་འཛིན༔ ཧེ་རུ་ཀ་ཡི་གདུང་འཚོབ་པའི༔ བྲན་དང་ཁོལ་པོ་ཡང་ཁོལ་དང༔ འབངས་ཀྱི་ཚུལ་དུ་བཀའ་གཏད་ན༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་དང༔ རིིག་འཛིན་བརྒྱུད་པར་བཅས་པ་ཡི༔ དམ་ལས་མ་འདའ་བཀའ་བཞིན་སྒྲུབས༔ བྱིན་པའི་དགྲ་བགེགས་ཤ་ཁྲག་ཟོ༔ བཅོལ་བའི་མངོན་སྤྱོད་ལས་ཀུན་མཛོད༔ མཐུ་དབང་དྲག་པོའི་སྟོབས་སྐྱེད་ལ༔ བྱང་ཆུབ་ལམ་གྱི་བར་ཆད་ཆོམས༔ ཕྲིན་ལས་ཐམས་ཅད་སྒྲུབ་པར་གྱིས༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨེ་ཧུར་ཐུམ་མཱ་ར་ཡ་རྦད༔ ཨཿཡཿམཿདུཿརུཿཙཿཤཿནཿཛ་ཛ༔ པཱ་ཤཾ་ཀུ་རུ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་རཀྵནྟུ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བསྔོ༔ ཨོཾ་བཛྲ་སརྦ་དུཥྚཱན་སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དྲེགས་པ་རྒྱུད་གསུམ་འཁོར་དང་བཅས༔ དམ་ལས་མ་འདའ་རྗེས་སུ་དགོངས༔ རིག་འཛིན་སྲུང་མར་མངའ་གསོལ་ན༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རིག་འཛིན་འདུས་པའི་སྐུ་དགྲ་སྒྲོལ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་པའི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་བཅོལ་དྲེགས་ཚོགས་སློབ་མ་ལ༔ བདུད་རྩི་སྦྱིན་ནས་དམ་བསྲེ་འོ༔ ཨོཾ་ཨཱཿཧཱུྃ་སརྦ་ས་མ་ཡ་ཨ་མྲྀཏ་ཁཱ་ཧི༔ ལས་ཀྱི་དངོས་གཞི་བསྒྲུབ་པའི་ཕྱིར༔ དྲག་པོའི་གདབ་ཕུར་ལག་ཏུ་གཏད༔ ཧཱུྃ༔ དྲག་པོ་ལས་ཀྱི་ཕུར་པ་ལ༔ དཔལ་ཆེན་ཁྲག་འཐུང་ནུས་སྟོབས་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་ལས་ཀུན་འགྲུབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རཱུ་པར་བསྐྱེད་དགུག་བསྒྲལ་བསྟབ་བྱ༔ རབ་འབྱམས་དྲག་པོའི་ལས་ཀུན་འགྲུབ༔ སླར་ཡང་ལས་དྲུག་རྗེས་གནང་ཕྱིར༔ སྲུང་འཁོར་ལས་ཕུར་ཐུན་རྫས་དང༔ རི་རབ་མེ་ཧོམ་འཕང་ཟོར་གཏད༔ ཧཱུྃ༔ སློབ་མ་དཔལ་ཆེན་སྟོབས་ལྡན་ནག༔ དྲག་པོའི་སྔགས་བདག་ཆེན་པོ་ལ༔ ཕས་རྒོལ་མི་མཐུན་ཀུན་བསྲུང་ཕྱིར༔ མི་ཕྱེད་རྡོ་རྗེའི་ཙཀྲ་གཏད༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ ཕུར་པ་བསད་པའི་མཚོན་རྣོན་གཏད༔ འགལ་རྐྱེན་ཐམས་ཅད་བཟློག་པའི་ཕྱིར༔ ཉུངས་ཀར་ལ་སོགས་ཐུན་རྫས་གཏད༔ བར་ཆད་ལྡང་མེད་མནན་པའི་ཕྱིར༔ རྡོ་རྗེ་རི་རབ་ལྷུན་པོ་གཏད༔ དགྲ་བགེགས་རྗེས་མེད་བསྲེག་པའི་ཕྱིར༔ འབར་བ་ཞལ་གྱི་མེ་ཧོམ་གཏད༔ འཕང་བས་གདུག་ཅན་བརླག་པའི་ཕྱིར༔ དྲག་པོ་ཟོར་གྱི་གཏོར་མ་གཏད༔ སྲུང་བསད་ཟློག་མནན་སྲེག་པ་དང༔ འཕང་བའི་ལས་ཀུན་མཐར་ཕྱིན་ཤོག༔ བཛྲ་རཀྵ་མཱ་ར་པྲ་ཏྱཾ་གི་ར་ཧཱུྃ་ཕཊ༔ བཛྲ་སཏྭམྦྷ་ད་ཧ་བྷིནྡྷ་ཧཱུྃ་ཕཊ༔ ལས་དྲུག་མཐར་ཕྱིན་ནུས་ཐོབ་འགྱུར༔ མཆོག་གི་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྒྲུབ་རྫས་མར་མེ་སྤྱི་བོར་བཞག༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོའི་འོད་གསལ་དབྱིངས༔ ཡེ་ཤེས་མར་མེ་དགུ་རུ་ཤར༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་འཛིན་རོལ་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་དཱི་པ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་གཅིག་ཏུ་ཟླུམ་པ་དབྱིངས༔ མེ་དགུས་ཡེ་ཤེས་རིག་པ་དགུ༔ རང་ཤར་ཟུང་འཇུག་བརྡས་མཚོན་ཏེ༔ མཆོག་གི་འོད་གསལ་མངོན་གྱུར་བསམ༔ གདུང་བའི་ཤུགས་བསྐྱེད་སྨོན་ལམ་གདབ༔ ཚེ་དང་ཡེ་ཤེས་རྒྱས་པའི་ཕྱིར༔ ཐུགས་དམ་བསྐུལ་བ་་་ཧཱུྃ༔ ཡེ་ཤེས་ཀློང་དགུ་སོགས།་་་སྔོན་འགྲོ་བས༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག༔ དངོས་གྲུབ་དབང་དང་དམ་རྫས་་་ཧཱུྃ༔ ཚེ་ཡི་དངོས་གྲུབ་སོགས་ཀྱིས།་་་སྦྱིན༔ ཚེ་བཅུད་སྦ་ཞིང་་་ཧཱུྃ༔ ཚེ་བཅུད་སྙིང་དབུས་སོགས་ཀྱིས།་་་རྒྱས་གདབ་བོ༔ དེ་རྣམས་ཀུན་གྱི་བརྟན་བྱེད་དུ༔ སླར་ཡང་རྣམ་བུམ་སྤྱི་བོར་བཞག༔ ཧཱུྃ༔ བཀྲ་ཤིས་ཆེན་པོའི་བུམ་པ་ནི༔ དཔལ་ཆེན་བཞུགས་པའི་ཕོ་བྲང་སྟེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱིན་རླབས་ནུས་པ་བརྟན་པར་ཤོག༔ བཛྲ་ཀ་ལ་ཤ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ སུ་ར་ཏཱ་སཏྭཾ༔ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས༔ ལུས་གང་སྒྲིབ་དག་དབང་བསྐུར་ཐོབ༔ བརྟན་ཅིང་ནུས་པ་མཆོག་ཏུ་གྱུར༔ ཆུ་ཞབས་སྤྱི་བོར་བརྟན་པ་ལ༔ ཁྲག་འཐུང་རིགས་ལྔས་དབུ་བརྒྱན་བསམ༔ ལྷག་གནས་མཆོད་ཅིང་ཤིས་པ་གསོལ༔ དེ་ལྟར་ཕྱི་ཡི་དཀྱིལ་འཁོར་དུ༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ བསྐྱེད་བཟླས་ཕྲིན་ལས་སྒྲུབ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པ་འོ༔ གསུམ་པ་ཟབ་མོའི་དབང་གསུམ་སྟེ༔ དང་པོ་གསང་བའི་དབང་བསྐུར་ནི༔ སློབ་མས་མཎྜལ་གསོལ་བ་གདབ༔ དཀྱིལ་འཁོར་ཆེན་པོའི་ཁྱབ་བདག་ཀྱེ༔ བུམ་པའི་དབང་བསྐུར་བསྩལ་ལགས་ན༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ གསང་བའི་དབང་བསྐུར་བཀའ་དྲིན་གསོལ༔ ལན་གསུམ་ཞུ་ཞིང་མིག་དར་འཆིང༔ བླ་མ་ཧེ་རུ་ཀ་ཡབ་ཡུམ༔ སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས༔ ཐུགས་ཀར་ཞུ་བའི་བྱང་ཆུབ་སེམས༔ ཡུམ་གྱི་མཁའ་ལས་སྦྱིན་པར་བྱ༔ ཨཱ༔ མུ་ཏིག་ལྟར་དག་བྱང་ཆུབ་སེམས༔ ཆགས་མེད་རཀྟ་ལྷན་ཅིག་པ༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ བདེ་གཤེགས་ཁྲག་འཐུང་འདུས་པའི་བཅུད༔ སངས་རྒྱས་ཀུན་གྱི་དམ་ཚིག་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྩ་ཁམས་རླུང་ལ་ནུས་པ་སྨིན༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ བུས་ཀྱང་རྟོག་པ་མེད་སེམས་ཀྱིས༔ ཨ་ཧོ་མ་ཧཱ་སུ་ཁས་མྱང༔ རྩ་ཁམས་ཀུན་ལ་ཐིམ་པ་ཡིས༔ གསལ་སྟོང་བདེ་བ་སྐྱེས་པར་བསམ༔ ཉམས་མྱོང་བསྐྱང་ཞིང་མིག་དར་འགྲོལ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཞུ་བདེའི་རྫས་ལ་བརྟེན་ནས་ཀྱང༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རླུང་སེམས་སྒྱུ་མ་སྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ་པ་འོ༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི༔ དབང་བསྐུར་ཆེད་དུ་གསོལ་བ་གདབ༔ དགའ་ཆེན་སྟོན་པ་མཆོག་གཅིག་པུས༔ གསང་བའི་དབང་བསྐུར་བསྩལ་ལགས་ན༔ བདེ་མཆོག་གསང་ཆེན་དཀྱིལ་འཁོར་དུ༔ ཤེས་རབ་ཡེ་ཤེས་དབང་བསྐུར་སྩོལ༔ ལན་གསུམ་གསོལ་གདབ་མིག་དར་འཆིང༔ མཚན་ལྡན་རིག་མ་བྱིན་བརླབས་སྦྱིན༔ ཧཱུྃ༔ འདི་དེ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་གསང་བའི་ཡུམ་མཆོག་སྟེ༔ བདེ་གཤེགས་ཁྲག་འཐུང་ཟ་མ་ཏོག༔ ཨེ་ཡི་ཆ་བྱད་བཟང་པོས་བརྒྱན༔ ལྷན་ཅིག་སྐྱེས་པའི་བདེ་སྟེར་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུགས་འབྱུང་ལུགས་ལྡོག་དགའ་བཞི་སྨིན༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུས་ཀྱང་འདུ་ཤེས་གསུམ་ལྡན་གྱིས༔ སྙོམས་ཞུགས་ལྷན་སྐྱེས་དགའ་བ་བསྐྱེད༔ ཉམས་མྱོང་བསྐྱང་ཞིང་མིག་དར་བསལ༔ ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ༔ ཁ་སྦྱོར་བདེ་བ་ལ་བསྟེན་ནས༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ འོད་གསལ་བདེ་བ་སྒོམ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ་པ་འོ༔ གསུམ་པ་དོན་གྱི་དབང་བསྐུར་སླད༔ མོས་གུས་ལྷུར་བསྐྱེད་གསོལ་བ་གདབ༔ ཁྱབ་བདག་བདེ་ཆེན་ཧེ་རུ་ཀས༔ གསུམ་པའི་དབང་བསྐུར་བཀའ་དྲིན་ཐོབ༔ ད་ནི་མཐར་ཐུག་དོན་གྱི་དབང༔ མངོན་སུམ་ཡེ་ཤེས་ངོ་སྤྲད་གསོལ༔ ལན་གསུམ་གསོལ་གདབ་ལུས་གནད་བསྲང༔ བླ་མས་རང་བྱུང་འཇའ་ཤེལ་བསྟན༔ ཧོ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ རྡོ་རྗེ་སྙིང་པོ་མཁའ་ལྟར་ཁྱབ༔ ངོ་བོ་ཀ་དག་ཤེལ་ལྟ་བུ༔ རང་བཞིན་ལྷུན་གྲུབ་འཇའ་ལྟར་སྣང༔ དབྱེར་མེད་ཟུང་འཇུག་ཡེ་ཤེས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྱི་དཔལ་ཆེན་མངོན་དུ་གྱུར༔ བཞི་པའི་དབང་ཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ༔ དབྱིངས་རིག་ཟུང་འཇུག་གཉུག་མའི་གཤིས༔ བསམ་གྱིས་མི་ཁྱབ་ངང་བསྐྱང་ངོ་༔ དོན་དམ་བྱང་སེམས་དཀྱིལ་འཁོར་དུ༔ བརྡ་དང་ཐབས་ལ་བརྟེན་ནས་ཀྱང༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཟུང་འཇུག་མཐར་ཐུག་སྒོམ་ལ་དབང༔ འབྲས་བུ་བདེ་ཆེན་སྐུ་འགྲུབ་བོ༔ དེ་ལྟར་ཕན་ནུས་ཟབ་དབང་གིས༔ ལེགས་པར་སྨིན་ལ་དབང་གི་སྲོག༔ དམ་ཚིག་སྡོམ་པའི་རྣམ་གཞག་བསྟན༔ བུས་ཀྱང་ཁས་བླང་མཎྜལ་དང༔ ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ༔ དགའ་སྟོན་བྱ་ཞིང་སྨོན་ལམ་གདབ༔ དཀྱིལ་འཁོར་བསྡུ་བའི་རིམ་པ་སོགས༔ རྗེས་ཀྱི་བྱ་བ་མཐར་དབྱུང་ངོ་༔ སློབ་དཔོན་མ་མཉེས་དབང་མ་རྫོགས༔ དམ་ཚིག་དག་པར་མ་བྱས་པས༔ རིག་སྔགས་བསྒྲུབ་ཀྱང་ལོག་པ་སྟེ༔ འབྲས་བུ་མེད་ཅིང་ངན་སོང་ལྟུང༔ དབང་ཐོབ་དམ་ཚིག་དག་པའི་བུ༔ རྒྱལ་བ་རྣམས་ཀྱི་སྲས་སུ་འགྱུར༔ རིག་འཛིན་བླ་མས་བྱིན་གྱིས་རློབ༔ ཡི་དམ་མཁའ་འགྲོས་དངོས་གྲུབ་སྟེར༔ ཆོས་སྐྱོང་དྲེགས་པ་བཀའ་བཞིན་ཉན༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འགྲུབ༔ དེ་ཕྱིར་ལམ་གྱི་རྩ་བ་སྟེ༔ རྣལ་འབྱོར་རྣམས་ཀྱིས་ཚུལ་བཞིན་སྤྱོད༔ ས་མ་ཡ༔ ལྔ་པ་མངོན་སྤྱོད་ཕྲིན་ལས་གཟེར༔ ལས་དྲུག་སྒོ་ནས་བསྒྲུབ་པ་སྟེ༔ རྩ་བ་སྲུང་ཟློག་བསད་པ་དང༔ མཐའ་སྡུད་མནན་སྲེག་འཕང་པ་འོ༔ དེ་ལ་ཐོག་མར་ལས་དཀྱིལ་ནི༔ ལས་སུ་རུང་བའི་སྒྲུབ་ཁང་དུ༔ དུར་ཁྲོད་ས་ལ་སྟེགས་བུ་བྱ༔ རོ་སོལ་བྱུགས་ཤིང་ཁྲག་གིས་གཤེར༔ མ་ཏྲཾ་ཁོག་པར་ཨེ་གྲུ་གསུམ༔ མུ་ཁྱུད་ཐོད་པའི་ར་བ་ཅན༔ དེ་ཕྱིར་མཚོན་འཁོར་རྩིབས་བརྒྱད་དང༔ རྡོ་རྗེའི་ར་བ་མེ་རིས་བསྐོར༔ དབུས་རྩིབས་ཧཱུྃ་ཡིག་རིགས་ཀྱི་མདོག༔ དེ་སྟེང་དྲག་པོའི་གཏོར་སྣོད་དུ༔ འབྲུ་ནག་དུག་ཁྲག་གཏོར་ཟོར་དགུ༔ རིགས་བཞིའི་འཁོར་དང་བཅས་པ་བྱ༔ འཁོར་གཞན་མཐེབ་ཀྱུ་ཁྲག་ཀོང་དགོད༔ སྤྲོ་ན་ཁྱུང་དང་རྒྱལ་མཚན་བསྒྲེང༔ སྟེང་དུ་དར་ནག་གུར་ཁང་དབུབ༔ ཤ་ཁྲག་རུས་པ་རྩང་ཕུར་དང༔ མཚེ་ཉུངས་ལ་སོགས་བརྗིད་ལྡན་པར༔ ཟློག་འཁོར་རྒྱས་བསྡུས་ཇི་རིགས་འཛུག༔ སྲུང་བའི་འཁོར་ལོའི་བླ་རེ་བྲེ༔ མདུན་དུ་དྲག་པོའི་ཉེར་སྤྱོད་དང༔ སྨན་གཏོར་རཀྟ་ཚོགས་མཆོད་བཤམ༔ དེ་ལྟར་སྦྱོར་བའི་ལས་རྫོགས་ནས༔ ཕྲིན་ལས་གཞུང་བསྲང་བཟླས་བརྗོད་ཀྱིས༔ བསྙེན་པ་ཁ་གསོ་ནུས་ལྡན་བསྒྲུབ༔ ཟོར་དཀྱིལ་ལྷག་པར་གསལ་བ་ནི༔ ཧཱུྃ༔ མདུན་དཀྱིལ་མ་ཏྲཾ་གནོད་བྱེད་དགྲ་བགེགས་གཟུགས༔ ཁམས་གསུམ་ཉོན་མོངས་དུག་ལྔའི་ཕུང་པོ་ལ༔ མཚོན་ཆའི་ཆར་ཕབ་རྟེན་གྱི་ཁོག་པ་ཞིག༔ དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གྱུར༔ བྷྲཱུྃ་མ་ཏྲཾ་རུ་དྲ་མཎྜ་ལ་ཕཊ༔ བརྗིད་ལྡན་གཏོར་མ་ཁྲག་འཐུང་དཔལ་ཆེན་དགུ༔ རིག་མདངས་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས༔ ཁྱུང་གིས་དབུ་བརྒྱན་ཡེ་ཤེས་མེ་འོད་འཁྲུགས༔ བཀའ་སྡོད་ཕོ་ཉའི་དམག་ཚོགས་བསམ་མི་ཁྱབ༔ ཧཱུྃ་སརྦ་ཧེ་རུ་ཀ་མཎྜ་ལ་ཧཱུྃ༔ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་ཞིང༔ བཅུད་ཀྱི་དངོས་ཀུན་དཔལ་ཆེན་ཁྲག་འཐུང་ལྷ༔ ཁྲོས་འཁྲུགས་རྔམས་བརྗིད་འཇིགས་པའི་སྐུར་སྟོན་པ༔ སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྲོ་ན་སྤྱན་འདྲེན་མཆོད་བསྟོད་བྱ༔ དེ་ནས་ལས་དྲུག་དང་པོ་ནི༔ འཁོར་ལོ་ལ་བརྟེན་སྲུང་བ་སྟེ༔ བྲི་དང་བསྒོམ་དང་བཟླས་པ་སྟེ༔ དང་པོ་རས་སམ་ཤོག་བུ་ལ༔ ཙཀྲ་རྩིབས་དྲུག་མུ་ཁྱུད་བཅས༔ དབུས་སུ་གཙོ་སྔགས་མིང་སྤེལ་མཐར༔ ཀཱ་ཝཱ་ཙི་བཛྲ་རཀྵ་རཀྵ་བྷྲཱུྃ༔ གོང་རས་དྲག་སྔགས་སོ་ལྔ་དང༔ རྩིབས་བརྒྱད་ཧཱུྃ་ལ་དཔལ་བརྒྱད་སྔགས༔ སྲུང་བའི་ཤམ་འདོགས་དང་བཅས་བསྐོར༔ རྩིབས་མཆན་སོ་སོའི་ཕྱག་མཚན་དགོད༔ དེ་ཕྱིར་གཙུག་ཏོར་འཁོར་ལོའི་སྔགས༔ དབྱངས་གསལ་རྟེན་སྙིང་འདོད་གསོལ་བཅས༔ རྡོར་ར་མེ་རི་འབར་བས་བརྒྱན༔ ཤ་ལྔ་བདུད་རྩི་དྲི་རྫས་བཞི༔་་་ག་པུར། གླ་རྩི། ཤིང་ཀུན། ཤུ་དག་ནག་པོ། གུར་གུམ་གི་ཝང་གུ་གུལ་དང༔ བཟླས་པའི་ཉུངས་ཀར་དང་བཅས་བྱུགས༔ ལྷར་བསྐྱེད་བཟླས་ཤིང་བརྟན་བཞུགས་གསོལ༔ སྒྲུབ་པའི་དུས་སུ་དལ་སྟེང་དགྲམ༔ སྒྲུབ་པ་ཐོན་ནས་ལུས་ལ་འཆང༔ སྒོམ་པས་སྲུང་བའི་དམིགས་པ་ནི༔ རང་གི་ཐུགས་སྲོག་ས་བོན་དང༔ བསྲུང་བྱ་ཐམས་ཅད་དབྱེར་མེད་པའི༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ དཔལ་ཆེན་རོལ་པའི་ཐུགས་དམ་བསྐུལ༔ ཡེ་ཤེས་གཟི་བྱིན་ལྷག་པར་འཕྲོས༔ རྩ་གསུམ་རྒྱལ་བའི་ཐུགས་ཀ་ནས༔ གཙུག་ཏོར་འཁོར་ལོས་སྒྱུར་བ་ཡི༔ ངོ་བོ་མཚོན་ཆའི་ཆར་དུ་བབས༔ སྲུང་བའི་གུར་ཁང་དགུ་ལ་ཐིམ༔་་་ཁྲོ་བཅུ་མེ་ཕུང་ཕྱག་མཚན་ལྔ་ཐོ་ཕུར་བཅས་དགུའོ། །མཆན། མི་ཕྱེད་རྡོ་རྗེར་བྱིན་གྱིས་བརླབས༔ ལྷ་ཚོགས་ནང་དུ་ཞལ་གཟིགས་ནས༔ སྔགས་བཟླས་བརྟན་པའི་ལས་མཛད་བསམ༔ བཟླས་པས་སྲུང་བའི་གསང་སྔགས་ནི༔ ཁྲོ་བོའི་སྤྱི་སྔགས་ཀྱི་མཐར།་་བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི་རཀྵ་རཀྵ་བྷྲཱུྃ༔ སྟོང་ཕྲག་བཟླས་པས་ནུས་པ་བརྟན༔ གཉིས་པ་བསད་པའི་བཅའ་གཞི་ནི༔ དྲག་པོའི་དཀྱིལ་འཁོར་འོག་གི་ཆར༔ ལས་ཁུང་རཱུ་པ་དང་བཅས་གཞུག༔ རྫས་ཀྱིས་བསད་ཕྱིར་ཐུན་གྱི་ཚོགས༔ རུ་སྦལ་རྔམས་པའི་ལྟོ་བར་གཏམས༔ དམིགས་པས་བསད་པའི་གཞི་བཟུང་ཕྱིར༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཁྲོས་འཁྲུགས་རྔམས་པའི་སྔགས་བཟླས་པས༔ དགྲ་བགེགས་བསྒྲལ་བའི་མངོན་སྤྱོད་ཀྱི༔ ལས་ལ་ངོ་མཐོན་ཚུལ་གྱིས་བཞེངས༔ དྲག་པོ་སྔགས་ཀྱི་ནུས་པ་རྣམས༔ ཟོར་དང་ཐུན་གྱི་རྫས་ལ་ཐིམ༔ བསྒྲལ་བའི་ཞིང་བཅུ་ཉམས་པ་བདུན༔ གསོད་པའི་མཚོན་ཆ་ཆེན་པོར་བསམ༔ ལས་སྦྱོར་དྲག་སྔགས་མེ་ཕུང་མཐར༔ བསད་པའི་སྔགས་འདི་སྦྲེལ་ལ་བཟླ༔ སརྦ་ཤ་ཏྲཱུན་བིགྷྣཱན་ཛ་བྷྱོ་ཕཊ་ཧཱུྃ༔ བྷནྡྷ་བྷནྡྷ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་ཏ་ཐཱ་ཡ་ཏ་ཐཱ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བརྒྱ་སྟོང་བཟླས་པས་ངར་གདགས་བྱ༔ དེ་ལྟར་སྦྱོར་བ་སྔོན་སོང་ནས༔ ཡི་དམ་ལྷ་དང་སྲུང་མ་ལ༔ སྐོང་བཤགས་བྱ་ཞིང་ཚོགས་མཆོད་འབུལ༔ དྲག་པོའི་ལས་ལ་ཐུགས་དམ་བསྐུལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་ཤར་རིག་པའི་རྩལ༔ འབར་བ་ཡེ་ཤེས་ཀློང་དགུའི་ཕོ་བྲང་ཆེ༔ ཤིན་ཏུ་མི་བཟད་རབ་འཇིགས་དུར་ཁྲོད་ནས༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ལས་ལ་བཞེངས༔ སངས་རྒྱས་བསྟན་དང་རྣལ་འབྱོར་སྒྲུབ་པོ་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོའི་ཚོགས༔ ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བས༔ མངོན་སྤྱོད་དམོད་པའི་ཕྲིན་ལས་དུས་ལ་བབ༔ སྲུང་བའི་གུར་ཁང་རྡོ་རྗེའི་ཐོག་གིས་ཤིགས༔ ཟློག་པའི་ནུས་པ་རང་གཤེད་རང་ལ་གཟིར༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱས་རྟེན་ལ་ཕོབ༔ དྲག་ཤུལ་ཆེན་པོས་བསྒྲལ་བའི་ཕྲིན་ལས་མཛོད༔ གསེར་སྐྱེམས་དང་བཅས་གཟུ་དཔང་གསོལ༔ བྲུབ་ཁུང་སྲིད་པའི་བཙོན་ཁང་དུ༔ ནྲྀ་ཏྲི་ལས་སྐྱེས་དགྲ་དང་བགེགས༔ གསལ་གདབ་དགུག་གཞུག་དྲག་ཏུ་བྱ༔ སླར་ཡང་ཆེ་མཆོག་སྟོབས་ཀྱིས་དགུག༔ ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐོགས་མེད་མྱུར་དུ་རྟེན་འདིར་ཁུག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་ནྲི་ཏྲི་བཛྲ་ཨཾ་གུ་ཤ་ཛ༔ ལྕགས་ཀྱུའི་ཕྱག་རྒྱས་རྟེན་ལ་བསྟིམ༔ ཡང་དག་གཟི་ཡིས་མཐུ་སྟོབས་འཕྲོག༔ ཧཱུྃ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་བིགྷྣཱན་ཨ་པ་ན་ཡ་ཨ་པ་ན་ཡ་ཧཱུྃ་ཕཊ༔ སྨྱོ་བྱེད་ཐུན་རྫས་ཕྱག་རྒྱས་དབབ༔ གཤིན་རྗེའི་ཕོ་ཉས་ལྷ་དང་དབྱེ༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མགོན་སྐྱབས་འཚོ་བའི་ལྷ་དང་ཕྲོལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ གུ་གུལ་བྱ་འུག་དོང་རུས་དབྱེ༔ སླར་ཡང་དགུག་གཞུག་བཅིང་མྱོས་བྱ༔ རྟ་མཆོག་རོལ་པས་གཟུགས་ལ་དབབ༔ ཧཱུྃ༔ པདྨ་གསུང་གི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བླ་སྲོག་རྣམ་ཤེས་རྟེན་ལ་ཕོབ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་བིགྷྣཱན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ དཀར་ནག་ཉུངས་དང་ཕྱག་རྒྱས་དབབ༔ ཕུར་པས་འཆོར་མེད་བྱད་དུ་གཞུག༔ ཧཱུྃ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་བིགྷྣཱན་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ བྱད་ཐག་སྔོ་དམར་ཕྱག་རྒྱས་བསྡམ༔ སྲིད་པ་མ་མོས་སྨྱོ་རུ་གཞུག༔ ཧཱུྃ༔ རྦོད་གཏོང་མ་མོའི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ རིངས་པར་ཁུག་ལ་སྨྱོ་རུ་ཆུགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་བིགྷྣཱན་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་ཕུར་བུ་བདུག་བྲབ་བྱུག༔ ཧཱུྃ༔ ཁྲག་འཐུང་སྟོབས་རྫོགས་ཀཱི་ལ་ཡ༔ གུ་གུལ་དུད་པས་དབྱིངས་ནས་བཞེངས༔ ཉུངས་ཐུན་དྲག་པོའི་ལས་ལ་བསྐུལ༔ རཀྟ་འབར་བས་གཟི་བྱིན་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་མ་གུ་ཏ་ལ་པྲ་ཏ་ལ་རཀྟ་ཛྭ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཐལ་མོའི་བར་དུ་བཟུང༔ ཧཱུྃ༔ ལག་གཉིས་རིགས་ལྔ་ཡབ་ཡུམ་གྱི༔ སྦྱོར་མཚམས་འོད་ཀྱིས་བདེ་གཤེགས་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས༔ ཁམས་གསུམ་དུས་གཅིག་སྒྲོལ་བ་ཡི༔ མཐུ་རྩལ་བྱིན་དབང་ཡོངས་སུ་རྫོགས༔ ཨོཾ་བཛྲ་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་རང་གི་གནས་གསུམ་འདྲིལ༔ བདག་ཀྱང་བྱིན་རླབས་ནུས་ལྡན་བསམ༔ དྲག་སྔགས་བཟླ་ཞིང་ཚམ་རྔམ་བྱ༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་དུར་ཁྲོད་ནས༔ བཀའ་བརྒྱད་ལྷ་ཚོགས་དུས་ལ་བབ༔ ལྕགས་ཀྱུས་དགྲ་བགེགས་སྙིང་ནས་དྲོངས༔ རྡོ་རྗེ་ཕུར་བུས་རྡུལ་དུ་རློགས༔ སླར་ཡང་དྲག་པོའི་ཐུན་རྫས་དབབ༔ ཧཱུྃ༔ ཕུར་བུ་ཁྲག་འཐུང་ཕྲིན་ལས་རྫོགས༔ རཀྟ་རྦོད་གཏོང་མ་མོའི་ཐུན༔ ཡུངས་ཀར་ཁྲོ་རྒྱལ་སྟོབས་འདུས་རྫས༔ མཚེ་མདའ་གདུག་ཅན་དྲེགས་པའི་མཚོན༔ དུག་ཐུན་དྲག་སྔགས་གདུག་པའི་དབལ༔ མཚོན་ཐུན་བཀའ་སྡོད་ཕོ་ཉའི་ཤུགས༔ མདའ་རྡོ་དཔལ་གྱི་ཤུགས་འཆང་བས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ དྲག་སྔགས་བཟླ་ཞིང་ཐུན་རྣམས་བརྡེག༔ དེ་ནས་གདབ་ཀའི་ལས་དངོས་ནི༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ རཱུ་པ་དགྲ་བགེགས་དངོས་སུ་གསལ༔ ལྟ་བ་སྟོང་ཉིད་རྫོང་བཟུང་སྟེ༔ སྒོམ་པ་རྩེ་གཅིག་འཕྲང་ལ་བཤར༔ སྤྱོད་པ་སྙིང་རྗེ་ཁྲོས་པའི་སྲོག༔ ཚེ་ཁྲུས་གནས་ཀྱི་དགོངས་པར་སྦྱར༔ སྙིང་གར་་་ཧཱུྃ༔ བདག་ཉིད་དཔལ་ཆེན་སོགས་ཀྱིས།་་་བཏབ་པས་ཁ་སྦྱོར་དབྱེ༔ སླར་ཡང་དྲག་སྔགས་དང་བཅས་ཏེ༔ ལུས་གནད་ཀུན་ཏུ་ཁྱབ་པར་གདབ༔ རལ་གྲི་ལ་སོགས་མཚོན་ཆས་གཏུབ༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱི༔ རྣོ་ངར་ཡེ་ཤེས་རལ་གྲི་ཡིས༔ མ་རིག་སྒོ་ངའི་སྦུབས་དྲལ་ནས༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ སརྦ་ཤ་ཏྲཱུན་བིགྷྣཱན་ཙྪིནྡ་ཙྪིནྡ་མཱ་ར་ཡ་ཧཱུྃ་ཕཊ༔ མཆོད་བསྟོད་རྡོ་རྗེའི་གཏུན་དུ་བརྡུང༔ ཧཱུྃ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ དྲག་སྔགས་མཆོག་ཆེན་གཟར་བུས་བསྟབ༔ ཧཱུྃ༔ དམོད་པ་དྲག་སྔགས་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གཟུགས་ཕུང་རྔམས་པའི་ཞལ་དུ་ཐོབ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ༔ གསུམ་པ་ཟློག་པའི་ལས་རིམ་ལ༔ ཏིང་འཛིན་དམིགས་པའི་རིམ་པ་ནི༔ སླར་ཡང་རཱུ་པའི་ཆ་ཤས་དང༔ དམར་གྱི་ཕུད་ཆེན་ཟོར་ལ་སྦྲེང༔ ཧཱུྃ༔ ཁྲག་འཐུང་དྲག་པོའི་དཀྱིལ་འཁོར་ལྷ༔ ཤ་ཁྲག་དམར་གྱི་མཆོད་པ་བཞེས༔ ཟ་བའི་མཆེ་རྣོན་དགྲ་ལ་གཙིགས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་སྐྱེད༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ བྷྱོ་ཟློག་དྲག་པོའི་ལས་ལ་བཞེངས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་བསྐུལ་ཁྲག་འཐུང་འཁོར་བཅས་རྣམས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་འབར༔ ཞལ་ཕྱིར་གཟིགས་ནས་ཟློག་པའི་སྔགས༔ འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་པས༔ སྐུ་ལས་ཕོ་ཉ་འབར་བའི་མེ༔ གཡོ་བྱེད་རླུང་གི་ཤུགས་ཅན་འཕྲོས༔ བྱང་ཆུབ་སྒྲུབ་ལ་བར་ཆད་ཀུན༔ རྒྱ་མཚོའི་ཕ་མཐར་ཟློག་ཅིང་བསྐྲད༔ མིང་གི་ལྷག་མ་མེད་པར་བསམ༔ སྡང་མིག་གཟིར་ཞིང་ཐལ་མོ་བརྡབ༔ སྔགས་ཀྱིས་ཟློག་པ་མེ་ཕུང་ཤམ༔ བཛྲ་ཀརྨ་ཡཀྴ་སརྦ་དུཥྚཱན་ཨ་པ་ཀ་ར་ཛྭ་ལ་ཛྭ་ལ་རཾ་རཾ་ཡཾ་ཡཾ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ བརྒྱ་སྟོང་བཟླས་ཤིང་དམིགས་པ་གསལ༔ བྲིས་པས་ཟློག་པའི་ཙཀྲ་ནི༔ སྲུང་བའི་འཁོར་ལོ་ཇི་བཞིན་ལ༔ སྤེལ་ཚིག་ཟློག་པའི་ཤམ་བུ་སྦྱར༔ འཁོར་ལོས་སྒྱུར་བའི་སྔགས་ཀྱི་མལ༔ དྲག་སྔགས་རྒྱས་བསྡུས་གང་རིགས་དང༔ ཡང་ཟློག་ཉིང་ཟློག་ཤམ་དང་བཅས༔ སྔགས་མགོ་ནང་དུ་བསྟན་པ་ནི༔ དུག་ཤོག་དུག་ཁྲག་རྫས་ཀྱིས་བྲི༔ རབ་ཏུ་གནས་ལ་གཏོར་མར་འཛུགས༔ འཕང་བའི་དུས་སུ་མེ་ལ་སྦྱང༔ དེ་ནས་ཟློག་པའི་ལས་བཅོལ་ནི༔ དྲག་གཏོར་ལིང་རོ་ཆ་ཤས་ལ༔ སླར་ཡང་དགྲ་བགེགས་དགུག་བསྟིམ་བསྒྲལ༔ ཤ་ཁྲག་རུས་པ་ཚོགས་སུ་འབུལ༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ དབུས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ རིགས་བཞི་ཁྲོ་བཅུ་སྒོ་སྐྱོང་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ དགྲ་བགེགས་གདུག་པ་བསྒྲལ་པ་ཡི༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རོལ༔ ཞེ་སྡང་རུས་པའི་ཕུང་པོ་ཆོམས༔ གཏི་མུག་ཤ་ཡི་རི་བོ་བཞེས༔ འབར་ཞིང་འཁྲུགས་པའི་བརྟུལ་ཞུགས་སྐྱེད༔ བསྟན་དང་འགྲོ་ལ་འཚེ་བྱེད་ཅིང༔ རྣལ་འབྱོར་ལམ་གྱི་བར་ཆད་རྐྱེན༔ གཉིས་སྣང་འཁྲུལ་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་ཚོགས་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཕྱི་ནང་དྲང་སྲོང་དམོད་ཚིག་ཟློག༔ བན་བོན་མུ་སྟེགས་རིག་སྔགས་ཟློག༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ སྲ་བ་ས་ལ་མནན་པ་ཟློག༔ གཤེར་བ་ཆུ་ལ་གཏད་ཁྲོམ་ཟློག༔ འབར་བ་མེ་ལ་བསྲེགས་པ་ཟློག༔ གཡོ་བ་རླུང་འཁོར་བསྐོར་བ་ཟློག༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ ལོ་ཟླ་ཞག་དུས་ཀེག་སྲི་ཟློག༔ མི་ཁ་གླེང་གཞི་འཐབ་རྩོད་ཟློག༔ དངོས་ཉམས་རྨི་ལམ་ལྟས་ངན་ཟློག༔ ཕ་མེས་དུར་ཁ་བྱེ་བ་ཟློག༔ ལྷ་སྲུང་བདུད་དུ་བབས་པ་ཟློག༔ དཔྲལ་བའི་གཤེད་དུ་འཇུག་པ་ཟློག༔ ལྟག་པའི་བདུད་དུ་འཇབ་པ་ཟློག༔ གནམ་གྱི་འཇུ་ཐག་ཆད་པ་ཟློག༔ ས་ཡི་རྟེན་ཕུར་བུད་པ་ཟློག༔ སྣོད་ཀྱི་འཇིག་རྟེན་རྒུད་པ་ཟློག༔ འབྱུང་བཞི་གཡོ་ཞིང་འཁྲུགས་པ་ཟློག༔ སད་སེར་བཙའ་ཐན་མུ་གེ་ཟློག༔ དུས་ཚོད་དམན་ལྷག་ལོག་པ་ཟློག༔ བཅུད་ཀྱི་མི་དགེའི་རྣམ་རྟོག་ཟློག༔ མི་ཕྱུགས་ནད་ཡམས་གོད་ཀ་ཟློག༔ མཐའ་དམག་ཀླ་ཀློའི་རྒྱུ་འགྲུལ་ཟློག༔ བསྟན་སེལ་འཕུང་བཤིག་སྡེ་འཁྲུགས་ཟློག༔ རྩ་རླུང་ཐིག་ལེའི་གཡོ་འཁྲུགས་ཟློག༔ གཟུང་འཛིན་འཁྲུལ་པའི་གཉིས་སྣང་ཟློག༔ དབྱིངས་ཀྱི་རྗེ་མོ་གཡེལ་བ་ཟློག༔ འཇིག་རྟེན་མཁའ་འགྲོ་འཁྲུགས་པ་ཟློག༔ ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ འདོད་ཆགས་ལྷ་བུའི་བདུད་ཚོགས་ཟློག༔ ཞེ་སྡང་འཆི་བདག་རྔམས་པ་ཟློག༔ གཏི་མུག་ཉོན་མོངས་མུན་པ་ཟློག༔ ང་རྒྱལ་ཕུང་པོའི་བདུད་སྡེ་ཟློག༔ ཕྲག་དོག་བྱད་ཕུར་རྦོད་གཏོང་ཟློག༔ མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས༔ ཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་སྟེང་དུ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཉུངས་ཀར་བྲབ་ཅིང་ཐལ་མོ་བརྡབ༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཤར་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ཡང་དག་ཧེ་རུ་ཀ༔ ཡུམ་མཆོག་ཀྲོ་དྷཱི་ཤྭ་རཱི་མ༔ རིགས་བཞིའི་ཁྲག་འཐུང་ཡབ་ཡུམ་དང༔ ཀེའུ་སེང་སྒོ་སྐྱོང་དབང་མོ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ སོགས་འགྲེའོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡུམ་མཆོག་རྡོ་རྗེ་བེ་ཏཱ་ལི༔ གཤེད་ཆེན་འཆི་བདག་གདོང་ཅན་མ༔ གིང་བདུད་རྩིས་བཤན་ལ་སོགས་པ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་པདྨ་རྟ་མཆོག་དཔལ༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ རིགས་བཞི་ཕྲ་མེན་ཟིལ་གནོན་བརྒྱད༔ སྒོ་སྐྱོང་ཁམས་བརྒྱ་དམུས་ལོང་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ བྱང་ཕྱོགས་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་བཛྲ་ཀུ་མཱ་ར༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་རིགས་བཞི་ཁྲོ་རྒྱལ་བཅུ༔ སྒོ་སྐྱོང་ཕུར་བུའི་སྲུང་མ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཤར་ལྷོའི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཡུམ་ཆེན་ཉིད་བཞི་མུ་ཁ་ལེ༔ རྟག་རྒྱལ་རྗེ་མོ་སྨན་མོ་དང༔ སྒོ་སྐྱོང་ཁོར་ཡུག་ཕོ་ཉ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ལྷོ་ནུབ་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་རིག་འཛིན་རྡོ་རྗེ་ཆོས༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མ༔ རིགས་བཞི་གྲུབ་ཆེན་སྒོ་སྐྱོང་དང༔ མཁའ་འགྲོ་གིང་གི་ཚོགས་ལ་སོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ནུབ་བྱང་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དང༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་མ༔ དབང་ཕྱུག་ཆེ་སོགས་སྡེ་དཔོན་དང༔ གཏུམ་ཆེན་དྲེགས་བྱེད་དམག་གི་དཔུང༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་དང༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས༔ གསོད་བྱེད་སྡེ་བརྒྱད་གདུག་པའི་དཔུང༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ དཀྱིལ་འཁོར་ཆེན་པོའི་ཁོར་ཡུག་ནས༔ དབང་ཕྱུག་མཁའ་འགྲོ་གིང་ལངྐ་༔ འབར་མ་ས་བདག་མ་སྲིང་ཚོགས༔ ཕྱོགས་སྐྱོང་རྒྱལ་ཆེན་བརྟན་མ་སོགས༔ དཔལ་གྱི་བཀའ་སྡོད་འཁོར་བཅས་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་སརྦ་ཀརྨ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཚོམ་བུ་དགུ་ལྡན་དཀྱིལ་འཁོར་ཆེའི༔ གཙོ་མཆོག་དཔལ་གྱི་མཁའ་དབྱིངས་སུ༔ ཁམས་གསུམ་ཀུན་ན་རྩལ་ཆེ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ༔ འདབ་ཆགས་རྒྱལ་པོ་ག་རུ་ཌ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ ཟློག་སྒྱུར་སོགས༔ ཨོཾ་བཛྲ་ག་རུ་ཌ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ དེ་ལྟར་སོ་སོར་བསྐུལ་ཞིང་ཟློག༔ སླར་ཡང་དྲིལ་ཏེ་ཟློག་པ་ནི༔ ཧཱུྃ༔ ཁྲག་འཐུང་འདུས་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ཚོམ་བུ་དགུ་ལྡན་དཀྱིལ་འཁོར་ནས༔ ཞི་ཁྲོ་རབ་འབྱམས་འབར་བའི་སྐུ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡང་དག་ཁྲག་འཐུང་གཤིན་རྗེ་གཤེད༔ རྟ་མགྲིན་རྒྱལ་པོ་ཀཱི་ལ་ཡ༔ བླ་མེད་རིག་འཛིན་རྡོ་རྗེ་ཆོས༔ དྲེགས་པ་ཀུན་འདུལ་སྟོབས་ལྡན་ནག༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ལས་བྱེད་དཔལ་གྱི་བཀའ་སྡོད་དང༔ མཐུ་རྩལ་རྨད་བྱུང་ག་རུ་ཌ༔ འདུས་པ་ཆེན་པོའི་ལྷ་ཚོགས་རྣམས༔ ཟློག་སྒྱུར་སོགས༔ དྲག་སྔགས་མཐར༔ སརྦ་དུཥྚཱན་མ་ཧཱ་ཤ་རི་རཾ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ དེ་ནས་ཕྱི་ལྟར་སྒོ་གསུམ་གྱི༔ འགལ་རྐྱེན་གར་དགུའི་ཕྱག་རྒྱས་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་འདུས་པའི་ལྷ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཟློག་སྒྱུར་དྲག་པོའི་ལས་ལ་བཞེངས༔ སྒེག་པའི་སྐུ་མཆོག་ལྷུན་པོར་འགྱིང༔ དཔའ་བརྟུལ་གཟི་བརྗིད་ཉི་ལྟར་འབར༔ འཇིགས་རུང་སྲིད་ཞིའི་ཆེ་བཙན་ཆེའི༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལུས་ཀྱི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ལུས་ལ་ཟློག༔ ཧ་ཧར་རྒོད་པས་ས་གསུམ་གཡོ༔ བརླང་པོར་གཤེ་བའི་འབྲུག་སྟོང་ལྡིར༔ དྲག་ཤུལ་རྡོ་རྗེའི་སྔགས་ཀྱི་སྒྲའི༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ངག་གི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ངག་ལ་ཟློག༔ དམིགས་པ་མེད་པའི་སྙིང་རྗེ་ལས༔ རྔམས་པའི་གདངས་རྩལ་ཉི་ལྟར་ཤར༔ ཞི་བའི་དབྱིངས་ལས་མ་གཡོས་པའི༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཡིད་ཀྱི་ནད་གདོན་བར་ཆད་བགེགས༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ གནོད་བྱེད་དགྲ་བགེགས་ཡིད་ལ་ཟློག༔ དྲག་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་སརྦ་དུཥྚཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ནང་ལྟར་ཕུང་པོ་རིགས་ལྔར་ཟློག༔ ཧཱུྃ༔ གཟུགས་ཀྱི་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ སྣང་སྟོང་དབྱེར་མེད་ཧེ་རུ་ཀ༔ རྡོ་རྗེ་རྟག་པའི་ཕྱག་རྒྱར་ཟློག༔ ཚོར་བའི་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ ཚོར་སྟོང་དབྱེར་མེད་ཧེ་རུ་ཀ༔ རིན་ཆེན་ཉི་མའི་ཕྱག་རྒྱར་ཟློག༔ འདུ་ཤེས་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ མྱོང་སྟོང་དབྱེར་མེད་ཧེ་རུ་ཀ༔ པདྨ་གར་དབང་ཕྱག་རྒྱར་ཟློག༔ འདུ་བྱེད་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ རེག་སྟོང་དབྱེར་མེད་ཧེ་རུ་ཀ༔ རྟ་མཆོག་རོལ་པའི་ཕྱག་རྒྱར་ཟློག༔ རྣམ་ཤེས་ཕུང་པོ་ལ་བརྟེན་པའི༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན༔ རིག་སྟོང་དབྱེར་མེད་ཧེ་རུ་ཀ༔ རྡོ་རྗེ་སེམས་དཔའི་ཕྱག་རྒྱར་ཟློག༔ པཉྩ་ཀུ་ལ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ གསང་བ་ཉོན་མོངས་ཡེ་ཤེས་ཟློག༔ ཧཱུྃ༔ མ་རིག་ཉེས་པའི་རྩ་བ་སྟེ༔ ཉོན་མོངས་གཏི་མུག་རྣམ་རྟོག་ཀུན༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་ཟློག༔ འོད་གསལ་ཆེན་པོའི་ཕྱག་རྒྱས་ཐོབ༔ ཁེངས་ཤིང་རྔམས་པའི་འཛིན་པ་ཅན༔ ཉོན་མོངས་ང་རྒྱལ་རྣམ་རྟོག་ཀུན༔ མཉམ་ཉིད་ཡེ་ཤེས་ཀློང་དུ་ཟློག༔ སྒྱུ་མ་ལྟ་བུའི་ཕྱག་རྒྱས་ཐོབ༔ ཡུལ་ལ་སྲེད་ཅིང་ཞེན་པ་ཡི༔ ཉོན་མོངས་འདོད་ཆགས་རྣམ་རྟོག་ཀུན༔ སོར་རྟོག་ཡེ་ཤེས་ཀློང་དུ་ཟློག༔ བདེ་བ་ཆེན་པོའི་ཕྱག་རྒྱས་ཐོབ༔ མི་མཐུན་འགལ་བའི་རྣམ་པ་ཅན༔ ཉོན་མོངས་ཕྲག་དོག་རྣམ་རྟོག་ཀུན༔ བྱ་གྲུབ་ཡེ་ཤེས་ཀློང་དུ་ཟློག༔ རང་གྲོལ་ཆེན་པོའི་ཕྱག་རྒྱས་ཐོབ༔ གདུག་ཅིང་གཏུམ་ལ་འབར་བ་ཡི༔ ཉོན་མོངས་ཞེ་སྡང་རྣམ་རྟོག་ཀུན༔ མེ་ལོང་ཡེ་ཤེས་ཀློང་དུ་ཟློག༔ ཀ་དག་ཆེན་པོའི་ཕྱག་རྒྱས་ཐོབ༔ པཉྩ་ཛྙཱ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ མཐར་ཐུག་རྟོག་ཚོགས་ཆོས་སྐུར་ཟློག༔ ཧཱུྃ༔ འཁོར་འདས་ཆོས་ཀུན་གདོད་མ་ནས༔ སྟོང་ཆེན་མཁའ་ལྟར་རྣམ་པར་དག༔ དོན་གྱི་ཀུན་བཟང་ཧེ་རུ་ཀའི༔ ཐིག་ལེ་ཆེན་པོར་དབྱེར་མེད་ཀྱང༔ དེ་ཉིད་མ་རིག་འཁྲུལ་པ་ལས༔ བདག་དང་གཞན་དུ་རྣམ་པར་བརྟགས༔ ཉོན་མོངས་བག་ཆགས་རིམ་གྱིས་འཕེལ༔ འཇིགས་པའི་གདོན་དང་བཞི་བརྒྱའི་ནད༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ བར་ཆད་རྐྱེན་ངན་ཅིར་ཤར་ཡང༔ འཁྲུལ་པ་རྨི་ལམ་ལྟ་བུར་སྣང༔ སྣང་དུས་ཉིད་ནས་མ་གྲུབ་པས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་པ་ཉིད་ཀྱི་ངང་དུ་བྷྱོ༔ མཚན་མ་མེད་པའི་དབྱིངས་སུ་ཟློག༔ སྨོན་པ་མེད་པའི་མཁའ་ལ་སྟིམས༔ དུས་གསུམ་འགྱུར་བ་མེད་པ་ཡི༔ ཕྱག་རྒྱ་ཆེན་པོར་རྒྱས་ཐོབ་ཅིག༔ མ་ཧཱ་ཛྙཱ་ན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཨ་ཨ་ཨ༔ ཞེས་བརྗོད་དགོངས་པ་དབྱིངས་སུ་བཞག༔ རྟོག་པའི་ཕུང་པོ་བརྒྱད་ཁྲི་ཡང༔ བློ་འདས་ངང་དུ་ཟློག་གྱུར་ན༔ འགལ་རྐྱེན་ཙམ་ལ་སྨོས་ཅི་དགོས༔ དེ་ལྟར་ཁྱད་པར་ཟློག་པ་བཞི༔ དབང་བཞིའི་ལམ་དང་རྗེས་འབྲེལ་བའི༔ སྦས་དོན་ངེས་པའི་དགོངས་པ་སྟེ༔ གཞན་དུ་མ་བསྟན་སྙིང་ལ་ཕུར༔ ས་མ་ཡ༔ གཞན་ཡང་འཕྱང་དང་གཟེར་ཁ་རྣམས༔ རྒྱས་པར་སྤྲོ་ན་སྦྱར་དུ་རུང༔ འདིར་ནི་ཆེས་ཟབ་ཡང་ཟློག་དང༔ ཉིང་ཟློག་མན་ངག་རྒྱས་བསྡེབས་བསྟན༔ དེ་ལ་སྔགས་པ་ནང་རྒྱས་ནས༔ ཟློག་པ་སླར་ལོག་ཡང་ཟློག་བྱ༔ བདག་གི་ཐུགས་ནས་འོད་འཕྲོས་པས༔ ཕས་རྒོལ་ལྷ་སྲུང་དབང་མེད་བཀུག༔ ཟོར་ཆེན་དཀྱིལ་འཁོར་མཐའ་སྐོར་དུ༔ འདར་ཞིང་འདུད་པས་འཁོད་པར་བསམ༔ དུག་གཏོར་ཤ་ཁྲག་རཱུ་པ་ལ༔ བྱད་མ་དགུག་བསྟིམ་དྲག་ཏུ་བྱ༔ ཞལ་དུ་བསྟབས་པས་དབང་མེད་ཟོས༔ ཁྲོས་འཁྲུགས་ཞེ་སྡང་ངར་བསྐྱེད་བསམ༔ སརྦ་དེ་བ་པཱ་ལ་བིགྷྣཱན་ཤ་ཏྲཱུན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཉོན་ཅིག་ཕས་རྒོལ་གདུག་ཅན་ལ༔ འགོ་ཞིང་ལས་བྱེད་ལྷ་སྲུང་ཚོགས༔ དཔལ་ཆེན་ཧེ་རུ་ཀ་ཡི་བཀའ༔ རྡོ་རྗེའི་ཐ་ཚིག་སྙིང་ལ་གཟེར༔ ལས་ངན་སྡིག་ཅན་བྱད་མ་འདི༔ དང་པོ་ཞེ་སྡང་ཕ་ལས་བྱུང༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མ་གཏི་མུག་ལྟེ་བར་འཁོར༔ དུག་གསུམ་རིམ་གྱིས་བརྟས་པ་ལས༔ ང་རྒྱལ་ཕྲག་དོག་རླུང་ལྟར་འཚུབས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ ཉེས་མེད་སེམས་ཅན་སྡུག་ལ་སྦྱར༔ ཁྱད་པར་རྣལ་འབྱོར་བདག་ཅག་གི༔ དམ་ལས་འགལ་ཞིང་བཀའ་ལ་བརྐུས༔ བྱད་ཕུར་རྦོད་གཏོང་ངན་སྦྱོར་བརྩོན༔ བསྒྲལ་བའི་ཞིང་བཅུར་གྱུར་པས་ན༔ ཁྱེད་རྣམས་འགོ་ཞིང་སྐྱབས་བྱེད་ན༔ དཔལ་གྱི་བཀའ་ཆད་འབེབ་ཏ་རེ༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྐེ་ཁྲག་གཞིབ་ཅིང་ལུས་སྲོག་འཕྲོག༔ དེ་བས་དམ་ལས་མ་འགལ་བར༔ བྱད་མ་མཁན་གྱི་སྟེང་དུ་རྒྱུགས༔ རང་གཤེད་རང་གི་སྟེང་དུ་ཕོབ༔ རང་ཤ་ཟོ་ལ་རང་ཁྲག་འཐུངས༔ འཇིགས་པའི་ཆོ་འཕྲུལ་ལྟས་ངན་ཕོབ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ ཁ་ཕུང་རྗེས་ཤུལ་མེད་པར་གྱིས༔ སརྦ་དེ་བ་པཱ་ལ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་རྦད་རྦད༔ དེ་ནས་འཇམ་དཔལ་ཁྲག་འཐུང་ཚོགས༔ ཡང་ཟློག་དྲག་པོའི་ལས་ལ་བསྐུལ༔ ཧཱུྃ༔ ཁྲག་འཐུང་རོལ་པའི་ཕོ་བྲང་ཆེ༔ དུར་ཁྲོད་རབ་འཇིགས་གཞལ་མེད་ཁང༔ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ འཇམ་དཔལ་ཁྲག་འཐུང་གཤིན་རྗེའི་གཤེད༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ བྷྱོ་ཟློག་ཕྲིན་ལས་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ལོ་ཟླ་ཞག་དུས་གཤེད་ཀྱི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་སྤྲོས༔ ཕས་རྒོལ་ལྷ་སྲུང་ཚོགས་དང་བཅས༔ བྱད་ཕུར་རྦོད་གཏོང་སླར་ཟློག་པའི༔ མངོན་སྤྱོད་དྲག་པོའི་བརྟུལ་ཞུགས་སྐྱེད༔ རང་གཤེད་དྲག་པོ་རང་ལ་ཕོབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལྷ་སྲུང་བདུད་དུ་བབས་པ་དང༔ ཕྱི་ནང་འབྱུང་བ་དགྲ་གཤེད་ཀྱི༔ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན༔ ནད་གདོན་ཆག་ཆེ་ཉམ་ང་དང༔ བརྒྱད་དང་བཅུ་དྲུག་འཇིགས་པའི་ཚོགས༔ འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས༔ སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོ༔ གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ རང་ཤ་ཟོ་ལ་རང་ཁྲག་འཐུངས༔ ཡང་ཟློག་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོ༔ མ་ཎི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན་བྷྱོ༔ ཏིང་ཡ་རཀྴ་བྷྱོ༔ ཡ་མ་རཱ་ཛ་བྷྱོ༔ མཱ་ར་ཡ་ཀཱི་ལ་ཡ་བྷྱོ༔ དྲག་ཏུ་རྦད་ཅིང་བསྐུལ་པ་ཡིས༔ གཤིན་རྗེ་བྱད་མའི་ལྷ་སྲུང་བཅས༔ འཇིགས་པའི་ངར་བསྐྱེད་དམག་ལ་ཆས༔ རང་གི་མི་མཐུན་བཟློག་ཅིང་བསྒྱུར༔ ཕས་རྒོལ་ལྷག་མེད་བཅོམ་པར་བསམ༔ ཐལ་མོ་བརྡབ་ཅིང་དམོད་མོ་བྱ༔ གུ་གུལ་བདུག་ཅིང་ཐུན་གཏོར་འཕང༔ སླར་ཡང་ཕྱིར་ལོག་རྟགས་མཐོང་ན༔ ཡང་ཟློག་དམོད་པའི་སྦྱོར་བ་ནི༔ དྲེགས་འདུལ་གསང་བདག་ཧེ་རུ་ཀ༔ སྤྲུལ་པའི་ཕོ་ཉ་དང་བཅས་བསྐུལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འབུལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཁྲག་འཐུང་རོལ་པའི་ཕོ་བྲང་ཆེ༔ དུར་ཁྲོད་འཇིགས་པའི་གཞལ་མེད་ཁང༔ ནུབ་བྱང་མཚམས་ཀྱི་དཀྱིལ་འཁོར་ནས༔ གསང་བདག་དྲེགས་པ་ཀུན་འདུལ་ཆེ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ དགྲ་བགེགས་ཤ་ཁྲག་གཏོར་མ་རོལ༔ ཉིང་ཟློག་ཕྲིན་ལས་དུས་ལ་བབ༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི༔ སྲིད་གསུམ་གཡོ་ཞིང་འཁྲུགས་བྱེད་པ༔ སྔགས་རྒོད་ལོཀྟྲི་པཱ་ལ་ཆེ༔ འབུམ་ཕྲག་དམོད་པའི་དྲང་སྲོང་ཚོགས༔ དྲེགས་པའི་སྡེ་དཔོན་དཔུང་དང་བཅས༔ གློག་ལྟར་འཁྱུགས་ཤིང་ཐོག་ལྟར་ཕོབ༔ གདུག་ཅན་ཞིང་བཅུ་ཚང་བ་ཡི༔ བྱད་མ་བརླང་པོར་སྤྱོད་པ་ཡིས༔ སླར་ཡང་ཟློག་པའི་ལས་སྦྱོར་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ལུས་ཀྱི་ན་ཚ་བྱུང་བ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ སེམས་ཀྱི་རྣམ་གཡེང་སྡུག་བསྔལ་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཀུན༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དཔུང༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ ལྷ་སྲུང་བདུད་དུ་བབས་པ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ ཆག་ཆེ་ཉམ་ང་ཐན་ལྟས་ངན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ མོ་པྲ་རྨི་ལམ་དངོས་ཉམས་འཚུབས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ བན་བོན་སྔགས་པའི་མཐུ་གཏད་ཀུན༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ ཧོམ་དང་སྡེབ་གཤོར་སྤར་བུ་བསྐོར༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ སྣོད་བཅུད་རྒུད་ཅིང་འཁྲུགས་པའི་ཚོགས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོ༔ མདོར་ན་འགལ་རྐྱེན་མི་མཐུན་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ དགྲ་བགེགས་བྱད་མ་འཁོར་བཅས་རྣམས༔ བྷྱོ་ཟློག་དམོད་པའི་གད་མོས་ཐོབ༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་ནོན༔ རིག་སྔགས་རྒྱ་མཚོའི་རྦ་ལ་གཡེངས༔ དྲག་ཤུལ་སྟོབས་རྫོགས་མེ་ཡིས་སྲེགས༔ མི་བཟད་དྲག་སྔགས་རླུང་གིས་གཏོར༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསམ་ངན་སྦྱོར་རྩུབ་བྱད་མ་རྣམས༔ གཏོར་མ་འདི་དང་མཉམ་དུ་བཞེས༔ དྲག་ཤུལ་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་ལོཀྟྲི་པཱ་ལ་ནན༔ སཱ་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙིར་ཙར་ཙིར་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཀྲ་ཀོ་ཤ་ཡ་རྦད་ཀྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར་ནན༔ ཙི་དུ་སོད༔ ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་བརླག་བརླག༔ སརྦ་དུཥྚཱན་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ དམོད་མོ་འུར་ཞིང་ཐལ་མོ་བརྡབ༔ འབྱུང་བཞིའི་ཐུན་ཟོར་གནོད་ཕྱོགས་འཕང༔ བྱད་མ་ཇི་ལྟར་སྟོབས་ཆེ་ཡང༔ སྐད་ཅིག་ཉིད་ལ་བརླག་པར་འགྱུར༔ མཐར་ཐུག་ཡང་ཟློག་ཉིང་ཟློག་བཅས༔ མ་བྱུང་འབྱུང་དཀའི་རིག་སྔགས་ཆེ༔ ཟབ་ཅིང་འདྲིལ་བར་བསྟན་པའོ༔ ས་མ་ཡ༔ དེ་ལྟར་ཡང་ཟློག་ཉིང་ཟློག་ནི༔ ལས་ཀྱི་ཡན་ལག་གཙོ་བོ་སྟེ༔ གཞན་ཡང་བཛྲ་ཧེ་རུ་ཀས༔ གཟའ་ཀླུ་ས་བདག་ཆོ་འཕྲུལ་ཟློག༔ རྟ་མཆོག་རོལ་པས་རྒྱལ་བསེན་ཟློག༔ ཕུར་པས་བར་ཆད་ཐམས་ཅད་ཟློག༔ མ་མོས་ནད་རིམས་དལ་ཡམས་ཟློག༔ རིག་འཛིན་མཁའ་འགྲོའི་བསུན་མ་ཟློག༔ དྲག་སྔགས་མཐུ་གཏད་མནན་པ་ཟློག༔ རྡོ་རྗེ་ཁྱུང་གིས་ལྟས་ངན་ཟློག༔ བཀའ་སྡོད་ཕོ་ཉས་རྐྱེན་ཟློག་པའི༔ ལས་ཀྱི་མདེ་ཁ་ཅི་རིགས་སྦྱར༔ རྣོ་ལ་ངར་གྱིས་བཏགས་བཞིན་འགྱུར༔ ས་མ་ཡ༔ དེ་ལྟར་ལས་ཀྱི་རྩ་བ་གསུམ༔ ཟབ་ཅིང་འདྲིལ་བར་རབ་བསྟན་ནས༔ ཡན་ལག་ལས་ཀྱི་རྗེས་བསྡུ་བ༔ སྲུང་བའི་མཐའ་སྡུད་མནན་པའི་གཟེར༔ དགྲ་བགེགས་རཱུ་པ་ཚུལ་བཞིན་བྲི༔ ཐུན་རྫས་དང་བཅས་ཐོད་ངན་གཞུག༔ ཕུང་རེས་དྲིལ་ཞིང་རྩང་ཕུར་གཟེར༔ ཧོམ་དུ་གཞུག་ཅིང་དགུག་བསྟིམ་བསྒྲལ༔ ལྷ་རྟེན་དྲག་པོ་གནས་པ་འམ༔ གནམ་ས་གྲུ་གསུམ་ལམ་རྒྱ་གྲམ༔ མཚོ་གཉན་ལ་སོགས་འཇིགས་པའི་སར༔ བྲུབ་ཁུང་ནང་གཞུག་དགུག་གཞུག་བཅིང༔ གཤིན་རྗེ་ཆུ་སྲིན་གྲེ་བར་གཏད༔ ནམ་ཡང་འཆོར་བ་མེད་པར་བསམ༔ མེ་ཆུ་ས་ཡིས་རྒྱས་གདབ་ཅིང༔ ལས་མཇུག་རྡོ་རྗེའི་བྲོ་ཡིས་བསྡུ༔ དེས་ནི་སྲུང་བའི་ལས་མཐར་ཕྱིན༔ བར་དུ་གཅོད་པའི་སྐབས་བྲལ་འགྱུར༔ ས་མ་ཡ༔ བསད་པའི་ལས་ཀྱི་མཐའ་བསྡུ་བ༔ ཧོམ་ལ་བརྟེན་ནས་སྲེག་པའི་གཟེར༔ དྲག་པོའི་ས་ལ་སྟེགས་བུ་བྱ༔ མཚན་ཉིད་རྫོགས་པའི་ཐབ་ཁུང་དུ༔ གདུག་པའི་ཤིང་བརྩིགས་མེ་སྤར་ལ༔ ལས་རིམ་རྒྱས་པར་བྱ་བ་འམ༔ གློ་བུར་སྲེག་པའི་ལས་སྒྲུབ་ན༔ འབར་བའི་དབུས་སུ་སྐད་ཅིག་གིས༔ དཔལ་ཆེན་ལྷ་ཚོགས་གསལ་བར་བསྐྱེད༔ ཡེ་ཤེས་སྤྱན་དྲངས་བཞུགས་སུ་གསོལ༔ ཕྱག་འཚལ་བྱོན་སྐྱེམས་འབུལ་བ་དང༔ མཆོད་ཅིང་བསྟོད་པ་ཅི་རིགས་མཐར༔ ཚ་བའི་མར་ཁུ་ཡམ་ཤིང་འབུལ༔ རཱུ་པ་དགྲ་བགེགས་གསལ་ཞིང་དགུག༔ གདབ་ཀའི་རིམ་པ་གང་འོས་དང༔ སྔར་བསྒྲལ་ལིང་རོ་རཱུ་པ་སོགས༔ དུམ་བུར་གཏུབས་ཤིང་དྲག་རྫས་བསྲེས༔ དྲག་སྔགས་མེ་ཕུང་འབར་བའི་ཤམ༔ སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ད་ཧ་ད་ཧ་པ་ཙ་པ་ཙ་རཾ་ཛྭ་ལ་མཱ་ར་ཡ་ཕཊ༔ བརྒྱད་ཚན་རེ་རེའི་ཐ་མ་རུ༔ སྤེལ་ཚིག་དམོད་མོ་དང་བཅས་པ༔ དྲུག་ཅུ་རྩ་བཞི་རྫོགས་པར་བསྲེག༔ མཐར་ནི་གཤེགས་སྐྱེམས་མཆོད་བསྟོད་བྱ༔ འདོད་དོན་གསོལ་ཞིང་ནོངས་པ་བཤགས༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་པ༔ འབར་ཞིང་འཁྲུགས་པའི་མེ་ལྕེ་ཡིས༔ དགྲ་བགེགས་ལྷག་མེད་བསྲེགས་པར་བསམ༔ མེ་ཟོར་བརྐྱང་སོགས་གང་འཐད་བྱ༔ དེ་ནས་དུག་ཁྲག་ཆུ་ཡིས་གཞིལ༔ ཐལ་བ་ལྷ་རྟེན་དྲག་པོའི་འོག༔ གཏད་པས་བསད་ལས་མཐར་ཕྱིན་འགྱུར༔ ས་མ་ཡ༔ ཟློག་པའི་མཐའ་སྡུད་འཕང་བ་ལ༔ བརྟེན་པ་ཟོར་གྱི་གཟེར་ཁ་ནི༔ ཕྱིར་ཟློག་རྟགས་མཚན་ཐོན་པ་ན༔ དྲག་སྔགས་མཐར༔ ཛཿཧཱུྃ་བཾ་ཧོ༔ ཟོར་ཆེན་རྫས་ཀྱི་ཡེ་ཤེས་པ༔ བདག་ཉིད་དཔལ་གྱི་ཐུགས་ཀར་ཐིམ༔ ཁམས་གསུམ་ཆེ་བཙན་འགྲན་མེད་པའི༔ བྱིན་རླབས་གཟི་བརྗིད་འབར་བར་བསམ༔ སྒོ་དབྱེ་ཕྱེ་བའི་རྒྱ་དང་བཅས༔ ཧཱུྃ༔ བྱམས་པ་ཚད་མེད་ལྕགས་ཀྱུ་མས༔ ཟོར་ཆེན་དཀྱིལ་འཁོར་ཤར་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ཤར་ཕྱོགས་དགྲ་བགེགས་རྡུལ་དུ་རློགས༔ ཛཿབཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ སྙིང་རྗེ་ཚད་མེད་ཞགས་པ་མས༔ ཟོར་ཆེན་དཀྱིལ་འཁོར་ལྷོ་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ལྷོ་ཕྱོགས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དགའ་བ་ཚད་མེད་ལྕགས་སྒྲོག་མས༔ ཟོར་ཆེན་དཀྱིལ་འཁོར་ནུབ་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ ནུབ་ཕྱོགས་དགྲ་བགེགས་རྡུལ་དུ་རློགས༔ བཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ བཏང་སྙོམས་ཚད་མེད་དྲིལ་བུ་མས༔ ཟོར་ཆེན་དཀྱིལ་འཁོར་བྱང་སྒོ་ཕྱེས༔ ཁྲག་འཐུང་ལྷ་ཚོགས་གཟི་བྱིན་སྐྱེད༔ བྱང་ཕྱོགས་དགྲ་བགེགས་རྡུལ་དུ་རློགས༔ ཧོཿབཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཐུགས་དམ་བསྐུལ་ཞིང་ཆད་ཐོ་བསྒྲག༔ དྲག་སྔགས་བཟླ་ཞིང་ཟོར་རྫས་བཅས༔ གོམ་པ་བདུན་ཅུའི་བར་དུ་དཔག༔ ཟོར་ལམ་བསྟན་ཅིང་འཕང་སར་ཁྱེར༔ གསེར་སྐྱེམས་བཏང་ཞིང་འཕྲང་བསལ་ནས༔ དམིགས་རྟེན་འབེམ་དུ་བཅས་པ་ལ༔ དགྲ་བགེགས་དགུག་བསྟིམ་དངོས་སུ་གསལ༔ དེ་ལ་ཟོར་རྣམས་རིམ་པར་འཕང༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་མཐུ་སྟོབས་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་ངང༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ དྲག་ཤུལ་གར་གྱིས་ས་གསུམ་གཡོ༔ འཇིགས་པའི་གད་མོས་རི་རབ་བསྒྱེལ༔ སྙིང་རྗེ་ཁྲོས་པས་དགྲ་བགེགས་གསོད༔ སྤྲུལ་པའི་ཕོ་ཉ་སེར་ལྟར་འདྲིལ༔ ཟོར་རྫས་མཚོན་ཆའི་ཆར་ཆེན་འབེབ༔ སྡང་དགྲ་གནོད་བགེགས་ཐལ་བར་རློག༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱི༔ སྟོབས་ཆེན་འདུས་པ་རྡོ་ཡི་ཟོར༔ དགྲ་བགེགས་ཀླད་པའི་དཀྱིལ་དུ་ཡཱ༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློགས༔ པདྨ་གསུང་གི་ལྷ་ཚོགས་ཀྱི༔ དྲག་སྔགས་འདུས་པ་མཚེ་ཡི་ཟོར༔ དགྲ་བགེགས་རྣ་བའི་དཀྱིལ་དུ་ཡཱ༔ ཐོས་པའི་སྒོ་ལ་ཕྱག་རྒྱས་ཐོབ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱི༔ ནུས་རྩལ་འདུས་པ་དུག་གི་ཟོར༔ དགྲ་བགེགས་སྙིང་གི་དཀྱིལ་དུ་ཡཱ༔ རྟོག་ངན་འོད་གསལ་ཐིག་ལེར་སྟིམས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི༔ གཟི་བྱིན་འབར་བ་གཏོར་མའི་ཟོར༔ དགྲ་བགེགས་ལྟེ་བའི་དཀྱིལ་དུ་ཡཱ༔ མཐུ་སྟོབས་ནུས་པ་ཐལ་བར་རློག༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཀྱི༔ ཐལ་འབྱིན་འབིག་པ་ཕུར་བུའི་ཟོར༔ དགྲ་བགེགས་གསང་བའི་དཀྱིལ་དུ་ཡཱ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ མ་མོ་རྦོད་གཏོང་ལྷ་ཚོགས་ཀྱི༔ དལ་ཡམས་འདུས་པ་ཁྲག་གི་ཟོར༔ དགྲ་བགེགས་ཡུལ་གྱི་སྟེང་དུ་ཡཱ༔ ནད་རིམས་གདུག་པའི་ཆར་ཆེན་ཕོབ༔ རིག་འཛིན་འདུས་པའི་ལྷ་ཚོགས་ཀྱི༔ ནུས་སྟོབས་རི་རབ་ཀོང་གི་ཟོར༔ དགྲ་བགེགས་རྟེན་གྱི་མཁར་ལ་ཡཱ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་ཤིགས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱི༔ གནོད་གདུག་ཆེན་པོ་མདའ་ཡི་ཟོར༔ དགྲ་བགེགས་མིག་དང་ལྕེ་ལ་ཡཱ༔ ལྟ་དང་སྨྲ་བའི་རྒྱུན་ལམ་ཆོད༔ དམོད་པ་དྲག་སྔགས་ལྷ་ཚོགས་ཀྱི༔ ཤུགས་སྒྲོལ་ཆེན་པོ་མཚོན་ཆའི་ཟོར༔ དགྲ་བགེགས་ལྔ་ཕུང་ཀུན་ལ་ཡཱ༔ དུམ་བུར་གཏུབས་ཤིང་ཕྱེ་མར་ཐོངས༔ དྲག་པོ་ཟོར་གྱི་རྡོ་རྗེའི་ཐོག༔ དགྲ་བགེགས་གནོད་བྱེད་སྟེང་དུ་ཕོབ༔ ཁ་ཕུང་ཐོངས་ལ་རྗེས་མེད་ཤིགས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ དྲག་སྔགས་བཟླ་ཞིང་དགྲ་ཕྱོགས་འཕང༔ རྔམ་པའི་སྟབས་དང་ཕྱག་རྒྱ་སྒྱུར༔ དཔལ་གྱི་ཟོར་ཆེན་དམ་ཚིག་པ༔ རང་ཐིམ་གཟི་བྱིན་ནུས་སྟོབས་འབར༔ སླར་ཡང་ཁྲོ་བོའི་དམག་ཚོགས་དང༔ ཟོར་རྫས་མཚོན་གྱི་རྣོ་ངར་བཅས༔ དགྲ་བོའི་སྟེང་དུ་གློག་ལྟར་འཁྱུག༔ རྗེས་ཤུལ་ལྷག་མེད་བཅོམ་པར་བསམ༔ ཧཱུྃ་ཧཱུྃ༔ ཞི་བ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང༔ བདུད་འདུལ་ཡེ་ཤེས་ཁྲག་འཐུང་རོལ་པའི་ལྷ༔ ཟུང་འཇུག་ཀློང་དགུའི་དཀྱིལ་འཁོར་རབ་འབྱམས་དང༔ དཔལ་གྱི་བཀའ་སྡོད་མཐུ་རྩལ་ག་རུ་ཌ༔ གཙོ་འཁོར་སྤྲུལ་པ་བྲན་དང་ཕོ་ཉའི་ཚོགས༔ དེ་རིང་དྲག་པོ་ཟོར་གྱི་ལས་ལ་བཞེངས༔ མི་བཟད་འབར་བ་ཆེན་པོའི་གཟི་བྱིན་སྐྱེད༔ ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཉམ་ང་ཀུན༔ སངས་རྒྱས་བསྟན་པ་བཤིགས་པའི་སྤྱི་དགྲ་དང༔ རྣལ་འབྱོར་ཐད་དུ་ལངས་པའི་སྒོས་ཀྱི་དགྲ༔ གནས་སྐབས་མཐར་ཐུག་གནོད་ཅིང་འཚེ་བའི་བགེགས༔ བདུད་བཞིའི་དམག་ཚོགས་ཕྱི་ནང་ཉེར་འཚེའི་རྐྱེན༔ བདུད་བཞིའི་དཔུང་དང་བཅས་པའི་སྟེང་དུ་ཟློག༔ སྡང་བྱེད་དགྲ་བོ་བྱད་མ་རྩད་ནས་ཆོད༔ གནོད་བྱེད་བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ མི་ལྡོག་ཡེ་ཤེས་ཕྱག་རྒྱའི་གཟེར་ཆེན་ཐོབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ དྲག་སྔགས་འུར་ཞིང་སྒྱོགས་སུ་འཕང༔ དྲག་པོའི་སྒྲ་ཡི་ཚམ་རྔམ་དང༔ ཐལ་མོ་བརྡབ་ཅིང་སྟངས་སྟབས་སྒྱུར༔ དགྲ་བགེགས་རྡུལ་དུ་བརླག་པར་བསམ༔ དགོངས་པའི་གདིང་བསྐྱེད་ལྟ་སྟངས་གཟིར༔ ཕྱི་ལམ་གཅོད་ཅིང་བརྟན་མ་བསྐྱང༔ སྒོ་དྲུང་དམ་སྲི་རྗེས་འབྲངས་མནན༔ ནང་དུ་ཚེ་འགུགས་དངོས་གྲུབ་གསོལ༔ གཏང་རག་ལ་སོགས་ལས་ཀྱི་རིམ༔ ཕྲིན་ལས་བཞིན་དུ་མཐར་དབྱུང་ངོ༔ ས་མ་ཡ༔ ༔ྈ རྒྱ་གར་སྐད་དུ༔ ཧེ་རུ་ཀ་སརྦ་ཏ་ཐཱ་ག་ཏ་སཾ་གྲ་ཧ་ཏནྟྲ་པྲ་གརྦྷ༔ བོད་སྐད་དུ༔ ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུད་ཀྱི་ཡང་སྙིང༔ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་ཀུན་གདོད་ནས་དག་པའི་མཁའ༔ ཀློང་དགུའི་དབྱིངས་ཀྱི་ཕོ་བྲང་ཆེར༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀས༔ ཉིད་ལས་མི་གཞན་འཁོར་རྣམས་ལ༔ རྡོ་རྗེའི་སྔགས་རྒྱུད་རྟག་ཏུ་གསུངས༔ དེ་ཚེ་གནམ་ཞལ་ཙཎྜ་ལཱིས༔ དགྱེས་པ་བསྐྱེད་ནས་སླར་ཡང་ཞུས༔ ཨེ་མ་ཁྱབ་བདག་དཔལ་ཆེན་པོ༔ རྒྱུད་དོན་སྙིང་པོ་ཇི་ལྟར་ལགས༔ དེ་སྐད་གསོལ་བའི་དོན་དགོངས་ནས༔ ཆོས་ཉིད་རང་སྒྲས་བཀའ་བསྩལ་པ༔ ངོ་བོས་དག་པ་གཞི་ཡི་རྒྱུད༔ གློ་བུར་དག་བྱེད་ལམ་གྱི་རྒྱུད༔ དག་པ་མཐར་ཕྱིན་འབྲས་བུའི་རྒྱུད༔ གསུམ་གྱིས་རྒྱུད་དོན་ཐམས་ཅད་བསྡུས༔ དེ་ལས་རྟོགས་ཤིང་གོམས་པའི་ལམ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ དཀྱིལ་འཁོར་ཆེན་པོ་རྣམ་པ་བཞིར༔ ཕན་པའི་དབང་དང་ནུས་པའི་དབང༔ ཟབ་མོའི་དབང་བཞི་རིམ་པར་བླང༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་དག་པས་གཞི་བཟུང་སྟེ༔ འཁོར་འདས་ཆོས་ཀུན་བདེན་པ་གཉིས༔ དབྱེར་མེད་ཆེན་པོར་གཏན་ལ་དབབ༔ སྣང་དང་ཞེན་པ་སྦྱང་བའི་ཕྱིར༔ རིམ་གཉིས་ཏིང་འཛིན་རྩེ་གཅིག་བསྒོམ༔ ཉམས་དང་དྲོད་དང་རྟགས་རྣམས་ནི༔ སྤྱོད་པ་གསུམ་གྱིས་བསྟན་པར་བྱ༔ བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིས༔ ཐུན་མོང་མཆོག་གི་དངོས་གྲུབ་ལེན༔ དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེས༔ འདའ་དཀའི་ཐུགས་དམ་བརྟན་ཅིང་བསྐུལ༔ གླུ་གར་ཕྱི་ནང་གསང་རྨད་བྱུང༔ བསྟོད་པའི་མཆོད་པས་དགྱེས་པ་བསྐྱེད༔ བཀོད་པ་སྤྲོ་བསྡུ་མཁའ་མཉམ་པའི༔ བསྙེན་སྒྲུབ་ལས་ཀྱི་བཟླས་པར་བརྩོན༔ གྲུབ་པ་ཞི་རྒྱས་དབང་དྲག་དང༔ མཆོག་གི་ཕྲིན་ལས་དོན་ལ་སྦྱར༔ དེ་ལྟར་ཤེས་པའི་རྣལ་འབྱོར་པ༔ ཧེ་རུ་ཀ་ཡི་གདུང་འཛིན་ཏོ༔ བརྗོད་འབྲེལ་དགོས་པ་ཕུན་ཚོགས་པའི༔ རྒྱུད་ཀྱི་སྙིང་པོ་འདི་ཁོ་ན༔ རང་ཤར་རོལ་པའི་འཁོར་གྱིས་ཟུངས༔ མ་འོངས་དོན་དུ་སྣང་བར་གྱིས༔ ཞེས་གསུངས་ཐིག་ལེ་ཆེན་པོར་འཁྱིལ༔ དཔལ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཡང་སྙིང་གི་རྒྱུད་རྫོགས་སོ༔ ས་མ་ཡ༔ དེ་ནས་གསང་ཆེན་བཤད་བྱ་བ༔ རིག་འཛིན་བཛྲ་པྲ་དྷརྨཱས༔ རྒྱུད་དོན་ཉམས་སུ་ལེན་པའི་ལུང༔ དགྱེས་པ་ཆེན་པོས་འདི་སྐད་གསུངས༔ ཨེ་མ་འདུས་པའི་འཁོར་རྣམས་ཉོན༔ མ་འོངས་ཕྱི་མ་ཕྱི་མའི་དུས༔ སྨིན་ཅིང་དག་པའི་རྣལ་འབྱོར་པས༔ དཔལ་མཆོག་བདེ་ཆེན་རྡོ་རྗེའི་ཚིག༔ རྒྱུད་གསུམ་ཡན་ལག་དང་བཅས་པ༔ རྣལ་འབྱོར་ལྔ་ཡིས་བསྒྲུབ་པར་བྱ༔ བསྒྲུབ་བྱའི་ལྷ་ནི་སེམས་ཡིན་ཏེ༔ སེམས་ཉིད་དོན་གྱི་ལྷ་སྐུར་བཞུགས༔ དེ་ཉིད་ལམ་དུ་བསླང་བའི་ཕྱིར༔ རྟགས་ཀྱི་ཕྱག་རྒྱ་གསལ་གདབ་ཅིང༔ ཏིང་འཛིན་རྩེ་གཅིག་གཟེར་ཆེན་གདབ༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ སྐུ་ཡི་རྡོ་རྗེའི་དངོས་གྲུབ་འགྱུར༔ སྒྲུབ་པའི་གཞུང་བསྲང་བཀོད་དང་ཁྱོགས༔ སྤྲོ་བསྡུས་ལས་སྦྱར་ཅིར་སྣང་ཀུན༔ ལྷ་དང་སྔགས་ཀྱི་རྒྱས་བཏབ་པས༔ གསུང་གི་རྡོ་རྗེའི་དངོས་གྲུབ་འགྱུར༔ རྡོ་རྗེའི་རླུང་བཟླས་སེམས་ལ་དམིགས༔ སྒྱུ་མར་བལྟ་ཞིང་འོད་གསལ་བསྡུ༔ ཟུང་འཇུག་ཆེན་པོའི་རྩལ་སྦྱངས་པས༔ ཐུགས་ཀྱི་རྡོ་རྗེའི་དངོས་གྲུབ་འགྱུར༔ དད་དང་བརྩོན་འགྲུས་བརྟུལ་ཞུགས་ཅན༔ ཕན་ནུས་ཟབ་མོའི་དབང་གི་ཆུས༔ སྦྱངས་ཤིང་སྨིན་པའི་ཐབས་ཆེན་པོས༔ ཡོན་ཏན་རྡོ་རྗེའི་དངོས་གྲུབ་འགྱུར༔ ཞི་རྒྱས་དབང་གི་སྦྱོར་བ་དང༔ ཁྱད་པར་གདུག་ཅིང་གཏུམ་པའི་ཡུལ༔ ལས་དྲུག་སྒོ་ནས་ཚར་བཅད་པས༔ ཕྲིན་ལས་རྡོ་རྗེའི་དངོས་གྲུབ་འགྱུར༔ དེ་ཡིས་ཐུན་མོང་ལས་ཀུན་འགྲུབ༔ མཆོག་ཏུ་རིག་འཛིན་རྣམ་པ་བཞིས༔ སློབ་པའི་ཟུང་འཇུག་མཐར་ཕྱིན་ནས༔ མི་འགྱུར་རྟག་པའི་དངོས་གྲུབ་འགྱུར༔ དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ནར་སྒྲུབ་པར་གྱིས༔ ཞེས་གསུངས་རིག་འཛིན་འདུས་པའི་འཁོར༔ ཤིང་དུ་དགྱེས་པས་ཡི་རང་ངོ༔ ས་མ་ཡ༔ དེ་ལྟར་ཟབ་རྒྱས་རྒྱུད་ཀུན་དང༔ ཁྱད་པར་སྙིང་པོའི་རྒྱུད་ལུང་འདི༔ དཔལ་ཆེན་དགྱེས་པས་བྱིན་བརླབས་ཤིང༔ ཀུན་འདུས་རིག་འཛིན་པདྨ་ལས༔ བོད་ཀྱི་རྣལ་འབྱོར་བདག་གིས་ཐོབ༔ དཔེ་རྒྱུད་རྒྱས་པར་བྲིས་པའི་གཞུང༔ གཞན་དུ་སྤེལ་བར་བློས་མ་ཐོངས༔ སྒྲུབ་སྡེ་སྙིང་པོའི་བསྟན་པའི་བཙས༔ ལྷ་རྩེའི་བྲག་ལ་གཏེར་དུ་གཏམས༔ སྙན་བརྒྱུད་སྙིང་པོའི་མན་ངག་འདི༔ ང་སྤྲུལ་སྒྱུ་མའི་སྐྱེས་བུའི་དོན༔ ཀློང་གསལ་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་བརྡས་མཚོན་ཏེ༔ དགོངས་པས་བྱིན་བརླབས་གཏེར་དུ་བརྡོལ༔ རྩོལ་བ་མེད་པར་གཏན་ཕབ་ནས༔ རང་གཞན་དོན་གཉིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ སླར་ཡང་ཡིད་ཆེས་སྤྲོ་བའི་ཕྱིར༔ ངེས་ཤེས་སྐྱེད་པའི་ལུང་བྱང་ནི༔ དུས་གསུམ་མཁྱེན་པ་པདྨ་ཡིས༔ རྡོ་རྗེའི་གསུང་ལས་འདི་སྐད་དུ༔ ཞི་བ་ཐུགས་རྗེ་ཆེན་པོ་དང༔ དྲག་པོ་ཁྲོ་རྒྱལ་རྟ་མགྲིན་གཉིས༔ དབྱེར་མེད་གཅིག་ཏུ་སྤྲུལ་པ་ལས༔ སྐུ་ཡི་ཆ་ལུགས་ཞི་མ་ཁྲོ༔ མདོག་སྨུག་དྲི་ཞིམ་སྨེ་བས་བརྒྱན༔ རང་རྒྱུད་དལ་ཞིང་རིག་རྩལ་ཆེ༔ མ་ངེས་སྤྱོད་པ་སྣ་ཚོགས་སྐྱོང༔ ནང་རྟགས་ཡ་མཚན་སྟོན་པ་འབྱུང༔ ཞེས་དང་དེ་བཞིན་གཞན་ལས་ཀྱང༔ འོལ་བ་ཞེས་བྱའི་ཤར་མདུན་དུ༔ བརྩོན་འགྲུས་ཞེས་བྱའི་སྐྱེས་བུ་འབྱུང༔ དེ་ནི་ང་ཡི་ཐུགས་སྤྲུལ་ཡིན༔ ཞེས་དང་པདྨའི་སྤྲུལ་པ་ནི༔ ཐང་སྟོང་པ་ཞེས་བྱ་བ་འབྱུང༔ དེ་དུས་བོད་ཁམས་ཅུང་ཟད་བདེ་༔ ཕན་བདེའི་སྣང་བ་ཐེངས་གཅིག་འབྱུང༔ ཞེས་དང་ང་སྤྲུལ་ཐང་སྟོང་པས༔ ཆུ་བོ་ཆེ་ལ་ལྕགས་ཟམ་འཛུགས༔ མཐའ་དབུས་ས་གནད་མི་བཙའ་གསོ༔ རྒྱལ་ཁམས་དགེ་བའི་ལས་ལ་བཀོད༔ ཀླ་ཀློའི་མུན་གླིང་དཀར་པོར་བསྒྱུར༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་སོགས་རྒྱ་ཆེར་ཡང་ཡང་གསུངས༔ ཇི་སྐད་ལུང་གིས་བསྟན་པ་ལྟར༔ མེ་ཉག་རིག་འཛིན་ལྡང་གི་བུ༔ བོད་ཀྱི་རྣལ་འབྱོར་བརྩོན་འགྲུས་བདག༔ འོལ་བ་ལྷ་རྩེའི་ཤར་གྱི་ཆར༔ སྐྱེས་ཙམ་ཉིད་ནས་དགེ་མཚན་དང༔ ངོ་མཚར་ཆོ་འཕྲུལ་དུ་མ་བྱུང༔ དྲན་པས་ཟིན་ནས་ཆོས་སྣང་སྐྱེས༔ པཎ་གྲུབ་བླ་མ་ལྔ་བརྒྱ་བསྟེན༔ ཐོས་བསམ་སྒྲོ་འདོགས་ཡིན་ལུགས་བཅད༔ རྩེ་གཅིག་བསྒོམས་པས་དྲོད་རྟགས་དབྱུང༔ རྒྱ་གར་རྒྱ་ནག་བལ་པོ་མོན༔ བོད་ཁམས་ཀུན་ཏུ་བརྟུལ་ཞུགས་སྤྱད༔ ནད་མུག་མཚོན་འཁྲུགས་བཅད་ཅིང་བསྡུམས༔ སྣོད་བཅུད་རྒུད་པ་ཐམས་ཅད་གསོས༔ མཐའ་དབུས་དགེ་བཅུའི་ཁྲིམས་ལ་སྦྱར༔ ས་གནད་མེ་བཙའ་མང་དུ་གསོས༔ ཧོར་དམག་ཟློག་ཅིང་ཀླ་ཀློ་བཏུལ༔ ཆུ་བོ་ཆེ་ལ་ལྕགས་ཟམ་བཙུགས༔ བྱང་ཆུབ་རྒྱུན་ལམ་བདེ་བར་བསྒྲུབས༔ ཁྱད་པར་རྔ་ཡབ་གླིང་དུ་ཕྱིན༔ ཟངས་མདོག་དཔལ་རིའི་ཕོ་བྲང་དུ༔ པདྨ་ཧེ་རུ་ཀ་དཔལ་མཇལ༔ སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི༔ དབང་དང་གདམས་ངག་རྒྱ་ཆེར་བསྩལ༔ ཁྲག་འཐུང་འདུས་པའི་ལྷ་ཚོགས་མཐོང༔ བྱིན་གྱིས་བརླབས་ཤིང་སྔགས་རྒྱུད་གཏད༔ ཡེ་ཤེས་མཁའ་འགྲོས་དངོས་དབང་བསྩལ༔ ནང་གི་ས་ལམ་སྐད་ཅིག་བགྲོད༔ སྟོན་པ་རྡོ་རྗེ་སེམས་དཔའ་ལས༔ འབྲས་བུ་རྫོགས་པ་ཆེན་པོ་ཐོབ༔ སེང་ལྡེང་འཁྲིགས་པའི་ནགས་ཁྲོད་དུ༔ ཛྙཱ་ན་ཌཱ་ཀི་ནཱི་གུཔྟས༔ ཐབས་གྲོལ་ལམ་མཆོག་བསྩལ་པ་ལས༔ སྒོམ་པའི་ཉམས་མྱོང་བོགས་ཆེན་ཐོན༔ རས་སྨེ་ཤྭ་རའི་དུར་ཁྲོད་ཆེར༔ དབྱིངས་ཡུམ་རྡོ་རྗེ་ཕག་མོ་ཡིས༔ བརྟུལ་ཞུགས་སྤྱོད་པའི་སྙན་བརྒྱུད་གདམས༔ བོད་ཡུལ་གཙང་གི་གཡས་རུའི་མཐིལ༔ འཕགས་པའི་གནས་བརྟན་ཆེན་པོ་ཡིས༔ རྣམ་ཐར་སྒོ་གསུམ་ངོ་སྤྲད་པས༔ དབུ་མའི་ལྟ་བ་མངོན་དུ་གྱུར༔ ལྟ་སྒོམ་སྤྱོད་འབྲས་བོགས་འདོན་དང༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་པའི༔ གཞུང་དང་མན་ངག་ལག་ལེན་དོན༔ སྐལ་ལྡན་རྣམས་ལ་ཅི་རིགས་བསྟན༔ འོན་ཀྱང་སྣོད་མཆོག་ཉུང་བའི་ཕྱིར༔ འགའ་ཞིག་རྡོ་རྗེའི་བྲག་ལ་སྦས༔ ལ་ལ་སྙན་བརྒྱུད་བཀའ་རྒྱས་བཏབ༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ ཀློང་ལྔ་དབྱིངས་ཀྱི་སྒྲོམ་བུ་རུ༔ རིག་པའི་ཡེ་ཤེས་གཟུངས་སུ་གདམས༔ ཆོས་བདག་མཁའ་འགྲོ་གཉེར་དུ་བསྐོས༔ མ་འོངས་ང་སྤྲུལ་སྐྱེས་བུ་ལ༔ དགོངས་པའི་ཀློང་ནས་རང་ཤར་བའི༔ རྟེན་འབྲེལ་བརྡ་ཐབས་དུ་མ་དང༔ བྱིན་རླབས་འཕོ་བས་དབུགས་དབྱུང་འགྱུར༔ ས་མ་ཡ༔ འོ་མའི་ནང་ནས་མར་དང་ནི༔ མར་གྱི་སྙིང་པོ་ཞུན་བྱས་ལྟར༔ ལྟ་སྒོམ་སྤྱོད་འབྲས་བོགས་འདོན་དང༔ སྒྲུབ་པའི་གཞུང་དང་ཡན་ལག་བཅས༔ རྣལ་འབྱོར་བདག་གི་སྙིང་ཐིག་འདི༔ བོད་ཀྱི་རིག་འཛིན་སྔགས་པ་གཞན༔ སུ་ལའང་འཕོ་བའི་སྐབས་མེད་པས༔ རིན་ཆེན་ལྟ་བུའི་གང་ཟག་ནི༔ གཅིག་ཅར་རིགས་ཅན་བརྟུལ་ཞུགས་མཐོ༔ སུས་ཀྱང་མི་དཔོག་རང་ཟུངས་ཐུབ༔ བདག་དང་གཉིས་མིན་རྣལ་འབྱོར་པ༔ མཚན་ཉིད་ལྔ་དང་ལྡན་པ་ཞིག༔ འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔ མདོ་ཁམས་བར་ནས་འབྲུག་གི་ལོ༔ གཉོས་ཀྱི་རིག་འཛིན་སྒ་ཡི་བུ༔ ལྕགས་ཁམས་དཔའ་བོ་མཚན་རྟགས་ཅན༔ པདྨ་རྒྱལ་པོས་བྱིན་བརླབས་པས༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ བི་མ་མི་ཏྲས་བྱིན་བརླབས་པས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ༔ འཇམ་དཔལ་སྤྲུལ་པའི་མངའ་བདག་གིས༔ བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔ སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང༔ དེ་ལ་གནས་གསུམ་མཁའ་འགྲོ་དང༔ དཔའ་བོ་བདག་གིས་བྱིན་བརླབས་པས༔ གདམས་པའི་སྙིང་པོ་ཀློང་བརྡོལ་ཚེ༔ ཐེ་ཚོམ་མ་བྱེད་གཏན་ལ་ཕོབ༔ རིང་དུ་གསང་ཞིང་བཀའ་རྒྱས་ཐོབ༔ ནམ་ཞིག་རྟེན་འབྲེལ་དུས་བབ་ན༔ བི་མ་བཻ་རོ་ཛྙཱ་ན་དང༔ མངའ་བདག་ཡབ་སྲས་མཚོ་རྒྱལ་ལྕམ༔ གནུབས་ཆེན་ནམ་སྙིང་སངས་རྒྱས་དང༔ མཆོག་དབྱངས་བདུད་འཇོམས་དཔལ་སེང་སོགས༔ འདུས་པ་མཆོག་གིས་བྱིན་བརླབས་པ༔ དེ་དག་རྣམས་ཀྱིས་གསོལ་བཏབ་ན༔ གདམས་པ་ལྷག་མ་མེད་པར་བྱིན༔ ཅུང་ཟད་དོན་དུ་འགྱུར་བ་དང༔ ཁྱད་པར་ལས་ཅན་གཅིག་སྲིད་པས༔ དེ་ཡི་གཞན་ཕན་བཙས་སུ་བྱེད༔ འོན་ཀྱང་དུས་དེ་ཤིན་ཏུ་སྙིགས༔ ལུགས་གཉིས་བྱ་བ་ཆེས་ཆེར་འཆོལ༔ ཁྱད་པར་སྒྲུབ་པའི་མན་ངག་འཆལ༔ མཁས་པ་སྒྲ་ཚད་རྟོག་གེས་གཡེང༔ སྒྲུབ་པས་བསྙེན་སྒྲུབ་གཞུང་མི་བསྲང༔ གྲུབ་ཐོབ་རྫུན་གྱི་འཁོར་ལོ་བསྐོར༔ རྟོགས་ལྡན་འདོད་པའི་རྒྱ་མཚོར་བྱིངས༔ བྱ་བཏང་གཏིང་ནས་མདུད་པ་དམ༔ མདོར་ན་རྡོ་རྗེའི་གསང་བ་ཆེའི༔ རང་ཚུགས་ཐུབ་པ་ཉིན་སྐར་ཙམ༔ བློ་མང་ཅོལ་ཆུང་མདོ་དོན་ཤོར༔ དེ་དང་དེ་འདྲས་སྙིང་པོའི་བསྟན༔ རི་མོའི་མར་མེ་བཞིན་དུ་བྱེད༔ མཐའ་དབུས་ཕྱི་ནང་འཁྲུག་རྩོད་ལངས༔ སྣོད་བཅུད་སྔར་མེད་འགྱུར་ལྡོག་མང༔ མི་ཕྱུགས་གློ་བུར་ནད་ཀྱིས་ཁྱེར༔ འགལ་རྐྱེན་དྲྭ་བ་བཞིན་དུ་འཛིངས༔ དེ་ལྟ་བུ་ཡི་དུས་ཀྱི་ཚེ༔ སྐལ་ལྡན་འགའ་ཞིག་བྱུང་སྲིད་ན༔ ཁ་ཁྱེར་ཚིག་ཕྱིར་མ་ཡེངས་པར༔ འདིར་ཞུགས་འདི་ལྟོས་འདི་དོན་སྒོམས༔ ཚེ་གཅིག་དངོས་གྲུབ་ངེས་པར་འཐོབ༔ མར་མེ་འཆི་ཁ་བསབས་པ་ལྟར༔ སྙིགས་དུས་གདུང་བའི་གསོས་གྱུར་ཏེ༔ རང་གཞན་དོན་གཉིས་ཕུན་སུམ་ཚོགས༔ ངེས་དོན་བསྟན་དང་འགྲོ་ལ་ཕན༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ རྩ་གསུམ་སྲུང་མའི་བདེན་སྟོབས་དང༔ རྣལ་འབྱོར་བདག་གི་སྨོན་ལམ་མཐུས༔ སྒྲུབ་བརྒྱུད་བསྟན་དང་དེ་འཛིན་ལ༔ ཕན་པ་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལམ་སྲོལ་ཚིག་ཉུང་ཡང་དོན་གྱི་སྙིང་པོ་རང་རྐང་ཚུགས་པ་འདི་ཉིད་རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་ཡང་ནས་ཡང་དུ་ཐོབ་པ་ལ་བརྟེན་ནས། པདྨ་འོད་གསལ་མདོ་སྔགས་གླིང་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་གཏན་ལ་ཕབ་སྟེ། རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པར་ཕུལ་བ་སྟེ་འདིའི་བརྒྱུད་པའི་ངེས་པའང་། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ །སྟོན་པ་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ལས་ཀྱི་དབང་མོ། གྲུབ་པའི་རིག་འཛིན་རྣམ་བརྒྱད། ཀུན་འདུས་པདྨ་སམྦྷ་བ། རྗེ་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་ཞེས་དྲང་བར་བྱའོ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཀུན་འདུས་ (Volume 16, Text 13)

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་དངོས་གྲུབ་ཀུན་འདུས་ཞེས་བྱ་བ་བཞུགས་སོ།། ན་མཿཤྲཱི་མཾ་གུ་རུ་ཧེ་རུ་ཀ་ཡ། ཁྲག་འཐུང་བདེ་གཤེགས་འདུས་པའི་ལྷ། །རིག་འཛིན་བླ་མའི་སྐུར་སྣང་བ། །མཁའ་འགྲོར་བཅས་ལ་ཕྱག་བྱས་ཏེ། །ཕྲིན་ལས་བཀླགས་པས་གྲུབ་པ་དགོད། །གྲུབ་ཐོབ་ཆེན་པོའི་བཀའ་སྲོལ་ལས་བྱོན་པ་ཁྲག་འཐུང་བདེ་གཤེགས་འདུས་པའི་ཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་གསུམ་མོ། །དང་པོ་སྦྱོར་བའི་སྔོན་འགྲོ་ནི། དབང་བསྐུར་ཚུལ་བཞིན་ནོས་ཤིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་འདིའི་ཕྲིན་ལས་ལ་འཇུག་པ་ན། དབང་དང་བསྙེན་སྒྲུབ་སྲུང་ཟློག་གི་ལས་རིམ་སོགས་སོ་སོའི་སྐབས་དང་བསྟུན་དགོས་པ་ལས། སྤྱི་ཙམ་དུ་དམ་ཚིག་གི་རྟེན་བཀྲམ། དཔལ་གཏོར་སྨན་རག་ཉེར་སྤྱོད་རྣམས་བཤམ། མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །ཆོ་གའི་སྔོན་འགྲོའི་ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྤྱོད་ཡོངས་རྫོགས་ཆེ་མཆོག་ཧེ་རུ་ཀ །སྤྲུལ་པའི་སྐུར་སྣང་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གསང་བ་ཀུན་བདག་ཕྱག་ན་རྡོ་རྗེ་འཛིན། །ལས་ཀྱི་དབང་མོ་མཁའ་འགྲོའི་ཚོགས་ཀྱི་རྗེ། །གྲུབ་པའི་རིག་འཛིན་ཆེན་པོ་རྣམ་བརྒྱད་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཀུན་འདུས་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞབས། ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རྒྱུད་ལུང་མན་ངག་རིག་པ་འཛིན་རྣམས་དང་། །ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ལྷ་ཡི་ཚོགས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྨིན་བྱེད་གསོས་ཐེབས་དམ་ཚིག་རྣམ་པར་དག །ཐ་མལ་སྣང་གྲགས་ལྷ་སྔགས་འཁོར་ལོར་རྫོགས། །སྔགས་སེམས་སྒྱུ་ལུས་འོད་གསལ་ཟུང་འཇུག་གི །རིམ་ལྔ་མཐར་ཕྱིན་ཡེ་ཤེས་སྐུ་འགྲུབ་ཤོག །མངོན་སྤྱོད་མཐུ་ཡིས་མ་རུངས་གདུག་ཅན་རྣམས། །ཚར་གཅོད་ཞི་སོགས་ལས་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ། ཁྱབ་བདག་ཧེ་རུ་ཀ་དང་དབྱེར་མེད་ཤོག །གཞི་བདག་འབྱུང་པོའི་ཚོགས་ལ་གཏོར་མ་བཤམ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་འབྲུ་གསུམ་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གསུམ་གྱིིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་པས་བསྔོ། ཕྲིན་ལས་ཀྱི་སྔོན་འགྲོ་དངོས་ལ་བདུན་ཡོད་པ་ལས། དང་པོ་བགེགས་ལ་བཀའ་བསྒོ་ཞིང་མཚམས་བཅད་སྲུང་འཁོར་བསྒོམ་པ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་མཐིང་ནག་དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ བྱང་ཆུབ་སྒྲུབ་ལ་བར་ཆད་ཀུན༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ དཔལ་ཆེན་ཁྲག་འཐུང་བཀའ་ཐོས་ནས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཅེས་དང་དྲག་སྔགས་ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཉི་ཟླ་འབར་བའི་སྡང་མིག་གིས༔ བགེགས་ཀྱི་ཚོགས་རྣམས་བསྲེགས་ཤིང་སྦྱངས༔ ཐུགས་ནས་ཁྲོ་མཚོན་མེ་ཕུང་འཕྲོས༔ མཚོན་ཆའི་འཁོར་ལོའི་རྩིབས་སྟེང་དུ༔ ཕྱོགས་སྐྱོང་གདན་ལ་ཁྲོ་ཚོགས་འབར༔ ཡེ་ཤེས་མེ་ཕུང་འཚུབས་ཤིང་འཁྱིལ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རལ་གྲི་ཐོ་བ་དང༔ ཕུར་པའི་མཚོན་ཆ་སྤྲིན་ལྟར་གཏིབས༔ ལྷ་སྔགས་ཡེ་ཤེས་རྒྱས་བཏབ་པས༔ ནམ་ཡང་འདའ་བའི་སྐབས་མེད་དོ༔ བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་ཏཱིཀྵྞ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གཉིས་པ་སྐྱབས་སེམས་ཚོགས་གསག་བྱ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་དགེ་བ་རྣམས༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གསུམ་པ་བརྡ་སྒོ་དབྱེ་ཞིང་ཕྱག་འཚལ་བ་ནི། ཧཱུྃ༔ གཉིས་འཛིན་རྟོག་པས་བཅད་པའི་བརྡ་ཡི་སྒོ༔ རིག་པ་རང་གསལ་ཆེན་པོའི་ངང་དུ་དབྱེ༔ ལྷུན་རྫོགས་བྱང་ཆུབ་སེམས་ཀྱི་དཔལ་ཆེན་པོ༔ མངོན་སུམ་རིག་ངོར་མཇལ་བའི་ཕྱག་གིས་འདུད༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་ཝེ་ཤ་ཡ་ཕཊ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་རྒྱུད་དག་ཅིང་སྣོད་དུ་རུང་བའི་ཕྱིར་བཤགས་པ་བྱ་བ་ནི་གནོང་འགྱོད་གདུང་ཤུགས་བཅས་པས། ཧོ༔ དོན་དམ་དམིགས་མེད་སྤྲོས་དང་བྲལ་བ་ལ༔ ཉམས་དང་བཤགས་པར་བྱ་བ་མ་དམིགས་ཀྱང༔ ཀུན་རྫོབ་འཁྲུལ་པའི་དབང་གིས་ལས་བསགས་པ༔ སྙིང་ནས་འགྱོད་པས་མཐོལ་བཤགས་བཟོད་པར་བཞེས༔ ཡི་གེ་བརྒྱ་པ་བརྗོད། སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་སོགས་ཀྱང་བྱའོ། །ལྔ་པ་དམ་བཅའ་བཟུང་བ་ནི། ཧོ༔ བདག་གིས་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བཟུང༔ དཔལ་ཆེན་ལྷ་ཚོགས་རྩེ་གཅིག་བསྒྲུབ་ལགས་ན༔ ཡེ་ཤེས་ཆེན་པོའི་བྱིན་གྱིས་བརླབ་ཏུ་གསོལ༔ སརྦ་མ་ཧཱ་ཡོ་ག་ས་མ་ཡ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ དྲུག་པ་བྱིན་དབབ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་གྱུར་པར་མོས་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་བའི༔ ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ༔ དཔའ་བོ་ཌཱ་ཀི་ཆོས་སྲུང་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ སྒྲུབ་པ་པོ་ལ་བྱིན་ཆེན་ཕོབ༔ སྒྲུབ་གནས་འོག་མིན་ཞིང་དུ་སྒྱུར༔ སྒྲུབ་པའི་ཡོ་བྱད་དམ་ཚིག་རྫས༔ བདེ་བ་ཆེན་པོར་བྱིན་རློབས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཤྲཱི་ཧེ་རུ་ཀ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དབྱངས་དང་རོལ་མོ་སྦྱར་སྤོས་བཏུལ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་བྱིན་བསྡུའོ། །བདུན་པ་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཡེ་ཤེས་རང་རྩལ་མེ་རླུང་ཆུས༔ མཆོད་རྫས་དངོས་འཛིན་བསྲེགས་གཏོར་སྦྱངས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ འདོད་ཡོན་བདེ་ཆེན་རྒྱན་དུ་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཱ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཨཱཿཧཱུྃ༔ ནང་མཆོད་ཀྱི་སྔགས་རྣམས་ལན་གསུམ་བརྗོད་ལ་དམིགས་པ་སྤྱི་ལྟར་བྱའོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་གྱི་དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེའི་རོལ་པ་ལས༔ ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཧཱུྃ༔ མཐིང་ནག་མཁའ་ལ་འཇའ་ལྟར་ཤར༔ ཆོ་འཕྲུལ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་པོར་འཛིན་པ་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང༔ རི་རབ་རྡོ་རྗེའི་བྲག་ཆེན་པོ༔ སྲུང་འཁོར་འཇིགས་པའི་དུར་ཁྲོད་དང༔ དྲག་པོའི་གཞལ་ཡས་མཚན་རྫོགས་དགུའི༔ དབུས་མར་འཁོར་ལོ་རྩིབས་བཞིའི་ལྟེར༔ པདྨ་ཟླ་ཉི་བྱོལ་སོང་གཙོ༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང༔ རྒྱུ་ཡི་ཧཱུྃ་བབས་ཡོངས་སུ་གྱུར༔ རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དམར་བའི་མདངས་འོད་འཚེར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ སྤྱན་དགུ་སྡང་མིག་སྨར་སྨིན་འབར༔ གཡས་གསུམ་རྡོ་རྗེ་འབར་བའི་མཚོན༔ རྩེ་དགུ་རྩེ་ལྔ་རྩེ་གསུམ་གསོར༔ གཡོན་གསུམ་སྐམ་རློན་རྙིད་པ་ཡི༔ བྷཉྫ་བདུད་བཞིའི་ཁྲག་གིས་གང༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ སྦྱོར་ཡུམ་གནམ་ཞལ་དབྱིངས་ཕྱུག་མ༔ སྔོ་སྐྱ་རྩེ་གསུམ་ཐོད་འཛིན་འཁྲིལ༔ དར་དང་རུས་རྒྱན་གཟིག་ཤམ་འཕྱང༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ ཨེ་ཝཾ་མཉམ་སྦྱར་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་འཕྲོས༔ བདེ་གཤེགས་སྲས་དང་བཙུན་མོར་བཅས༔ སྤྱན་དྲངས་ཞལ་ཞུགས་ཐུགས་ཀར་ཞུ༔ ཡུམ་གྱི་པདྨོར་སོན་པ་ལས༔ ཧཱུྃ་ཆེན་འབར་བའི་སྤྲིན་ཕུང་འཕྲོས༔ ཚོམ་བུའི་དཀྱིལ་འཁོར་གསལ་བར་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཙོ་མཆོག་དཀྱིལ་འཁོར་རྩིབས་བཞི་རུ༔ གསང་བའི་ཁྲོ་རྒྱལ་ཡབ་ཡུམ་དང༔ ཁྲོ་བཅུ་ཏ་ཀྲྀཏ་སྒོ་བ་བཞི༔ ཕོ་ཉ་མང་པོ་ལས་ལ་འགྱེད༔ ཆེ་མཆོག་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་རུ་ཏྲའི་སྟེང༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རཱི་མཐིང་སྐྱ་འཁྲིལ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་དང༔ གནས་ཡུལ་སྒོ་སྐྱོང་བཀའ་ཉན་བཅས༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་མ་ཧེ་དང༔ གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང༔ ཟིལ་གནོན་ཁྲག་འཐུང་མཐིང་ནག་འབར༔ འཁོར་ལོ་བསྐོར་ཞིང་སྡིགས་མཛུབ་བསྒྲེང༔ སྦྱོར་ཡུམ་བཻ་ཏཱ་ནག་མོ་འཁྲིལ༔ གཤེད་ཆེན་བཞི་དང་འཆི་བདག་ཚོགས༔ མཐར་བྱེད་སྒོ་བ་བཀའ་ཉན་བཅས༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་རྫོགས༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་ཀླུ་བརྒྱད་སྟེང༔ རྟ་མཆོག་པདྨ་ཧེ་རུ་ཀ༔ དམར་སྨུག་པདྨ་དྲིལ་བུ་འཛིན༔ དབུ་གཙུག་རྟ་གདོང་རྔམ་བཞད་འཚེར༔ གཟི་ལྡན་དམར་མོ་ཡུམ་དང་འཁྲིལ༔ གཡས་གཡོན་སྤྲུལ་པའི་ཕོ་ཉ་སྤྲོ༔ རྩིབས་བཞིར་དབང་ཆེན་རིགས་བཞི་དང༔ ཟིལ་གནོན་སྒོ་སྐྱོང་ཕོ་ཉར་བཅས༔ པདྨ་གསུང་གི་དཀྱིལ་འཁོར་རྫོགས༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དཀྱིལ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་ལྷ་ཆེན་སྟེང༔ རྡོ་རྗེ་གཞོན་ནུ་མཐིང་ནག་འབར༔ ཕྱག་གཉིས་སྲིད་པ་ཕུར་བུ་འདྲིལ༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་འཁྲིལ༔ རྩིབས་བཞིར་སྲས་མཆོག་རིགས་བཞི་དང༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ཚོགས༔ སྒོ་སྐྱོང་བཀའ་ཉན་དང་བཅས་པའི༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཟླ་ཉི་མ་མ་མོའི་སྟེང༔ མངོན་རྫོགས་ཁྲག་འཐུང་རྒྱལ་པོ་མཐིང༔ རྡོ་རྗེ་གསོར་ཞིང་ཐུན་ཁྲག་འཕེན༔ ཉིད་བཞི་བདེ་མཆོག་ཡུམ་དང་འཁྲིལ༔ རྩིབས་བཞི་མདུན་གྱི་གཡོན་ཟུར་བཅས༔ རྟག་པའི་རྒྱལ་མོ་སྤུན་ལྔ་དང༔ རྗེ་མོ་སྨན་མོ་སྒོ་སྐྱོང་སོགས༔ སྲིད་པ་མ་མོའི་དཀྱིལ་འཁོར་རྫོགས༔ ཨོཾ་གུ་ཧྱ་ཛྙཱ་ན་ཀྲོ་དྷ་ཀྲོ་དྷཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཉི་ཟླ་རིན་ཆེན་ཁྲིར༔ རིག་འཛིན་རྡོ་རྗེ་ཆོས་རབ་དཀར༔ རྡོ་རྗེ་དྲིལ་འཛིན་ཞི་ཆགས་ཁྲོ༔ ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ རྩིབས་བཞིར་རིག་འཛིན་རྣམ་བཞི་དང༔ གྲུབ་པའི་སློབ་དཔོན་རྣམ་པ་བརྒྱད༔ སྒོ་སྐྱོང་མཁའ་འགྲོའི་ཚོགས་བཅས་པ༔ བླ་མ་རིག་འདུས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཟླ་ཉི་དྲེགས་པའི་སྟེང༔ དཔལ་ཆེན་དྲེགས་འདུལ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་གསོལ༔ སྲིད་པ་སྤྱི་འདུལ་ནག་མོ་འཁྲིལ༔ རྩིབས་བཞིར་དྲེགས་ཆེན་སྡེ་བཞི་དང༔ གཞན་ཡང་དྲེགས་པ་སྒོ་སྐྱོང་བཅས༔ མ་རུངས་དྲེགས་ཚོགས་ཕོ་ཉར་འགྱེད༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་འཁོར་ལོ་རྩིབས་བཞིའི་དབུས༔ པདྨ་ཟླ་ཉི་དགྲ་བགེགས་སྟེང༔ སྟོབས་ལྡན་ནག་པོ་ཆར་སྤྲིན་མདོག༔ རྡོ་རྗེ་གསོར་ཞིང་ཙིཏྟ་གསོལ༔ འབྱུང་ལྔའི་བདག་མོ་ཡུམ་དང་འཁྲིལ༔ རྩིབས་བཞིར་གཤེད་བདུད་སྲིན་གནོད་སྦྱིན༔ གཞན་ཡང་དྲེགས་ཆེན་སྒོ་སྐྱོང་དང༔ གསོད་བྱེད་སྡེ་བརྒྱད་སྤྲིན་ཕུང་འཕྲོ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ དེ་ལྟར་གསལ་བའི་ཁྲག་འཐུང་གཙོ༔ དུར་ཁྲོད་དཔལ་ཆས་གར་དགུས་རོལ༔ འཁོར་རྣམས་དུར་ཁྲོད་རོལ་པའི་ཆས༔ རྣམ་འགྱུར་མ་ངེས་ཅིར་ཡང་སྟོན༔ རིག་འཛིན་དར་དང་རུས་པའི་རྒྱན༔ དྲེགས་ཆེན་རང་རང་ཆ་ལུགས་དང༔ དྲགས་སྔགས་འཇིགས་རུང་མི་བཟད་རྔམ༔ དཔལ་དགུའི་དཔུང་པ་གཡས་གཡོན་རྩེར༔ རྡོ་རྗེའི་བྱ་ཁྱུང་དཀར་ནག་ལྡིང༔ བར་ཁྱམས་གནས་ཡུལ་ཕྲ་མེན་ཚོགས༔ ཕྱོགས་མཚམས་དཔལ་གྱི་བཀའ་སྡོད་དཔུང༔ སྒོ་བཞིར་ཕྱི་ནང་སྒོ་སྐྱོང་དང༔ ཕྱི་རོལ་དབང་ཕྱུག་མཁའ་འགྲོ་གིང༔ ལང་ཀ་འབར་མ་ཕོ་ཉ་སོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ སྣང་སྲིད་གཞིར་བཞེངས་ཡོངས་རྫོགས་ལྷ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་མཎྜ་ལ་ཧཱུྃ༔ གནས་གསུམ་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབས་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཧཱུྃ༔ སླར་ཡང་མཁའ་ཁྱབ་དབང་གི་ལྷས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྒྲིབ་དག་ནུས་རྩལ་ཡོངས་སུ་རྫོགས༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་བསམ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་དཀྱིལ་འཁོར་དགུའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཧཱུྃ༔ ཁམས་གསུམ་ལས་འདས་འོག་མིན་ཞིང༔ འབར་བ་ཆེན་པོའི་ཕོ་བྲང་ནས༔ ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ༔ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དབྱིངས་ནས་རང་ཤར་ཡེ་ཤེས་ལྷ༔ རིག་པ་རང་སྣང་དམ་ཚིག་པར༔ དབྱེར་མེད་བརྟན་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་བྱིན་དབང་སྩོལ༔ ས་མ་ཡ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ རྡོ་རྗེའི་སྐུ་གསུང་ཐུགས་དང་ལྡན༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ཁྲག་འཐུང་རབ་འབྱམས་དཀྱིལ་འཁོར་ལྷ༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ་གསུམ། ཐུན་མོང་ཁྱད་པར་རྨད་བྱུང་ངོ་། །དང་པོ་ལ་ཕྱག་རྒྱ་གར་མཆོད་ནི། ཨོཾ༔ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངང༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེར་བཅས༔ དམ་ཚིག་ཕྱག་རྒྱའི་དགྱེས་མཆོད་འབུལ༔ ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཤྲཱི་ཧེ་རུ་ཀ་སརྦ་མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ རྡོ་རྗེའི་གླུ་ནི། ཧཱུྃ༔ ཡེ་ཤེས་སྙིང་པོའི་སྲོག་ལྡན་པས༔ འགྲོ་འོང་རླུང་གི་རྒྱུད་དང་སྦྱར༔ སྒྲ་སྙན་རོལ་མོ་མཚུངས་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ གཉིས་པ་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱི་མཆོད་ཉེར་སྤྱོད་ནི། ཨོཾ༔ མཆོད་པ་ཆེན་པོ་ཆགས་པ་ཆེ༔ མེ་ཏོག་བདུག་པ་མར་མེ་དྲི༔ ཞལ་ཟས་རོལ་མོའི་སྤྲིན་ཕུང་གིས༔ དགྱེས་བསྐྱེད་དངོས་གྲུབ་མཆོག་སྩོལ་མཛོད༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏཱ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བིདྱ་ཨཱ༔ ཤབྡ་ཧོ༔ གཉིས་པ་ནང་མཆོད་ལ་བདུད་རྩི་སྨན་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ དག་མཉམ་རྟོག་པའི་ཕུད་མཆོད་ཀྱིས༔ དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི༔ བྱིན་རླབས་སྤྲིན་ཕུང་ཡེ་ཤེས་ཆར་ཆེན་འབེབ༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཡེ་ཤེས་ཀློང་དགུའི་རང་གཟུགས་དཔལ་ཆེན་པོ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་འདུས་པའི་ལྷ༔ དངོས་གྲུབ་མཆོག་སྩོལ་བསམ་ཡས་དཀྱིལ་འཁོར་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དཔལ་གྱི་བཀའ་སྡོད་ཕྲིན་ལས་གློག་ལྟར་འཁྱུག༔ མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང༔ སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ དམ་ཚིག་རྫས་ཀྱི་བདུད་རྩི་ལས༔ ཡེ་ཤེས་སྙིང་པོའི་དངོས་གྲུབ་དབྱིག༔ མཐེབ་སྲིན་ཉི་ཟླའི་གྭ་འུ་ཡིས༔ རྡོ་རྗེ་ལྕེ་ལ་བཞག་ཅིང་མྱང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་མྲྀཏ་སིདྡྷི་ཕ་ལ་ཧོ༔ འདོད་ཡོན་གཏོར་མ་ནི། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་འགྲོ་ཀུན་གཏོར་མར་སྦྱར༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ དཔལ་ཆེན་དཀྱིལ་འཁོར་མཉེས་གྱུར་ཅིག༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧཱི༔ དམར་ཆེན་རཀྟ་ནི། ཧཱུྃ༔ མཁའ་དབྱིངས་རཀྟ་བདེ་བའི་རྒྱུན༔ ཁམས་གསུམ་བསྒྲལ་པའི་ཁྲག་དང་སྦྱར༔ གཟི་བྱིན་ཆེན་པོའི་མཆོད་པ་འདིས༔ དཔལ་ཆེན་དཀྱིལ་འཁོར་དགྱེས་པ་བསྐྱེད༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་གསང་མཆོད་ནི། ཧཱུྃ༔ ཨེ་ཝཾ་མཉམ་པར་སྦྱོར་བ་ལས༔ རྡོ་རྗེ་སེམས་དཔའི་བདེ་ཆེན་དྲངས༔ ཛ་གད་དཔའ་བོའི་མཆོད་པ་འདིས༔ དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔ བོ་དྷི་ཙིཏྟ་ཛ་གད་པཱུ་ཛ་ཧོ༔ གསུམ་པ་སྦྱོར་སྒྲོལ་ཟུང་འཇུག་གི་མཆོད་པ་ནི། ཧཱུྃ༔ ཐབས་ཤེས་སྙོམས་འཇུག་སྦྱོར་བ་ཡིས༔ གཟུང་འཛིན་རུ་ཏྲ་དབྱིངས་སུ་བསྒྲལ༔ གཉིས་མེད་བློ་འདས་རྫོགས་པ་ཆེ༔ མཆོག་གི་དམ་ཚིག་ཆེན་པོར་བཞེས༔ སྟ་ན་ག་ཎ་མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་སྐུ༔ དགོད་གཤེ་དྲག་ཤུལ་སྔགས་ཀྱི་གསུང༔ སྙིང་རྗེ་རྔམ་ཞིའི་ཡེ་ཤེས་ཐུགས༔ དཔལ་ཆེན་ཧེ་རུ་ཀ་ལ་བསྟོད༔ ཤིན་ཏུ་ཞི་བ་རྡོ་རྗེ་དབྱིངས༔ ཡེ་ཤེས་རང་སྣང་ཁྲག་འཐུང་ལྷ༔ གང་འདུལ་ཐབས་ཀྱིས་གཙོ་དང་འཁོར༔ སྤྲུལ་པར་སྟོན་ལ་ཕྱག་འཚལ་བསྟོད༔ མཐུ་རྩལ་རྨད་བྱུང་ག་རུ་ཌ༔ དཔལ་གྱི་བཀའ་སྡོད་སྲུང་མའི་ཚོགས༔ མ་སྲིང་དབང་ཕྱུག་གིང་ལངྐ་༔ ཕོ་ཉར་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི། ཧཱུྃ༔ དབུ་རྒྱན་ཀུན་བཟང་རིགས་ལྔའི་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཅིར་ཡང་འཆར་བའི་གཙོ་རྣམས་ཀྱི༔ ཐུགས་ཀར་པད་ཟླར་ཧཱུྃ་ཡིག་མཐར༔ སྔགས་ཕྲེང་འཁོར་ལས་བར་མེད་བྱུང༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ བདེ་གཤེགས་ཞི་ཁྲོའི་གསང་གསུམ་བྱིན༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ སླར་ཡང་སྣོད་བཅུད་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ ཨོཾ་ཨཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་བཟླས། གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ༔ དཔལ་ཆེན་གཙོ་དགུའི་ཐུགས་ཀ་རུ༔ པད་ཉིར་རྡོ་རྗེ་རྩེ་ལྔའི་སྦུབས༔ མི་འགྱུར་ཐུགས་སྲོག་ཧཱུྃ་གི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོད་པ་ལས༔ འབར་བའི་ཡི་གེའི་ཕྲེང་བ་བྱུང༔ ཡབ་ཡུམ་ཞལ་དང་ཞལ་ནས་བརྒྱུད༔ གསང་བའི་པདྨོར་བར་མེད་འཁོར༔ བདེ་ཆེན་གཟི་བྱིན་རབ་འབར་བའི༔ འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ བདེ་གཤེགས་ཞི་ཁྲོ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ཚུར་འདུས་བདག་དང་གཉིས་མེད་ཐིམ༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་རྫོགས༔ སླར་འཕྲོས་ཐ་མལ་སྣང་ཞེན་སྦྱངས༔ ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རྫོགས༔ དཔལ་གྱི་སྐུ་གསུང་ཐུགས་སུ་སྨིན༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླ། ཁྱད་པར་ཚོམ་བུ་ཚོགས་སྒྲུབ་སོགས་རྒྱས་པར་སྤྲོ་བའི་སྐབས་གཏེར་གཞུང་ལྟར་དཔལ་དགུའི་ཛཔ྄་བསྐུལ་སོ་སོར་སྦྱར་ཞིང་ལྷ་བསྐྱེད་སྐབས་སུ་འབྱུང་བའི་སྔགས་རྣམས་བཟླ། སོ་སོའི་མཚམས་སུ་སྟོང་ཚིགས་སྤྱི་ལྟར་འབུལ་ལོ། །གསུམ་པ་ལས་སྦྱོར་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། ཧཱུྃ༔ འབར་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ ཞལ་ནས་དྲག་སྔགས་འབྲུག་ལྟར་བསྒྲགས༔ གང་འདུལ་འོད་ཟེར་མཁའ་ཁྱབ་འཕྲོས༔ ནད་གདོན་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་སྣང་བ་དབང་དུ་བསྡུས༔ ཁྱད་པར་གདུག་ཅིང་གཏུམ་པ་ཡི༔ དགྲ་བགེགས་འབྱུང་པོ་དྲེགས་པའི་ཚོགས༔ སྲུང་དང་དགུག་བསྐྲད་བསད་པ་སོགས༔ གཟིར་མནན་སྟོབས་འཕྲོག་ནུས་པ་བཅོམ༔ ལྡང་མེད་ཨེ་ཡི་དབྱིངས་སུ་མནན༔ སྔགས་ཀྱི་ཆུ་བོས་རྒྱང་རིང་ཁྱེར༔ རྡོ་རྗེ་མེ་ཡིས་གཞོབ་ཏུ་བསྲེགས༔ སྟོབས་ཆེན་རླུང་གིས་ཕ་མཐར་བསྐྲད༔ མིང་གི་ལྷག་མ་མེད་པར་བསམ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་བཟླ། བྱེ་བྲག་མངོན་སྤྱོད་གཟེར་ཁའི་ལས་རྣམས་སྐབས་སུ་བབས་པ་ན་སོ་སོར་བཤད་པ་ལྟར་སྦྱར། བཟླས་པའི་གྲངས་ཚད་ནི་ཞི་བ་འབུམ་ཕྲག་གསུམ། དྲག་པོ་འབུམ་ཕྲག་བཞི། དཔལ་དགུ་པོ་འབུམ་ཕྲག་རེ་རེ། ལས་སྦྱོར་ཐུན་མོང་པ་ལ་ཁྲི་ཕྲག་བཞིས་འགྲུབ་པར་གསུངས་སོ། །སྐབས་འདིར་ཚེ་སྒྲུབ་སྦྱོར་བར་འདོད་ན། དཀྱིལ་འཁོར་ལྷ་ཚོགས་འབར་བའི་འོད༔ ཕོ་ཉ་དང་བཅས་ཕྱོགས་བཅུར་ཁྱབ༔ རང་གཞན་བླ་ཚེ་ཕྲོགས་ཉམས་དང༔ སྣོད་བཅུད་སྲིད་ཞིའི་དྭངས་མ་ཀུན༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ བདག་ལ་ཐིམ་པས་རིག་འཛིན་གྲུབ༔ རྫས་ལ་ཐིམ་པས་བཅུད་དུ་འཁྱིལ༔ མཆེད་ལ་ཐིམ་པས་ཉམས་ཆག་དག༔ ཁྱབ་བདག་རྟག་པ་ཧེ་རུ་ཀའི༔ ཚེ་དང་ཡེ་ཤེས་རྒྱས་པར་གྱུར༔ ཅེས་དམིགས་ལ་ཞི་ཁྲོ་སྤྱི་དྲིལ་སྔགས་མཐར། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། ཚེ་འགུགས་ནི་སྤོས་བསྲེག་ཅིང་། མདའ་དར་གཡབ་ལ། ཧཱུྃ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ལྷ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཚེ་འགུགས་རྡོ་རྗེའི་ཕོ་ཉ་མོ༔ འཁོར་འདས་ཁམས་ཀུན་ཁྱབ་པར་སྤྲོས༔ སྡེ་བརྒྱད་འབྱུང་པོའི་ཚོགས་རྣམས་ཀྱིས༔ བླ་ཚེ་ཕྲོགས་པ་རང་སོར་ཚུད༔ སྣོད་ཀྱི་འབྱུང་བཞིའི་དཔལ་དང་གཡང༔ དྭངས་མ་གཟི་བརྗིད་རྟེན་ལ་སྟིམས༔ བཅུད་ཀྱི་སྐྱེ་འགྲོའི་ཚེ་བསོད་སྟོབས༔ བརྟེན་པ་སེམས་དང་དབྱེར་མེད་བསྲེས༔ རྩ་གསུམ་རྒྱལ་བའི་ཐུགས་རྗེའི་དབྱིག༔ ཡེ་ཤེས་དབྱིངས་ཀྱི་ཐིག་ལེར་སྡུས༔ མི་འགྱུར་མི་ཤིགས་རྟག་པ་ཡི༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཅེས་བསྐུལ་ལ་རོལ་མོ་འཁྲོལ། མཐར་ནི་ཚེ་ཡིས་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་བསམ༔ ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་རྒྱས་གདབ་བྱའོ། །སྒྲུབ་མཆོད་སོགས་ཀྱི་སྐབས་སུ་འདིར་བཤགས་སྐོང་གྲུབ་ན་ལེགས་པས་སྒྲུབ་ཐབས་སྐོར་ལྔའི་ཕག་མོ་དང་ཕྲིན་ལས་ལས་འབྱུང་བ་ལྟར་སྦྱར་རོ། །རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས། དང་པོ་ལའང་གཉིས། ཚོགས་དང་གཏོར་མས་མཆོད་པའོ། །དང་པོ་ནི། ཤ་ཆང་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་རྣམས་འདུ་བྱས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱངས། རྡོ་རྗེ་ལྟ་བུའི་ཏིང་འཛིན་རྩལ༔ མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ རང་བྱུང་བྷན་དྷར་དམ་རྫས་བཅུད༔ མཁའ་ཁྱབ་འདོད་ཡོན་རོལ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ འོག་མིན་གནས་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་རོལ་པའི་ཞིང་ཀུན་ནས༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས༔ ཤྲཱི་ཧེ་རུ་ཀ་སརྦ་མཎྜལ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ། ཨོཾ་པཱ་ན་པེ༔ པེ་ནུ་སུ་ར་ཏཱ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷིི་ཧུ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱཻ་ཧཱུྃ༔ མཱ་ལེ་ཏྲཱཾ༔ གཱིརྟི་ཧྲཱི༔ ནཱིརྟི་ཨཱ༔ ཞེས་པ་རྣམས་ཀྱིས་སྤྱིར་མཆོད། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་དང་པོ་མཆོད་པ་ནི། ཧཱུྃ༔ ཁྲག་འཐུང་དགྱེས་པའི་དམ་ཚིག་མཆོག༔ ཡེ་ཤེས་བདུད་རྩིའི་ཚོགས་ཀྱི་བཅུད༔ འདོད་ཡོན་རྒྱ་མཚོའི་ཆར་འབེབ་པ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོ༔ བར་པ་བཤགས་པ་ནི། ཧོ༔ བདག་ཅག་མ་རིག་གཞན་དབང་གིས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཞེས་དང་ཧེ་རུ་ཀ་པའི་ཡིག་བརྒྱ་བརྗོད། ཐ་མ་ལ་རྟེན་བྱས་ཏེ་དགྲ་བགེགས་བསྒྲལ་བ་ལ་ཧོམ་བསྐྱེད་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནི༔ ཐར་མེད་སྲིད་པའི་བྲུབ་ཁུང་ནང༔ ནྲྀ་དང་ཏྲི་ལས་དགྲ་བགེགས་ཀུན༔ སྐྱབས་བྲལ་ཉམ་ཐག་ཚུལ་དུ་བསམ༔ འདིར་བདེན་སྟོབས་ཀྱིས་འགུགས་པ་རྙིང་མ་བཀའ་མའི་ལུགས་ལྟར་སྦྱར་ཡང་ཆོག ཕྱག་རྒྱ་བཞིས་བཀུག་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་ལྷ༔ བདེ་གཤེགས་ཞི་ཁྲོ་འབར་བའི་ཚོགས༔ དྲག་པོའི་ཕྲིན་ལས་དུས་ལ་བབས༔ མངོན་སྤྱོད་དམོད་པའི་ལས་ལ་བཞེངས༔ འགུགས་བྱེད་ཆེན་མོ་ལྕགས་ཀྱུ་མས༔ དགྲ་བགེགས་རྣམ་ཤེས་གཟུགས་ལ་སྟིམས༔ འཆིང་བྱེད་ཆེན་མོ་ཞགས་པ་མས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་ཆིངས༔ སྡོམ་བྱེད་ཆེན་མོ་ལྕགས་སྒྲོག་མས༔ དགྲ་བགེགས་ལུས་སེམས་དབྱེར་མེད་སྡོམས༔ མྱོས་བྱེད་ཆེན་མོ་དྲིལ་བུ་མས༔ དགྲ་བགེགས་དབང་པོ་མྱོས་སུ་ཆུགས༔ སརྦ་ནྲྀ་ཏྲི་ཤ་ཏྲུན་བིགྷྣཱན་བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཕུར་པ་གདབ་ཅིང་སྒྲོལ་གྲིས་གཏུབས་ལ། ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ ཁམས་གསུམ་སྒྲོལ་བའི་མཐུ་ལྡན་པ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་བཏབ༔ ཚེ་བསོད་དྭངས་བཅུད་རང་ལ་ཐིམ༔ གནས་ངན་དྲི་མ་ཁྲུས་ཀྱིས་སྦྱངས༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྱེད༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློགས༔ དྲག་སྔགས་མཐར། སརྦ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་ཨ་ཡུར་བིནྡྷུ་ཛཿབྷྲཱུྃ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་བི་ཤྭ་དྷ་ཡ་ཧཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ༔ སརྦ་དུཥྚཱན་བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་ཕཊ༔ བསྒྲལ་པའི་ཤ་ཁྲག་བདུད་རྩིར་སྦྱར་ལ་བསྟབ་པ་ནི། ཧཱུྃ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ དུག་གསུམ་ཚོགས་མཆོད་བླ་ན་མེད༔ དཔལ་ཆེན་འཁོར་བཅས་དགྱེས་པར་བཞེས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འདིར་རྒྱལ་བ་སྤྱི་སྐོང་དང་བཀའ་བརྒྱད་མདངས་སྐོང་ལྟ་བུ་གང་འགྲུབ་སྦྱར་ན་ལེགས། དེ་ནས་བརྡའི་འབུལ་ལེན་བཅས་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། ལྷག་མ་གཏང་བ་ནི། ཧཱུྃ༔ ཕུད་ཀྱིས་ལྷ་ཚོགས་དགྱེས་པ་བསྐང༔ བར་དུ་རྣལ་འབྱོར་ཚོགས་ལ་རོལ༔ ཐ་མ་ལྷག་ལ་དབང་བའི་ཚོགས༔ འདིར་གཤེགས་དཔལ་གྱི་ཕམ་ཕབ་བཞེས༔ ཞེས་དམ་བརྡར་ནས་སྙན་གསན་ཕབ། ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་བརླབས། མ་མཱ་ཌཱ་ཀ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་མགྲོན་བཀུག །ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ནི༔ དབང་ཕྱུག་གིང་ལང་མ་སྲིང་བྲན༔ ཕོ་ཉ་འབུམ་ཕྲག་ཡངས་པའི་ཚོགས༔ ཁྲག་འཐུང་ཆེན་པོའི་བཀའ་ཕབ་རོལ༔ རྡོ་རྗེའི་ཡལ་གམ་བཅས་པ་ལྟར༔ རྣལ་འབྱོར་འཁོར་སྲུངས་རྐྱེན་རྣམས་ཟློག༔ ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ༔ བཅོལ་པའི་ལས་ཀུན་མྱུར་དུ་སྒྲུབས། ཨོཾ་ཨུཤྩི་ཊ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཉིས་པ་གཏོར་མ་བསྐྱང་བ་ལ། དཀྱིལ་འཁོར་པའི་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ དཔལ་ཆེན་ཚོམ་བུ་དགུ་ཡི་ལྷ༔ ཆོས་སྐུ་ཞི་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཕྱག་རྒྱར་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ མི་མཐུན་རྡོ་རྗེའི་གོ་ཆས་སྲུངས༔ ཚེ་དཔལ་ཡེ་ཤེས་བྱིན་གྱིས་སྐྱེད༔ འགལ་རྐྱེན་དམོད་པའི་སྟོབས་ཀྱིས་ཟློག༔ གདུག་ཅིང་གཏུམ་པ་དབྱིངས་སུ་སྒྲོལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྲུང་མ་ལ་ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་བདེ་གཤེགས་ཞིི་ཁྲོ་རབ་འབྱམས་དང༔ བར་དུ་གྲུབ་མཆོག་རིག་འཛིན་འདུས་པའི་སྡེ༔ ཐ་མར་རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར། ཕོ་མོ་མ་ནིང་སྣང་སྲིད་དྲེགས་པའི་ཚོགས༔ ཐ་ཚིག་རྒྱུད་བསྐུལ་ཤ་ཁྲག་གཏོར་མ་ལོངས༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བཤལ་ཆུ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་པས་བརྟན་མ་མཆོད་པ་ནི། ཧཱུྃ་བྷྱོ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུའི༔ བཀའ་ཡི་ཚོགས་དང་དམ་ཚིག་བདག༔ བོད་སྐྱོང་བརྟན་མ་འཁོར་བཅས་རྣམས༔ འདིར་གཤེགས་དམ་བསྐང་ཕྲིན་ལས་མཛོད༔ གནག་ཅིང་གདུག་པའི་བདུད་མོ་བཞི༔ དམར་གསལ་རྗེས་ཆགས་གནོད་སྦྱིན་བཞི༔ དཀར་ཤམ་ཞི་བའི་སྨན་མོ་བཞི༔ སྐྱོང་མ་ཡ་མའི་ཚོགས་བཅས་རྣམས༔ སྔོན་ཚེ་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཚོགས་ཀྱི་གྲལ་དུ་བཀོད་པའི་ཚེ༔ ཐ་ཚིག་ཞལ་བཞེས་རྗེས་དགོངས་ལ༔ བཤལ་ཆུའི་བདུད་རྩི་དགྱེས་པར་རོལ༔ བོད་ཁམས་རུ་བཞིའི་སོ་ཁ་སྲུངས༔ མཐའ་དམག་གདུག་ཅན་རྒྱུ་འགྲུལ་ཆོད༔ སངས་རྒྱས་བསྟན་པ་དར་བ་དང༔ གངས་ཅན་བདེ་བའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་བཀུག་ལ་བྲོས་རྒྱས་གདབ་པ་ནི། ཧཱུྃ༔ ཁམས་གསུམ་ཨེ་ཡི་བྲུབ་ཁུང་དུ༔ གདུག་པའི་དགྲ་བགེགས་བཀུག་ཅིང་བསྟིམས༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་མནན༔ ཡེ་ཤེས་གར་གྱི་རྒྱས་བཏབ་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཀུན༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨེ་ནྲྀ་ཏྲི་ལཾ་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་གཞོང་ཡར་གཟེད་ལ་འབྲུ་འཐོར་རྟེན་སྙིང་བརྗོད། གཉིས་པ་དངོས་གྲུབ་བླང་བའི་སྔོན་དུ་གཏོང་རག་གི་མཆོད་པ་ནི། ཉེར་སྤྱོད་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་མཆོད། ཡང་དག་འཇམ་དཔལ་གཤིན་རྗེ་སོགས་སམ། གོང་གི་ཤློ་ཀ་གསུམ་གྱིས་བསྟོད། སྒྲུབ་པའི་རྟེན་ཡོད་ན་གནས་གསུམ་དུ་རེག །དཀྱུས་ལ་བདུད་རྩིའི་ཐིག་ལེ་བཀོད་ལ། ཨོཾ་ཨཱཿཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་གཏེར༔ བསྙེན་སྒྲུབ་རྡོ་རྗེའི་དམ་ཚིག་ཐེམས་ལགས་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་དབང་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་དངོས་གྲུབ་ཀྱི་རྫས་ཡོད་ན་རོལ། གསུམ་པ་ནོངས་པ་བཟོད་པར་གསོལ་བ་ནི། ཧོ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ སྒྲུབ་རྫས་མ་ཚང་ཏིང་འཛིན་གཡེལ༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཀུན༔ བཟོད་བཞེས་ཚངས་པའི་དངོས་གྲུབ་སྩོལ༔ ཞེས་དང་ཡིག་བརྒྱ་ལན་གསུམ་བརྗོད། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས། བཞི་པ་དཀྱིལ་འཁོར་བསྡུ་བ་ནི། ཨ༔ རིག་རྩལ་རོལ་པའི་དཀྱིལ་འཁོར་དང༔ དག་པའི་སྣོད་བཅུད་དབྱིངས་སུ་ཐིམ༔ དམིགས་བསམ་བརྗོད་པ་བྲལ་བའི་ངང༔ མཁའ་ཁྱབ་འོད་གསལ་ངང་དུ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་རྟག་མཐའ་བསལ། ལྔ་པ་ཐུན་མཚམས་ཀྱི་ལྷར་ལྡང་བ་ནི། སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྒོ་གསུམ་དཔལ་ཆེན་སྐུ་གསུང་ཐུགས༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ དྲུག་པ་བསྔོ་སྨོན་གྱིས་རྒྱས་འདེབས་པ་ནི། ཧོ༔ དགེ་བ་འདི་དང་དགེ་བ་གཞན༔ མ་ལུས་འགྲོ་བའི་དོན་དུ་བསྔོ༔ ཀུན་ཀྱང་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔ ཅེས་དང་སྨོན་ལམ་བླ་མ་ཡི་དམ་སོགས་ཀྱིས་མཚོན་ཐེག་པ་ཆེན་པོའི་བསྔོ་སྨོན་ཇི་ལྟར་འོས་པ་བྱ། བདུན་པ་བཀྲ་ཤིས་བརྗོད་པ་ནི། མི་གནས་ཡེ་ཤེས་ཀུན་བཟང་ཧེ་རུ་ཀ༔ གང་འདུལ་རིགས་ཀྱི་ཚོམ་བུའི་སྐུར་སྟོན་པ༔ ཞི་ཁྲོ་རབ་འབྱམས་བདེན་པའི་བྱིན་རླབས་ཀྱིས༔ རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་དང་། གཞན་ཡང་ཤིས་པའི་ཚིག་ཕྲེང་ཅི་རིགས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་སྙན་ལ་རིང་བ་བསྒྲག་གོ །ཕྲིན་ལས་འདི་ཉིད་དབང་བསྐུར། སྒྲུབ་མཆོད། སྒྲུབ་ཆེན། གཏོར་བཟློག་སོགས་སྤྱི་ལ་གལ་ཆེ་བས་གཏེར་གཞུང་གོང་འོག་གི་གོ་རིམ་དཀྱུས་སུ་བསྡེབས་ནས་བཀླག་ཆོག་ཏུ་བཀོད་པའོ། །ཚོགས་བརྒྱད་ཁྱབ་བྱེད་དང་བཅས་པ། །ཡེ་ཤེས་ཀློང་དགུའི་དབྱིངས་སུ་དག །ཡོན་ཏན་རྩལ་རྫོགས་ཐིག་ལེ་སྐུར། །སྨིན་ནས་རྟག་ཁྱབ་དོན་སྒྲུབ་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེས་བཀའ་ཡིས་རྗེས་སུ་གནང་བ་དང་རང་གཞན་ལ་ཉེ་བར་མཁོ་བའི་ཕན་བདེའི་བཙས་སུ་དམིགས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཡི་དམ་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་རྡོ་རྗེའི་ལམ་ཡོངས་སུ་རྫོགས་པའི་སྨོན་ལམ་མི་ཤིགས་རྡོ་རྗེའི་དབྱངས་སྙན (Volume 16, Text 14)

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཡི་དམ་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་རྡོ་རྗེའི་ལམ་ཡོངས་སུ་རྫོགས་པའི་སྨོན་ལམ་མི་ཤིགས་རྡོ་རྗེའི་དབྱངས་སྙན་ཞེས་བྱ་བ་བཞུགས།། ན་མོ་གུ་རུ་ཤྲཱི་ཝེ། དངོས་ཀུན་བདེ་ཆེན་སྡོམ་པའི་ཧེ་རུ་ཀ །རབ་འབྱམས་རིགས་བརྒྱའི་ཁྱབ་བདག་འཁོར་ལོས་སྒྱུར། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་མཛོད། །བདག་དང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་སྙེད། །གསང་ཆེན་རྡོ་རྗེའི་རིགས་སུ་ཡོངས་སད་ནས། །སྐལ་བཟང་བླ་མེད་རིན་ཆེན་ལྟ་བུའི་རིགས། །གྱུར་ནས་རྡོ་རྗེའི་ལམ་ལ་འཇུག་པར་ཤོག །རང་བཞིན་བརྒྱད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །ཕྱི་ནང་གསང་བ་དེ་ཉིད་དཀྱིལ་འཁོར་བཞིར། །ཕན་དབང་རིགས་ལྔ་ནུས་པའི་དབང་བཅོ་ལྔ། །ཟབ་དབང་གསུམ་གྱིས་རྒྱུད་དག་ནུས་ཐོབ་ཤོག །དལ་རྟེན་གྲུ་གཟིངས་བཤེས་གཉེན་ནོར་བུའི་བརྗིད། །མི་རྟག་རྒྱུད་བསྐུལ་དགེ་སྡིག་སྤང་བླང་བརྩོན། །སྲིད་ལས་ངེས་འབྱུང་རླུང་གིས་རབ་བསྐུལ་བས། །འཁོར་བའི་རྒྱ་མཚོའི་ཕ་མཐར་བརྒལ་གྱུར་ཅིག །ཞི་བའི་འཇུག་སྒོ་སྐྱབས་འགྲོའི་རྩ་བ་བརྟན། །གཞན་ཕན་སེམས་ཀྱི་མེ་ཏོག་བཞད་པས་མཛེས། །གསག་སྦྱང་འདབ་བརྒྱས་སྒྲིབ་པའི་སྦུབས་བརྟོལ་ནས། །བྱིན་རླབས་མཆོག་གིས་སྔོན་འགྲོ་མཐར་ཕྱིན་ཤོག །ཕྱི་དཀྱིལ་བརྡ་དོན་རྟགས་ཀྱི་ཕྱག་རྒྱའི་གར། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྐུ །ཧེ་རུ་ཀ་དཔལ་འབར་བའི་འཁོར་ལོ་དགུའི། །གསལ་བརྟན་དག་པའི་ཏིང་འཛིན་གྱད་གྱུར་ཤོག །གཞོམ་མེད་གསང་སྔགས་བསྙེན་སྒྲུབ་ལས་ཀྱི་ཚུལ། །བཀོད་དང་ཁྱོགས་བཟླས་འཕྲོ་འདུ་རབ་འབྱམས་ཀྱིས། །དོན་གཉིས་ལྷུན་གྲུབ་སྲོག་སྡོམ་གཟེར་བཞི་གདབ། །གསུང་གི་རྡོ་རྗེའི་གསང་བ་མངོན་གྱུར་ཤོག །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། །སྒྲུབ་སྡེ་བརྒྱད་རྫོགས་གཉུག་མའི་ལྷན་ཅིག་སྐྱེས། །ཧེ་རུ་ཀ་དཔལ་ཕྱག་རྒྱ་གཅིག་པ་ཡིས། །ཐུན་མིན་སྔོན་འགྲོའི་ལུས་དབེན་མངོན་གྱུར་ཤོག །རྡོ་རྗེའི་བཟླས་པས་བུམ་པ་ཅན་འབྱོངས་ཤིང་། །དྲོད་དང་བདེ་བའི་རྣལ་འབྱོར་ཟབ་མོ་ཡིས། །སྣང་སྟོང་ལྷན་སྐྱེས་ཡེ་ཤེས་རྩལ་བསྐྱེད་པའི། །སྔགས་ཀྱི་རྣལ་འབྱོར་མཐའ་རུ་སོན་པར་ཤོག །ཆོས་ཀྱི་འཁོར་ལོ་དྷཱུ་ཏིའི་སྲོག་གི་དབྱིག །རྣལ་འབྱོར་ཟབ་མོས་སྣང་མཆེད་ཐོབ་པ་ཡི། །ཉམས་ཀྱིས་མི་རྟོག་བདེ་སྟོང་ཏིང་འཛིན་མཐུས། །སེམས་དབེན་བྱེད་པས་ཡེ་ཤེས་སད་ནུས་ཤོག །ཉིན་མཚན་དག་དང་མ་དག་སྣང་ཆའི་དངོས། །རིགས་ཀུན་བདག་པོའི་ཡེ་ཤེས་སྒྱུ་མའི་གར། །ཡོངས་ཤར་འཁྲུལ་སྣང་རྨི་ལམ་ལྷ་སྐུ་རུ། །སད་པའི་སྒྱུ་ལུས་མཐར་ཕྱིན་སྐུ་ཐོབ་ཤོག །ཉམས་ཀྱི་རྣལ་འབྱོར་མཐུ་ལས་རྟོགས་པ་ཡི། །འོད་གསལ་སྣང་བས་ཁ་སྦྱོར་གཏི་མུག་སྦྱངས། །བོགས་འབྱིན་དངོས་ཡིད་ཕྱག་རྒྱའི་རེག་པ་ལས། །འོད་གསལ་ཐུགས་ཀྱི་གསང་བར་ལོངས་སྤྱོད་ཤོག །ཡེ་གྲོལ་ཅོག་གཞག་ཀ་དག་ལྟ་བ་རྟོགས། །སྒོམ་པ་ཟང་ཐལ་ཆོས་ཉིད་དྲན་པས་བསྐྱང་། །བཟོ་མེད་ལྷུག་པའི་སྤྱོད་པས་མི་སློབ་པའི། །ཟུང་འཇུག་ཡེ་ཤེས་ཧེ་རུ་ཀ་འགྲུབ་ཤོག །བསྐྱེད་བཟླས་ནུས་པས་གདུལ་དཀའ་ཚར་གཅོད་ཕྱིར། །སྲུང་བཟློག་བསད་མནན་ལས་སྦྱོར་ནུས་སྟོབས་རྣོ། །མྱོང་གྲོལ་བདུད་རྩི་སྨིན་ལམ་ཚེ་སྒྲུབ་པས། །སྐལ་བཟང་རྗེས་འཛིན་དོན་གཉིས་ལྷུན་རྫོགས་ཤོག །རྟེན་འདིར་ལམ་མཐར་མ་སོན་བར་མ་དོར། །འཆི་བ་འོད་གསལ་བར་དོར་ལོངས་སྤྱོད་རྫོགས། །དམིགས་བཅས་སྤྲུལ་སྐུའི་ཞིང་དུ་འཕོ་ལ་སོགས། །ལམ་གྱི་ཡན་ལག་མཐའ་དག་སྤྱོད་ནུས་ཤོག །རང་རིག་གཞི་ཡི་གནས་ལུགས་སྙིང་པོའི་ཁམས། །བསྐྱེད་རྫོགས་ཐབས་གྲོལ་ལམ་གྱིས་ལེགས་སྦྱངས་མཐུས། །གསང་བའི་དགྲ་གསུམ་ཆོས་ཉིད་ཀློང་དུ་བསྒྲལ། །འཇིགས་པའི་བདུད་བཞི་ཡེ་ཤེས་སྟོབས་ཀྱིས་བཅོམ། །བར་ཆད་འཕྲང་གསུམ་མིང་མེད་མཐར་བྱས་ཏེ། །རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་བགྲོད་ནས། །ཟུང་འཇུག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །མཐར་ཕྱིན་འབྲས་བུའི་ས་ལ་དབང་བསྒྱུར་པའི། །སྲིད་ཞི་མཉམ་ཉིད་སྤྱི་དཔལ་ཆེ་མཆོག་སྐུ །མཁའ་ཁྱབ་འགྲོ་སྒྲོལ་ཀུན་ཁྱབ་ཐུགས་རྗེའི་གསུང་། །ཟུང་འཇུག་མཁྱེན་བརྩེའི་ཐུགས་ལྡན་ཧེ་རུ་ཀའི། །རྡོ་རྗེའི་གསང་བ་ཆེན་པོ་མྱུར་ཐོབ་ཤོག །རྒྱལ་ཀུན་འདུས་ཞལ་པདྨའི་ཞབས་ལ་སོགས། །རིག་འཛིན་ཌཱ་ཀིའི་ཐུགས་ཀྱི་ཏི་ལ་ཀ །སྔ་འགྱུར་རྒྱུད་ལུང་མན་ངག་རྒྱ་མཚོའི་དབུས། །ཆེས་ཆེར་རབ་འཕགས་ཟབ་གསང་སྒྲུབ་སྡེ་བརྒྱད། །སྨིན་ལམ་དབང་གི་ཆུ་རྒྱུན་མི་ནུབ་འཁྱིལ། །རྒྱུད་ལུང་བཤད་སྒྲུབ་རླབས་ཕྲེང་བྱེ་བས་མཛེས། །དངོས་གྲུབ་ཀླུ་དབང་ནོར་བུའི་བང་མཛོད་ལ། །སྤྱོད་པའི་མཁས་གྲུབ་བྱེ་བས་ས་འདི་ཁེངས། །ཐེག་མཆོག་ཆོས་ཀྱི་རྒྱལ་ཁབ་སྲུང་ནུས་པའི། །ཟབ་གསང་སྒྲུབ་པའི་རྒྱལ་མཚན་མི་ནུབ་བརྟན། །ཕན་བདེའི་འདོད་པ་ཡིད་བཞིན་འཇོ་བ་ཡི། །ཀུན་ཀྱང་སྐལ་བཟང་རྡོ་རྗེའི་རིགས་ཅན་དུ། །གྱུར་ཏེ་སྔོན་ཚེ་ཟ་ཧོ་ར་ཡི་ཡུལ། །གངས་ཅན་བསམ་ཡས་བྲག་དམར་ཀེའུ་ཚང་བཞིན། །འབྲེལ་ཚད་འཕུར་འགྲོའི་གྲོང་ན་དགའ་མགུ་རུ། །བརྩེན་པའི་ངོ་མཚར་ཉིན་བྱེད་འཆར་གྱུར་ཅིག །ཆོས་ཉིད་བསམ་མི་ཁྱབ་པའི་བདེན་པ་དང་། །ཨོ་རྒྱན་རྗེ་འབངས་འདུས་པའི་ཐུགས་བསྐྱེད་མཐུས། །ལྷག་བསམ་དག་པས་ཇི་ལྟར་སྨོན་པ་བཞིན། །འགྲུབ་པས་བསྟན་འགྲོའི་དགེ་མཚན་དར་རྒྱས་ཤིང་། །ཕྱི་སྣོད་རྣམ་དག་དྷཱུ་མ་ཐ་ལའི་ཞིང་། །ནང་བཅུད་རྡོ་རྗེའི་དཔའ་བོ་ཌཱ་ཀིའི་དལ། །དངོས་གྲུབ་མཆོག་གི་གཟི་བྱིན་དཔལ་འབར་བའི། །བཀྲ་ཤིས་དགེ་མཚན་སྣང་བས་རྟག་ཁྱབ་ཤོག །ཅེས་པའང་གསང་ཆེན་སྔ་འགྱུར་ཆོས་ཀྱི་རྒྱལ་ཐབས་སྐྱོང་མཛད་འཇིག་བྲལ་སྨྲ་བའི་སཻངྒ་མི་ཕམ་འཇམ་དཔལ་རྡོ་རྗེའི་མཆོག་སྤྲུལ་རིན་པོ་ཆེའི་བཀའི་གླིང་བུའི་བསྐུལ་བ་བཞིན་ཟབ་གསང་རྡོ་རྗེའི་ཐེག་པར་མོས་པས་སྤྱོད་པའི་རིག་འཛིན་གྱི་གཟུགས་བརྙན་མདོ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་བཀའ་བརྒྱུད་གྲུབ་པའི་ཆུ་འགོ་འོག་མིན་མཚུར་ཕུའི་གནྡྷོ་ལ་ནས་བྲིས་ཏེ་ཕུལ་བས་བཀའ་གཏེར་ཤིང་རྟའི་ལམ་སྲོལ་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་མི་ནུབ་བརྟན་པའི་རྒྱུར་གྱུར་ཅིག །སརྦམངྒ་ལཾ།། །།

གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་དཔལ་སྟེར་ (Volume 16, Text 15)

༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། ཁྲག་འཐུང་བདེ་གཤེགས་འདུས་པའི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་དཔལ་སྟེར་བཞུགས་སོ། ། ན་མོ་ཤྲཱི་གུ་རུ་ཧེ་རུ་ཀ་མཎྜ་ལ་བྷྱ༔ གསང་སྔགས་མ་ཧཱ་ཡོ་གའི་དཀྱིལ་འཁོར་རབ་འབྱམས་ཀྱི་ཁྱབ་བདག་སྒྲུབ་སྡེ་ཀུན་འདུས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཆིག་དྲིལ་བཀའ་གཏེར་སྨིན་གྲོལ་བྱིན་རླབས་ཀྱི་རྒྱུན་ཀུན་འདུས། རྗེ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ཁྲག་འཐུང་བདེ་གཤེགས་ཀུན་འདུས་ཀྱི་ཕན་ནུས་ཟབ་མོའི་དབང་གིས་སྨིན་ཅིང་དམ་ཚིག་དག་པས་བསྙེན་སྒྲུབ་རྒྱས་པ་སྔོན་དུ་སོང་ཟིན་གྱིས་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་ཚུལ་ཉམས་སུ་ལེན་པ་ལ་གསུམ་ལས། དང་པོ་སྦྱོར་བ་ཚོགས་གསག་པ་ནི། ཚོགས་ཀྱི་ཞིང་རབ་འབྱམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྒོ་གསུམ་འཇུག་པ་གཅིག་པས་གསག་སྦྱང་ལ་འཇུག་པར་བསམ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རངས༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་དགེ་བ་རྣམས༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ་བྱ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། །གཉིས་པ་དངོས་གཞི་ལ། བསྐྱེད་བཟླས་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ལྷ་བསྐྱེད་ནི། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད༔ ཀུན་སྣང་སྙིང་རྗེའི་རོལ་པ་ལས༔ ཐམས་ཅད་བསྐྱེད་བྱེད་རྒྱུ་ཡི་ཧཱུྃ༔ མཐིང་ནག་མཁའ་ལ་འཇའ་ལྟར་ཤར༔ ཆོ་འཕྲུལ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང༔ རི་རབ་རྡོ་རྗེའི་བྲག་ཆེན་པོ༔ སྲུང་འཁོར་འཇིགས་པའི་དུར་ཁྲོད་དང༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ དྲག་པོའི་གཞལ་ཡས་མཚན་རྫོགས་དབུས༔ པདྨ་ཟླ་ཉི་བྱོལ་སོང་གཙོ༔ དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང༔ རྒྱུ་ཡི་ཧཱུྃ་བབས་ཡོངས་སུ་གྱུར༔ རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔ འོད་ཟེར་འཕྲོ་འདུས་སྦྱོར་བ་ཡིས༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་ཐིམ༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་དམར་བའི་མདངས་འོད་འཚེར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བསྒྲད༔ སྤྱན་གསུམ་སྡང་མིག་སྨར་སྨིན་འབར༔ གཡས་པ་རྡོ་རྗེ་གཡོན་བྷནྡྷ༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ སྦྱོར་ཡུམ་གནམ་ཞལ་དབྱིངས་ཕྱུག་མ༔ སྔོ་སྐྱ་རྩེ་གསུམ་ཐོད་འཛིན་འཁྲིལ༔ དར་དང་རུས་རྒྱན་གཟིག་ཤམ་འཕྱང༔ གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ ཨེ་ཝཾ་མཉམ་སྦྱོར་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་འཕྲོས༔ བདེ་གཤེགས་སྲས་དང་བཙུན་མོར་བཅས༔ སྤྱན་དྲངས་ཞལ་ཞུགས་ཐུགས་ཀར་ཞུ༔ ཡུམ་གྱི་པད་མོར་སོན་པ་ལས༔ ཧཱུྃ་ཆེན་འབར་བའི་སྤྲིན་ཕུང་འཕྲོས༔ ཚོམ་བུའི་དཀྱིལ་འཁོར་གསལ་བར་བསྐྱེད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང༔ ནང་གི་རྩ་རླུང་ཐིག་ལེའི་ཁམས༔ སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ རྡོ་རྗེ་དྲིལ་འཛིན་ཞི་ཆགས་ཁྲོ༔ སྤྱི་བོར་འཇམ་དཔལ་གཤིན་རྗེ་མཐིང་། །འཁོར་ལོ་བསྐོར་ཞིང་སྡིགས་མཛུབ་བསྒྲེང༔ མགྲིན་པར་རྟ་མཆོག་ཧེ་རུ་ཀ །དམར་སྨུག་པདྨ་དྲིལ་བུ་འཛིན༔ ཐུགས་ཀར་ཡང་དག་ཁྲག་འཐུང་ཆེ། །མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ལྟེ་བར་སྤྱི་དཔལ་ཆེ་བའི་མཆོག །མཐིང་ནག་རྡོ་རྗེ་ཐོད་ཁྲག་འཛིན། །གསང་བར་རྡོ་རྗེ་གཞོན་ནུ་མཐིང་། །ཕྱག་གཉིས་སྲིད་པ་ཕུར་བུ་འདྲིལ༔ ནོར་བུར་བླ་མེད་མངོན་རྫོགས་རྒྱལ། །མཐིང་ནག་རྡོ་རྗེ་ཐུན་ཁྲག་འཕེན༔ བརླ་གཡས་དྲེགས་པ་ཀུན་འདུལ་ཆེ། །མཐིང་ནག་རྡོ་རྗེ་དུང་ཁྲག་གསོལ༔ བརླ་གཡོན་སྟོབས་ལྡན་ནག་པོ་ནི། །རྡོ་རྗེ་གསོར་ཞིང་ཙིཏྟ་གསོལ༔ རང་རང་ཡུམ་དང་གཉིས་མེད་འཁྲིལ། །ཚོམ་བུ་དགུ་ཡི་དཀྱིལ་འཁོར་ནི། །ཉི་ལས་འོད་ཟེར་བཞིན་དུ་ཤར། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ བདེ་གཤེགས་རིགས་ལྔས་དབུ་རྒྱན་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ ཞེས་གདོད་མའི་རང་གནས་ཀྱི་ལྷ་དཔལ་ཆེན་པོ་དེ་ཉིད་ལམ་དུ་བསླངས་ནས་མངོན་དུ་བྱ་བའི་ཕྱིར། བསྐྱེད་པའི་རིམ་པ་ཚུལ་བཞིན་ལྡན་པས་བརྡ་དོན་རྟགས་གསུམ་དང་ལྡན་པའི་ལྷའི་ཕྱག་རྒྱ་གསལ་གདབ་ཅིང་ཡིད་གཞན་དུ་མ་ཡེངས་པར་ཏིང་འཛིན་རྩེ་གཅིག་པས་དམིགས་པའི་གཟེར་ཆེན་གདབ། དེ་ལྟ་བུའི་སྒོམ་པས་ལྷར་སྣང་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་དང་ལྡན་པས་རིམ་པ་དང་ཡན་ལག་རྫོགས་ཏེ་སྐུ་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་སྒྲུབ་པ་ལ་བསླབ་བོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ། བསྙེན་སྒྲུབ་གཉིས་ལས། དང་པོ་ཞི་བར་བསྙེན་པ་ནི། ཧཱུྃ༔ དབུ་རྒྱན་ཀུན་བཟང་རིགས་ལྔའི་འཁོར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཅིར་ཡང་འཆར་བའི་གཙོ་རྣམས་ཀྱི༔ ཐུགས་ཀར་པད་ཟླར་ཧཱུྃ་ཡིག་མཐར༔ སྔགས་ཕྲེང་འཁོར་ལས་བར་མེད་བྱུང༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ བདེ་གཤེགས་ཞི་ཁྲོའི་གསང་གསུམ་བྱིན༔ བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔ སླར་ཡང་སྣོད་བཅུད་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་བཟླས། གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ༔ དཔལ་ཆེན་གཙོ་དགུའི་ཐུགས་ཀ་རུ༔ པད་ཉིར་རྡོ་རྗེ་རྩེ་ལྔའི་སྦུབས༔ མི་འགྱུར་ཐུགས་སྲོག་ཧཱུྃ་གི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འབར་བའི་ཡི་གེའི་ཕྲེང་བ་བྱུང༔ ཡབ་ཡུམ་ཞལ་དང་ཞལ་ནས་བརྒྱུད༔ གསང་བའི་པད་མོར་བར་མེད་འཁོར༔ བདེ་ཆེན་གཟི་བྱིན་རབ་འབར་བའི༔ འོད་ཀྱིས་འཁོར་འདས་ཁམས་ཀུན་ཁྱབ༔ བདེ་གཤེགས་ཞི་ཁྲོ་མཆོད་པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ ཚུར་འདུས་བདག་དང་གཉིས་མེད་ཐིམ༔ ཁྲག་འཐུང་རབ་འབྱམས་བྱིན་ནུས་རྫོགས༔ སླར་འཕྲོས་ཐ་མལ་སྣང་ཞེན་སྦྱངས༔ ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རྫོགས༔ དཔལ་གྱི་སྐུ་གསུང་ཐུགས་སུ་སྨིན༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བཟླ། དེ་དག་ལ་བཀོད་པ་དང་ཁྱོགས་སམ་དོ་ལིའི་བཟླས་པ་དང་། སྤྲོ་བསྡུའི་དམིགས་པས་ཏིང་ངེ་འཛིན་གྱི་གཟེར་གདབ་པས་གསུང་རྡོ་རྗེ་རྣམ་པ་ལྔའི་དངོས་གྲུབ་འགྲུབ་བོ། གསུམ་པ་རྗེས་ཀྱི་ལས་རིམ་ནི། བཟླས་པའི་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་བཟླ། ཨ༔ རིག་རྩལ་རོལ་པའི་དཀྱིལ་འཁོར་དང༔ དག་པའི་སྣོད་བཅུད་དབྱིངས་སུ་ཐིམ༔ དམིགས་བསམ་བརྗོད་པ་བྲལ་བའི་ངང༔ མཁའ་ཁྱབ་འོད་གསལ་ངང་དུ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྒོ་གསུམ་དཔལ་ཆེན་སྐུ་གསུང་ཐུགས༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ སྣང་སྲིད་གཞིར་བཞེངས་ཆེན་པོར་སྤྱོད༔ ཕཊ་ཕཊ་ཕཊ༔ ཅེས་ལྷ་སྐུ་སྟོང་པའི་དབྱིངས་སུ་བསྡུ་ཞིང་སྣང་བའི་ངང་དུ་ལྡངས་པས་རྣམ་པ་ལྷ་སྐུ་ངོ་བོ་རྟོག་མེད་འོད་གསལ་ངང་གིས་ཤར་བ་ཟུང་འཇུག་གི་རིམ་པས་ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པར་བྱའོ། །བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ དགེ་བ་འདི་དང་དགེ་